སྙན་ངག་བྲི་རྒྱུ་ལ་ངོ་ཚ་བ་ནི་ནོར་འཁྲུལ་རེད།
ཁྱུང་བསོད་བློ།
༧ སྙན་ངག་ཟེར་བ་དེ་མི་སོ་སོའི་འཚོ་བའི་ཁྲོད་ཀྱི་ཚོར་བའི་སྒྱུ་རྩལ་ཡང་དག་པ་ཞིག་རེད། སྙན་ངག་ཟེར་བ་དེས་སྐབས་འགའ་ལ་རང་གི་ཚོར་བའི་རྟོག་འགྱུ་སྦས་མེད་དུ་མངོན་ཐུབ་པ་རེད་ལ། སྐབས་འགའ་ལ་གཞན་གྱི་བྱ་བ་ཆེ་ཕྲ་ཅི་རིགས་པའི་རྣམ་པ་ཡང་མངོན་གསལ་འདོན་ནུས་ཀྱིན་རེད། ད་དུང་དེ་ཙམ་ག་ལ་ཚད་སྙན་ངག་ནི་བཅུ་ཕྲག་རིག་གནས་ནང་གི་ཡ་གྱལ་ཞིག་རེད། བཅུ་ཕྲག་གི་རིག་གནས་ནི་ཕ་མེས་ཡང་མེས་ཀྱི་སོ་སོ་ལ་བཞག་པའི་བགོ་སྐལ་ཞིག་རེད། རང་གི་བགོ་སྐལ་གྱི་ནོར་བུ་ལ་རང་གིས་བེད་སྤྱོད་བྱེད་ནས་མི་ཉམས་གོང་འཕེལ་དང་ཉམ་པ་བསྐྱར་གསོ་བྱ་རྒྱུ་དེ་ནི་མི་སུ་ཡིན་ཀྱང་ཤེས་དགོས་ངེས་ཤིག་རེད། ཁ་ཅིག་གིས་སྙན་ངག་ཅིག་བྲིས་པའི་དབང་དུ་བཏང་ན་ཚང་མས་བསྟོད་བསྔགས་བྱ་འོས་པ་ཞིག་བྲི་རྒྱུ་ལས་གང་བྱུང་གི་ཚོར་བའི་རླབས་རིས་ཡིག་ཐོག་ཏུ་བཀོད་པ་ཡིན་ན་ངོ་ཚའི་རྣམ་པར་རློམ་མཁན་ཡོད་སྲིད་པ་རེད། ཁ་ཅིག་གིས་རང་གི་མདུན་ལམ་དང་དེ་ཙམ་འབྲེལ་བ་མེད་པའི་སྙན་ངག་བྲི་རྒྱུ་ལ་ངོ་ཚ་བརྩི་མཁན་འདུག དཔེར་ན་བཙུན་ཚོགས་ཀྱི་གང་ཟག་འགས་བརྩེ་དུང་གི་སྙན་ངག་དང་ཟུར་ཟའི་སྙན་ངག་སོགས་བྲི་རྒྱུ་ལ་འཛེམས་མཁན་ཡང་འདུག་ཡིན་ནའང་འཕྲལ་སྙན་ངག་ལ་གོམ་ཁ་དང་པོའི་དུས་སུ་དེའི་རིགས་ཅུང་ཙམ་བྲིས་ན་རྒྱ་ཆེན་འགལ་ཟླ་ཨེ་ཡོད་དམ་སྙམ། གང་ཟག་སུ་ཡིན་རུང་ལས་དང་པོའི་སྙན་ངག་བྲི་དུས་བརྩེ་དུང་གི་སྙན་ངག་དང་ཟུར་ཟའི་སྙན་ངག་རིགས་དེ་ཚོ་བྲི་རྒྱུ་ཅུང་ཙམ་འབེལ་བའི་རྣམ་པ་འདྲ་ཡོད་སྣང་ཤར། གོང་གསལ་སྙན་ངག་བྲི་རྒྱུ་ལ་ངོ་ཚ་རུ་རློམ་མཁན་དེ་ཚོས་བསམ་བློ་གཏོང་སྟངས་ནོར་ཚར་བ་རེད་བསམ་གྱིན་ཡོད། སྤྱིར་སྙན་ངག་ཟེར་བ་དེ་ལ་རབ་འབྲིང་ཐ་གསུམ་ཡོད་ཆོག་རྒྱུ་རེད། ད་ཐེངས་སོ་སོའི་སྙན་ངག་དེ་ཚད་གཞི་ཐ་མ་ཙམ་ལས་མ་ཐོན་ཀྱང་རང་ཉིད་ལ་སྙན་ངག་བཟང་པོ་འབྲི་བའི་ཐབས་ལམ་གྱི་ཆ་རྐྱེན་འགྲོ་གིན་ཡོད་རེད། གང་རེད་ཟེར་ན་སྙན་ངག་བཟང་པོ་ཞིག་འབྲི་བ་ལ་མ་རྩ་ཆེ་ཤོས་དེ་སུམ་རྟགས་དག་གསུམ་དེ་རེད་དེའི་ཕྱོགས་ནས་ཡར་རྒྱས་ཀྱི་གོམ་ཁའི་མཐུན་རྐྱེན་གང་འཚམས་བསྐྲུན་བཞིན་ཡོད་རེད། བྱ་བ་ཆེ་ཆུང་ག་འདྲ་ཞིག་ཡིན་ཀྱང་དང་ཐོག་སོ་སོས་ངེས་པར་དུ་གདེང་འཇོག་དགོས་ངེས་རེད། སོ་སོའི་བྱ་བ་ལ་སོ་སོས་གདེང་འཇོག་མེད་ན་བྱ་བ་དེ་མཐའ་འཁྱོངས་བ་ལ་བར་ཆད་འགྲོ་ཉེན་ཡོད་ས་རེད། དེ་བས་ཕྱིར་ན་སོ་སོས་བྲིས་པའི་རྩོམ་ཐུང་ཤོ་ལོ་ཀ་གཅིག་ཙམ་ཡིན་ཀྱང་སོ་སོའི་གདེང་འཇོག་མི་དམན་པར་བྱ་དགོས་རེད། སོ་སོས་དཀའ་ལས་མང་པོ་ཞིག་རྒྱག་དགོས་རྒྱུ་ཞིག་རེད་མ་གཏོགས་ལས་སླ་པོར་སྙན་ངག་བྲི་རྒྱུ་མེད་པར་ང་ཚོས་ཤེས་གསལ་རེད། དེ་ཡིན་ཙམ་ང་རང་གི་བསམ་ཚུལ་ལ་སྙན་ངག་ལ་བྱང་ཆ་ཚད་གཞི་ལོན་པ་ཞིག་འདོད་ན་རྒྱུན་ལྡན་གྱི་རང་གི་ཚོར་བའི་རྟོག་འགྱུ་བཟང་ངན་ག་འདྲ་ཞིག་ཡོད་ཀྱང་ཚིག་ལྷུ་གོང་འོག་བསྒྲིག་ནས་ཡིག་ཐོག་ལ་ག་ཚད་བཀོད་ཐུབ་པ་ཡིན་ན་སྙན་ངག་གི་ཡར་རྒྱས་ལ་ཕན་ཐོག་ཆེན་པོར་ཡོད་པར་སྙམ་ཡོད། ཁོ་བོས་སྙན་ངག་ཡག་པོ་བྲི་མི་ཤེས་ཀྱང་དུས་རྒྱུན་ཚོར་བའི་དྲན་འགྱུ་ཡིག་ཐོག་ལ་བཀོད་ཟིན་པའི་བརྒྱུད་རིམ་ཁྲོད་དུ་གཙོ་བོ་སྙན་ངག་བྲི་བའི་སྐབས་སུ་སེམས་ཀྱི་སྦུབས་སུ་གང་དྲན་པ་དེ་ཤར་མར་བྲིས་ན་གཞན་གྱིས་བཀླགས་སྐབས་སྙན་ངག་དེ་ལ་མགོ་ཡན་ལག་ཆ་ཚང་དོད་པ་ཞིག་ཡོང་གི་ཡོད་ས་རེད་བསམ་བཞིན་ཡོད། དེ་མིན་ཚིག་ཁག་ཅིག་ལབ་ཕོད་པ་དང་ཁག་ཅིག་ལབ་མི་ཕོད་པར་སྦས་སྐུང་གི་རྣམ་པ་འདྲ་བྱེད་ནས་བསམ་ཚོར་བར་མཚམས་ནས་ལྷུ་བཅད་བྱས་གཏོང་པ་ཡིན་ན་རྩོམ་ཡིག་དེ་ལ་ཡན་ལག་ཆ་ཚང་བ་ཞིག་འགྱུར་དཀའ་བར་སྣང་། ཕྱོགས་གཅིག་ནས་སྙན་ངག་བྲི་བའི་སྐབས་གཙོ་བོ་རྩོམ་གྱི་བརྗོད་བྱ་ཁ་ཕྱོགས་གང་ལ་གྱུ་བ་ཡིན་ན་དང་ཐོག་ཁ་བྱང་དེ་གལ་ཆེན་ཞིག་འདོག་དགོས་ཡོད་ས་རེད་སྙམ། རྒྱུ་མཚན་གང་ཡིན་ཟེར་ན་ཐོག་མར་རྩོམ་གྱི་ཁ་བྱང་དེ་ངེས་ཅན་ཞིག་མེད་ན་དཔེར་ན་རྩོམ་ཡིག་ཤོ་ལོ་ཀ་བདུན་ཞིག་ཡོད་པའི་དབང་དུ་བཏང་ན་ཤོ་ལོ་ཀ་དེ་ཚོའི་ཁ་ཕྱོགས་མི་འདྲ་བ་ཞིག་འགྱུར་ཉེན་ཡོད་འགྲོ་དཔེར་ན་ཁ་ཤས་ཟུར་ཟ་དང་ཁ་ཤས་བསྟོད་རྩོམ་དང་ཁ་ཤས་བརྩེ་དུང་སྐོར་སོགས་སྣ་མང་འདྲེས་མ་ཞིག་ཐོན་ཡོང་གི་ཡོད་ས་རེད། རྣམ་པ་ཚོས་སྙན་ངག་མང་ཉུང་དང་བཟང་ངན་དང་ཆེ་ཆུང་ག་འདྲ་ཞིག་བྲིས་ན་དང་ཐོག་ཁ་བྱང་དེ་ལ་ངེས་ཅན་བརྟན་པོ་ཞིག་དགོས་པར་སྣང་ངོ་དེ་ཚོ་ནི་ཕྲན་གྱིས་བསམ་ཚུལ་ཙམ་རང་ཡིན། ༢༠༡༧/༧/༣༡/དགོང་མོར་འཚོགས་གྲོལ་མ་ཐག་ཏུ་རང་ཤག་དགའ་བའི་ཁང་ནས་ཁྱུང་བསོད་བློས་སྤྲིངས།།