༈ལེའུ་གཉིས་པ་བོད་ཡིག་སྐོར།
༧སྤྱིར་ནི་འཛམ་གླིང་ས་སྒང་འདིའི་སྟེང་རིག་གཞུང་དང་ཆབ་སྲིད་གང་ཞིག་རྒྱ་བསྐྱེད་བཏང་དགོས་ན་ཐོག་མར་ཡི་གེ་སྲོལ་མ་གཏོད་ན་དེ་རྣམས་གྲྭ་རྒྱས་པོ་ཞིག་འབྱུང་ཐབས་དང་བྲལ་ཡོད། དེས་ན་ཡི་གེ་ནི་ཡོན་ཏན་ཀུན་གྱི་རྨང་གཞི་ཡིན་པ་སྟེ། མདོ་དྲི་མེད་ལས། ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་གཞི་མ་ཡི་གེ་བསླབ། །མི་ཤེས་ལྐུགས་པ་ཡི་གེས་བཀྲོལ། །མི་ཤེས་རྨུག་པ་ཡི་གེས་སེལ། །རིག་པའི་སྒྲོན་མ་ཡི་གེས་འདེགས། །དེ་ཕྱིར་ཡི་གེ་རྒྱུན་བསྟེན་ན། ཤེས་བྱ་ཀུན་གྱི་གཞི་མ་ཡིན། །ཞེས་པས་གཞུང་དོན་དང་ལོ་རྒྱུས་སོགས་གང་ཅིའི་ཐད་ལ་ཡི་གེ་དཔྱིས་ཕྱིན་པ་ཞིག་སྦྱོང་བརྡར་མ་བྱས་ན་དེ་རྣམས་ཤེས་དཀའ་བའམ་མཐོང་ཐབས་དང་བྲལ་བ་ཡིན་པ་མ་ཟད། མི་རིགས་གང་ཞིག་ཡིན་ན་་རང་རང་གི་ཡི་གེའི་རྣམ་བཞག་མ་ཤེས་ན་མི་རིགས་དེའི་བླ་སྲོག་ཆད་པ་འདྲ་བ་ཡང་ཡིན་པས། ང་ཚོ་ཞང་བོད་ཀྱི་མི་རིགས་ལྟ་བུ་ལ་མཚོན་ན་མེས་པོའི་རིག་གཞུང་གི་བདག་པོ་གཤེན་རབ་མི་བོ་དེ་ཉིད་ཀྱིས་ཞང་བོད་ཀྱི་ཡི་གེ་དང་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པ་གཏན་ལ་ཕབ་པ་འདི་ཉིད་འཆལ་གཏམ་གྱི་རྗེས་སུ་འབྲང་མ་དགོས་པར། ཚད་ཐུབ་འཁྲུལ་མེད་ཞིག་མེས་པོའི་བཀའ་ལུང་ལ་བརྟེན་ནས་གཞི་བཟུང་ས་དང་ཁུངས་བཅོལ་ས་ཡོད་པ་ཞིག་གལ་ཆེ་བར་སེམས། དེ་ཡང་མདོ་དྲི་མེད་ལས། མི་ཡུལ་འཛམ་གླིང་འོལ་མོ་ལུང་རིང་དུ། །གཤེན་རབ་ང་དང་སངས་པོ་འབུམ་ཁྲི་ཡིས། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་སུ། །གསུང་གིས་འདུལ་ཕྱིར་གསུང་རབ་འབུམ་སྡེ་བརྩམས་ཞེས་དང༌། གཟེར་མིག་ལས། སངས་པོ་འབུམ་ཁྲི་ཐུགས་ཀྱི་བཅུད། །ཡིག་འབྲུ་ཁྲི་དང་འབུམ་ཡོད་པའི། །ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས། །གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ནང༌། །ཐ་རམ་རྒྱ་ཡིས་བཏབ་ནས་ཡོད། །བོན་གྱི་ཕུགས་ནི་འདི་ལ་ཐུག་ཅེས་དང༌། །དཔའ་བོ་འབྲུ་ལྔ་བདུད་ལས་དཔའ། །ཡེ་ཤེས་ལྔ་ཡི་ས་བོན་ཡིན། །དུག་ལྔ་འདུལ་བའི་གཉེན་པོ་ཡིན། །ཞེས་དང༌། བཀོད་དང་སྤེལ་དང་བསྒྱུར་བ་དང༌། །བྲི་དང་འཆང་དང་ཀློག་པ་ཡི་ཞེས་དང༌། །གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས། །བྱིན་གྱིས་བརླབས་པའི་དཔའ་བོ་འབྲུ་ལྔ་ལུས། །སྨོན་ལམ་བཏབས་པས་སུམ་ཅུ་རྩ་བརྒྱད་འཕེལ། །ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས། །ཞེས་དང་། དུང་ཤོག་དཀར་ལ་གཡུ་རིས་སྔོན་པོས་བྲིས། །རིན་ཆེན་གླེགས་བམ་བྱེ་བ་དུང་ཕྱུར་བརྩམས། །དཀར་ནག་བཀྲ་གསལ་བསྟན་པ་རྗེས་སུ་བཞག །ཅེས་དང༌། མ་རྒྱུད་སྐྱེ་མེད་ཐིག་ལེ་ལས། འཕྲུལ་གྱི་ཡི་གེ་སུམ་ཅུས་གོ་ཕྱེ་ནས། །ཀྵ་ཡིས་ལམ་དྲངས་ཨ་ཡིས་བར་ཡང་འབྱེད། །ཥྚ་ཡིས་མདོ་བཅད་ཨི་ཨུ་ཨེ་ཨོ་ཨཾ། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །བྷི་མྷིང་སྤུགས་པས་བཞི་བཅུ་འགྱུར་ཞེས་དང༌། མདོ་ལས། གསས་མཁར་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་གྱི་ནང་དུ། སྐྱེ་འགྲོ་སེམས་ཅན་རྣམས་ཀྱི་དོན་དུ་པོ་ཏི་གླེགས་བམ་ཡི་གེ་ནག་པོ་བརྩམས། དུང་གི་ཤོག་ཤོག་དཀར་པོ་ཐུགས་རྗེའི་བྱིན་གྱིས་བརླབས། །གཡུ་ཡི་སྣག་ཚ་སྔོན་པོ་ཡེ་ཤེས་ཐབས་ཀྱིས་སྦྱར། །རིན་ཆེན་སྣ་ལྔའི་པོ་ཏི་གླེགས་བམ་བཅས། །གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང༌། སྒོ་བཞི་མཛོད་དང་ལྔ་རུ་ཕྱེས་ནས་བྲིས་ཞེས་དང་། །གཞན་ཡང་གཤེན་ཀྱི་བཀའ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས། སྣང་སྲིད་ཡི་གེ་མཁའ་ལས་བྱུང༌། །ཕུང་པོའི་ཡི་གེ་གཞི་ལས་བྱུང༌། །མཚོན་པའི་ཡི་གེ་སྒྲ་ལས་བྱུང༌། །ཁོག་པ་མགྲིན་པ་རྐན་དང་ལྕེ། །སོ་དང་མཆུ་དང་སྤྱི་ཡི་ཆ། །ཨ་ནི་སྐྱེ་མེད་ཁོང་ནས་འབྱུང༌། །ཧ་དང་ཨ་ཡང་མགྲིན་པ་སྟེ། །མའི་སྡེ་ཚན་མཆུ་ལ་སྤྲོ། །ཀ་སྡེ་ཅ་སྡེ་རྐན་ལས་བྱུང༌། །མཐོ་དང་དམའ་བ་སྤྲུལ་པའི་ཁྱད། །ཏ་དང་ཏ་སྡེ་ལྕེ་རྩེས་སོ། །ཁྱད་པར་ཤ་ནི་སྤྱི་ཡི་ཆ། །ཨཱོྃ་དང་ཧཱུྃ་ནི་སྤྱི་སྒོ་སྣ། །འབྲུ་ཡི་འབྱུང་གནས་དེ་ཉིད་ལ། །རྒྱན་དང་གྲོགས་ཀྱི་ཁྱད་པར་གྱིས། །ཡི་གེའི་མིང་ཚིག་བྱེ་བྲག་སྤྲོ། །ཞེས་དང་། ཡང་དེ་ཉིད་ལས། །དབྱིངས་ཉིད་རྣམ་པར་དག་པའི་ཤོག་ཤོག་ལ། །ཡེ་ཤེས་འོད་དུ་གསལ་བའི་སྨྱུག་གུས་བྲིས། །མ་བྲིས་དོན་དམ་རང་བཞིན་དབྱིངས་ན་བཀྲ། །ཐུགས་རྗེ་དབྱིངས་ཀྱི་ཡི་གེ་དོན་ལ་གསལ། །སྣང་སྲིད་ནམ་མཁའ་ཡངས་པའི་ཤོག་ཤོག་ལ། །མེ་ཆུ་ས་རླུང་རྒྱུ་ཡི་ཡིག་འབྲུར་ཤར། །གླིང་གཞི་གླིང་ཕྲན་ཡི་གེའི་རྒྱན་གསལ་བས། །སྣང་སྲིད་ཡུལ་གྱི་ཡི་གེ་དཔེ་ལ་གསལ། །རྒྱུ་འབྲས་བེམ་རིག་ཕུང་པོའི་ཤོག་ཤོག་ལ། །དབང་པོའི་གཟུགས་དང་འབྲུ་མའི་ཡི་གེ་་བྲིས། །ཕུང་པོ་ལུས་ཀྱི་ཡི་གེ་རྟགས་ལ་གསལ། །དཀར་ཐོན་མདངས་དང་ལྡན་པའི་ཤོག་ཤོག་ལ། །རིན་ཆེན་ཁ་དོག་གསལ་བའི་ཡི་གེ་བྲིས། །ལྐུགས་པ་ཁ་འབྱེད་ཡི་གེ་མཚན་མར་གསལ། །ཞེས་པས་སྔར་ནས་ཞང་བོད་ལྗོངས་སུ་ཡི་གེ་ཡོད་པར་མཚོན་ཐུབ་པ་མ་ཟད། ཡི་གེའི་ནང་གསེས་ལ་སྣང་སྲིད་དཔེ་ཡི་ཡི་གེ། བརྗོད་བྱ་དོན་གྱི་ཡི་གེ་ལུས་གནས་རྟགས་ཀྱི་ཡི་གེ བརྗོད་བྱེད་སྒྲ་ཡི་ཡི་གེ་སོགས་ཀྱང་བསྟན་ཡོད་པ་གསལ།།