༈ལེའུ་བཞི་བ་སྒྲ་ཚད་རིག་པའི་སྐོར།
སྤྱིར་སྒྲ་ཚད་རིག་པ་ཞེས་པ་ནི། དོན་གྱི་དངོས་པོ་གང་ཞིག་མིང་དོན་གཉིས་ཀྱི་ཐོག་ནས་འཁྲུལ་མེད་དུ་གཏན་ལ་འབེབས་ཐབས་ཀྱི་ཁྱད་དུ་བྱས་པའི་རིག་པ་ཞིག་དང་། དེ་ཉིད་བསྟན་ཐབས་ཀྱི་གཞུང་ལ་སྒྲ་ཚད་ཀྱི་གཞུང་ཞེས་བཤད། དེ་འདྲའི་རིག་པ་དེ་ཆོས་སྲིད་གཉིས་ཀར་མཁོ་སྤྱོད་ཡོད་པས་ཆོས་ཁོ་ནར་བེད་སྤྱོད་བཏང་རྒྱུ་ཞིག་མ་ཡིན། དེས་ན་འཛམ་གླིང་ཐོག་སྲིད་དང་བོན་གྱིས་མི་རིགས་གང་ཞིག་དབང་བསྒྱུར་བྱས་ན་བྱ་ཐབས་ཀྱི་རིག་པ་འདི་གཉིས་ལ་བརྟེན་ནས་འཕེལ་ལམ་གཏོད་པས། སྒྲ་ཚད་རིག་པ་ནི། འགྲོ་བ་མི་ཡི་སྤྱི་ཚོགས་ཀྱི་ཁྲོད་དུ་མེད་ཐབས་མེད་པ་ཞིག་ཆགས་ཡོད།། ༧དེ་ཉིད་ཀྱི་ལོ་རྒྱུས་ལ་དེང་དུས་རྒྱལ་སྤྱིའི་མཁས་པ་མང་པོ་ཞིག་གིས་སྤྱིར་འཛམ་གླིང་ཐོག་སྒྲ་ཚད་བྱུང་ནས་ལོ་ངོ་ཆིག་ཁྲི་ལས་ཡར་བརྒལ་ཡོད་པར་གསུངས། དེས་ན་ཞང་བོད་ཀྱི་སྒྲ་ཚད་ཀྱི་རིག་གཞུང་བྱུང་ནས་ལོ་༥༠༠༠ཡན་གྱི་ལོ་རྒྱུས་བཤད་ན་མི་སྤོབས་རྒྱུ་མེད། ཞང་བོད་ཀྱི་རིག་གཞུང་གི་སྲོལ་གཏོད་པ་པོ་ནི་སྟོན་པ་གཤེན་རབ་ཡིན་པ་དེང་མཁས་པ་མང་ཆེ་བས་བཞེད་པ་དང་མཐུན་པར་བྱས་ན། དམ་པ་དེ་ཉིད་ཀྱིས་བཀའ་འཁོར་དང་པོའི་སྐབས་སུ་ལྷ་སྲིན་གྱི་འཁྲུགས་པ་བཟློགས་པའི་ཆེད། ལྷ་སྲིན་གཉིས་ཀྱི་མཚམས་སུ་སྒྲ་ཚད་རིག་པའི་འབུམ་གསུམ་གཏན་ལ་ཕབ་སྟེ་སྣོད་རྨ་ལོ་དང་གཡུ་ལོ་གཉིས་ལ་གཉེར་དུ་གཏད་པ་དང་། དེ་བཞིན་རི་རྒྱལ་ལྷུན་པོའི་རྩེ་མོར་སྐད་འགྱུར་སོ་སོར་བསྟན་པའི་མདོ་གསུངས་ནས་ཡིད་ཀྱི་ཁྱེའུ་ཆུང་ལ་གཉེར་དུ་གཏད་པ་བཅས་ཀྱིས། སངས་རྒྱས་ཀྱི་བསྟན་པའི་ཁྱད་པར་དུ་བྱས་པའི་སྒྲ་ཚད་ཀྱི་གཞུང་ཐོག་མར་དབུ་བརྙེས་པར་བཤད།། ༧སྒྲ་ཚད་བསྟན་དགོས་དོན་གཤེན་གྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན་མ་དར་བའི་སྔོན་གྱི་ཞང་བོད་ཀྱི་སྤྱི་ཚོགས་དེའི་ཆོས་དང་ཆབ་སྲིད་རྣམས། སྐབས་དེའི་སྤྱི་ཚོགས་ཐོག་རང་བཞིན་དུ་བྱུང་བསྡད་པ་ལས་རིག་པའི་ལམ་ནས་གཏན་ལ་ཕབས་པའི་གཞུང་ལུགས་ཤིག་མེད་པ་ལ་དགོངས་ནས། ཉིད་ཀྱི་ཐུགས་བཅུད་ཕྱུང་ནས་འགྲོ་བ་ཐུན་མོང་གི་བློ་མུན་གསལ་བ་དང་། མ་འོངས་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་བོན་སྒོ་བཞི་མཛོད་ལྔ་གཏན་ལ་ཕབ་ཀྱང་། ལས་འབྲས་ལ་ཡིད་མ་ཆེས་པ་བདུད་ཁྱབ་པ་ལག་རིང་དང་། ཁྲི་ཤི་དབང་རྒྱལ། གཏོ་བུ་དོད་དེ་སོགས་གཤེན་ལ་རྒོལ་བ་མང་པོ་བྱུང་བར་བརྟེན། གཤེན་རབ་ཀྱིས་རྟགས་དང་རྒྱུ་མཚན་གྱི་ལམ་ནས། དེ་རྣམས་ལ་ལས་འབྲས་དང་བདེན་མེད་ཡིད་ཆེས་རྙེད་པའི་སྒྲ་ཚད་རིག་པའི་འབུམ་གསུམ་གཏན་ལ་ཕབ་སྟེ་འཁོར་གྱི་སློབ་མར་བསྡུས་པ་བཤད་སྲོལ་ཡོད། དེའི་འབུམ་གསུམ་ནི༼ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་༽དང་གསུམ་ཡིན།། ༧གཞན་ཡང་གཤེན་གྱིས་སྲིད་པ་རང་བྱུང་གི་འཁོར་འགྲོས་ལ་དཔེ་བླང་ནས་བོན་གྱི་མཚོན་རྟགས་གཡུང་དྲུང་གི་རི་མོ་ཞང་ཞུང་སྒོ་ཕུག་བར་གསུམ་དང་། ཧོར་རམ་ཧོས་རིགས་དང་། རྒོད་རྗེ་རྒྱ་ཡི་ཡུལ་སོགས་ལ་གཡུང་དྲུང་བོན་གྱིས་ཁྱབ་པ་དེང་ཡང་མཚོན་རྟགས་ཀྱིས་དཔང་བཞུགས་ཐུབ་ཡོད་པ་མ་ཟད། སྐབས་དེར་གཤེན་གྱི་སྙན་གྲགས་ལ་བརྟེན་ནས་རྒྱ་གར་མུ་སྟེགས་ཀྱི་སྟོན་པ་ཤ་རི་ར་ཙྭ་སོགས་ནས་གཤེན་ལ་འགྲན་རྒོལ་བྱས་པ་སྟེ་གཡུང་དྲུང་བོན་གྱི་ནང་དོན་ལས་ལྡོག་པའི་ལས་འབྲས་མེད་པ་དང་བདག་ཡོད་པ་བཅས་དང་། གཤེན་གྱི་ཞབས་ནི་གཡས་སྐོར་རོ་ཞེས་པའི་གཡས་སྐོར་ལས་ལྡོག་པའི་ཕྱི་སྐོར་དང་། འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་བའི་ཆེད་གཤང་ལྕེ་གྱེན་དུ་བསྟན་ནས་དཀྲོལ་བ་ལ་དྲིལ་བུ་རྩེ་ཟླུམ་ཁ་ཐུར་དུ་སྦུབ་པ་སོགས། སྒོ་དུ་མས་གཤེན་ལ་འགྲན་པའི་སྐབས་དེར་ཞང་བོད་ཀྱི་ཡུལ་འདིར་ཡང་ཕྱི་ནང་གི་རྩོད་པ་བྱུང་ཡོད། དེ་ཡང་བྱམས་མ་ལས། མ་གཅིག་སྐུ་ཡི་ལམ་འབྲས་ཉིད་ནི། །མུ་སྟེགས་ཕ་རོལ་རྒོལ་བའི་གཤེད་མ། །ཞེས་དང་། རྣམ་རྒྱལ་ལས། ལྟ་བ་ལོག་པ་མུ་སྟེགས་ཀྱི་ལྟ་བ། །ཞེས་དང་། གཞན་བོན་གཞུང་མུ་སྟེགས་ཚར་གཅོད་གཏན་ཚིགས་ཐེག་པའི་མདོ་རྒྱུད་དང་། མདོ་དྲི་མེད་གཟི་བརྗིད་བཅས་ནས་དེ་དང་མཐུན་པ་བསྟན་ཡོད།། ༧སྤྱིར་ཕྱི་ནང་ཞེས་པ་འགྲོ་བའི་བདེ་སྡུག་ནང་ཤེས་རྒྱུད་ཀྱི་ལས་བཟང་ངན་ལ་རགས་པས་ནང་པདང་། དེ་ཉིད་ནང་ཤེས་རྒྱུད་ལ་རགས་མ་ལས་པར་ཕྱི་ཡུལ་གྱི་དངོས་པོ་ཕྱྭ་དང་དབང་ཕྱུག་སོགས་ཀྱིས་འབྱིན་པར་འདོད་པས་ཕྱི་པ་ཞེས་བརྗོད། དེས་ན་དེང་ཕྱི་སྐོར་དང་ནང་སྐོར། ཞེས་པ་འདི་ཉིད་རྒྱ་གར་མུ་སྟེགས་པ་དང་ནང་པ་གཤེན་རབ་པས་སྐོར་སྟངས་གཉིས་ལས་ཐ་སྙད་འདི་བྱུང་བ་ལས། བོན་ལུགས་ཀྱི་སྐོར་བ་ལ་ཕྱི་སྐོར་དང་བན་ལུགས་ཀྱི་སྐོར་བ་ལ་ནང་ཞེས་འབོད་པ་ལ་ཁ་མང་དཔུང་མང་འདྲ་བྱས་ན་མ་གཏོགས་ལུང་རིག་གི་སྒྲུབ་བྱེད་དཀོན་པ་ཞིག་རེད། བན་དེའི་སྐོར་བ་ལ་ཕྱི་སྐོར་ཞེས་པ་གོང་བསྟན་ཕྱི་པའི་སྐོར་བ་དང་མཐུན་པས་ཡིན་པ་ཡོངས་སུ་གྲགས་ཡོད། །འོན་ཀྱང་ཕྱི་སྐོར་བྱས་ན་མུ་སྟེགས་ཡིན་པའི་མ་ཁྱབ་པ་ནི། རྒྱ་གར་ཡུལ་དུ་སངས་རྒྱས་ཤཱག་ཀྱ་ཐུབ་པ་ཕེབས་ཏེ་དམ་པའི་ཆོས་འཁོར་སྐོར་ནས། ཐབས་ལ་མཁས་པའི་ཡུལ་སྲོལ་རང་བཞག་གི་ཐོག་ཆོས་གསུངས་པ་སྟེ། ཡིག་དྲུག་གི་སྙིང་པོའི་འགོ་མཇུག་ལ་ཨཱོྃ་དང་ཧྲི་བསྣན་ནས་སྦྱང་བྱ་སྦྱོང་བྱེད་ཀྱི་ཚུལ་དུ་གནང་བ་དང་། དྲིལ་བུ་རྩེ་ཟླུམ་གྱི་དབུར་རིགས་ལྔས་དབུ་རྒྱན་གསོལ་བ་དང་། མུ་སྟེགས་ཀྱི་བསྐོར་སྟངས་དེ་ཉིད་ལ་གཡོན་སྐོར་ཤེས་རབ་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་སྔར་ནས་གསུངས་སྲོལ་ཡོད་པ་ལ་བརྟག་ན་ཤེས་ཐུབ། གཞན་ཡང་གཤེན་རབ་ཀྱིས་ཐེག་པ་རིམ་དགུའི་གཞུང་གསུངས་ནས་ཐེག་པ་གོང་འོག་གི་ལྟ་སྤྱོད་སྒྲུབ་ཐབས་ཚད་མ་རིག་པ་བྱུང་བ་བཅས་སྒོ་དུ་མས་སྔར་ནས་ཚད་མའི་རིག་གཞུང་ཡོད་པ་གྲུབ།།