སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བླ་མ་སྟོང་གི་བླ་མ།
[ 2017/7/8 7:12:00 | By: vase ]
 
བླ་མ་སྟོང་གི་བླ་མ།

ཁྱུང་བསོད་བློ།

ཡེ་ལྔའི་གཞའ་ཚོན་འཁྲིཌ་པའི་འོད་གུར་ནང་།།
འཁོར་འདས་ལམ་ལམ་གསལ་བའི་ཉི་མ་སྟེ།།
མཇལ་ན་བྱིན་རླབས་ཆེ་བའི་ལྷ་ཞིག་ཡོད།།
ལྷ་དེ་རྒྱ་མཚོའི་མཚན་གྱི་ནོར་བུ་ཁྱེད།།

སེམས་ལ་དཔེ་ཆ་མ་གཏོགས་མི་དྲན་མཁན།།
སློབ་ལ་བརྩོན་འགྲུས་རྒོད་པའི་བུ་ཡིན་ན།།
ལག་ལ་ཁ་པར་མ་གཏོགས་མི་དགོས་པར།།
ཀུན་ལ་ཀུན་སྣང་ཁྱབ་པ་ཁྱེད་ཀྱིས་གནང་།།

ཤ་ལ་བླ་ཆེན་བཏགས་ནས་ཁྲི་མ་རྩོད།།
རུས་ལ་མི་ཆེན་བོས་ནས་ཆོས་མ་རྩོད།།
གཤེན་ལ་གྱེར་ཆེན་ཚང་གི་བཀའ་དང་བརྟེན།།
ལྷོ་ལ་གཡུ་འབྲུག་བཞིན་དུ་གྲགས་པར་མཛད།།

སུ་ལའང་སྒོར་མོ་ཡོད་ཀྱང་མ་ཐོན་ལ།།
འགའ་ལ་གོ་སྐབས་ཡོད་ཀྱང་བློས་མ་ཞོག།
སྟོན་པ་གཤེན་རབ་ཚང་གི་ཕྱག་ལས་ཕལ།།
སྟེང་གི་བསྟན་རྒྱས་གླིང་ནས་ལེགས་གྲུབ་བྱུང་།།

སྐུ་ཡིས་བོན་སྦྱིན་བཏང་ལ་ཕྱག་ཟུང་ཡངས།།
གསུང་གིས་གཤེན་ས་མ་ཤོར་བསྟན་ས་ཟིན།།
ཐུགས་ལ་སེར་སྣ་དག་པའི་སེམས་དཔའ་སྟེ།།
བསྟན་འགྲོ་གཉིས་དོན་ལྕོགས་པའི་སྟོན་པ་ཁྱེད།།

ཕུགས་དེ་ཞང་ཞུང་སྨར་གྱི་གསལ་བྱེད་ཀྱི།།
པོད་དེ་དྲུང་མུ་ཚང་གི་སྙིང་ནོར་ཡིན།།
གསུང་གི་བརྗོད་བྱ་ཟབ་ལ་ཁ་ཞེང་ཅན།།
བཀའ་སྒྲོམ་གསར་པའི་གྱེར་སྒོ་ཕྱག་གིས་ཕྱེས།།

གནམ་ནས་བོན་སྦྱིན་གནང་བའི་ཆར་ཞོད་ཆེ།།
ས་ལ་ཁྱུང་ཁྲ་བྲིས་པོད་སིལ་ཏོག་འབེལ།།
ཐུགས་ལ་ཐབས་ཤེས་ཟུང་གི་དཔལ་བེའུ་ཡིས།།
ཀུན་ལ་བོན་དཔེའི་ཉེར་མཁོ་ཁྱེད་ཀྱིས་གནང་།།

དང་པོ་བཀའ་རྟེན་པོད་གཟུགས་ཁྲི་མ་འབུམ།།
གཉིས་པ་གསུང་རྟེན་དེབ་གཟུགས་ས་ཡ་གསུམ།།
གསུམ་པ་ཐུཌ་རྟེན་གསུང་འབུམ་དེབ་ཕྲེང་སྟོང་།།
འཛམ་གླིང་ཁྱབ་གདལ་མཛད་མཁན་ཁྱེད་ཉིད་བྱོན།།

དུས་ཀྱི་གཉེན་འཕྲང་དོག་པའི་ས་ཚིགས་ནས།།
རྫུན་གྱིས་འཁོར་ལོ་སྐོར་བའི་དུས་རབས་ལ།།
ཆོས་ཀྱིས་ཆབ་སྲིད་འཁྲབ་ནས་ཁྱེད་མ་འགྱིང་།།
བོན་གྱི་སྦྱིན་པ་གཏོང་བཞིན་ཁྱེད་ཉིད་བཞུགས།།

མཛད་འཕྲིན་གནམ་ས་གཡོ་བའི་གར་སྟབས་ལ།།
འགའ་ཞིག་མིག་རྡོག་ཚ་ཡང་བྱ་ཐབས་དཀའ།།
རེ་ཞིག་ཕྲག་དོག་སྦྲིད་ཀྱང་སྡོས་ཐབས་དཀོན།།
གདོན་གྱིས་ཟ་ཕྲུག་ལངས་ཀྱང་སྡུག་གྱོང་རེད།།

དགོངས་པས་སྒོར་མོ་བསམ་ནས་མ་བསྐྲུན་ལ།།
མགོ་རྣའི་སྙན་གྲགས་བསམ་ནས་མ་བཞེངས་ལ།།
སངས་རྒྱས་བསྟན་པར་བསམ་པའི་དག་བཞེངས་ཀྱི།།
གསུང་རབ་བཀའ་དང་བརྟེན་པས་འཛམ་གླིང་བཀང་།།

ཁྱེད་སྐུ་འགྱུར་བ་མེད་པ་རི་རྒྱལ་འདྲ།།
ཁྱེད་གསུང་རྒྱུན་ཆད་མེད་པ་ཆུ་བོ་འདྲ།།
ཁྱེད་ཐུགས་ཟད་པ་མེད་པ་ས་གཞི་འདྲ།།
ཁྱེད་ནི་གཤེན་བསྟན་སྐྱོང་ལ་གཤེན་རབ་འདྲ།།

འདི་བཞིན་མྱི་ལོ་དུ་མར་དཀའ་ཚེགས་བརྒྱུད།།
འདི་བཞིན་གོ་ལའི་ཉིན་སྲིབ་བོན་དཔེ་བཀྲམ།།
འདི་བཞིན་མ་འོངས་བསྟན་པའི་བསྟན་དོན་དུ།།
འདི་བཞིན་ལྷ་མི་གཤེན་ལ་སྡོང་གྲོགས་ཞུ།།

༢༠༡༧/༧/༥/༥/༥/༥/དཔོན་གསས་བླ་མའི་སྟོན་འཁོར་རྣམས་ཀྱི་མཛད་འཕྲིན་ལ་ཡིད་སྨོན་ཤོར་བཞིན་འཁྱུག་གོ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.