|
|
སྤྱི་བསྒྲགས། |
སྒྲིག་འཇུག... |
|
|
ཆེད་སྒྲིག་རྣམ་དབྱེ། |
སྒྲིག་འཇུག... |
|
|
ཟིན་ཐོ་གསར་བ། |
སྒྲིག་འཇུག... |
|
|
|
ཆེམས་གསར་བ། |
སྒྲིག་འཇུག... |
|
|
|
|
|
|
|
༡༩ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད། |
[ 2011/11/29 18:58:00 | By: dengbijiangcun ] |
༧ དཔོན་གསས་མན་ངག་ལུང་གི་བོན་ནི། རྫོགས་པ་ཆེན་པོའི་གཞུང་རྣམས་ཡིན། དེ་ལ་ཡང་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་ལུས་ཡོངས་རྫོགས་སུ་སྟོན་པའི་གཞུང་ཆེན་མོ་བཞི་སྟེ། ༡སེམས་སྡེ་གབ་པ་དགུ་སྐོར། ༢ཀློང་སྡེ་བསྒྲགས་པ་སྐོར་གསུམ། ༣མན་ངག་སྡེ་པ་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། ༤ཡེ་ཁྲི་མཐའ་སེལ་དང་བཞི་ལ་ཟེར། རྫོགས་ཆེན་གྱི་ལྟ་སྤྱོད་ཕྱོགས་རེ་སྟོན་པ་གསེར་ཐུར་དང་ནམ་མཁའ་སྤྱི་སྤྱོད་སོགས་ཡོད་ལ་དེ་རྣམས་ཀྱི་དགོངས་འགྲེལ་སྲོང་བཙན་ཡར་སྔོན་གྱི་བོན་གཤེན་འཇའ་ལུས་པ་ཉེར་བཞི་ཕེབས་པ་དེ་རྣམས་དང་། བོན་གཤེན་གྲུབ་པ་ཐོབ་པ་བརྒྱད་ཅུ་སོགས་ཀྱིས་འགྲེལ་བ་བཏབ་པ་དུ་མ་ཡོད་པ་སྟེ། བླ་མ་ལི་ཤུ་སྟག་རིང་གིས་མཛད་པ་༼ཡང་རྩེ་ཀློང་ཆེན༽་ལྟ་བུའོ། །དྲན་པ་ནམ་མཁས་མཛད་པའི་༼ནམ་མཁའ་འཕྲུལ་མཛོད་༽སོགས་དང་།། ༧ ཕྱིས་སུ་དུས་རབས་བཅུ་གསུམ་ཡས་མས་སུ་རྨེའུ་དགོངས་མཛོད་རི་ཁྲོད་ཆེན་པོ་དང་། བྲུ་རྗེ་གཡུང་དྲུང་བླ་མ་སོགས་ཀྱིས་མཛད་པའི་རྫོགས་ཆེན་གྱི་བཀའ་བརྟེན་མང་པོ་ཡོད། རྫོགས་ཆེན་ནི་བོན་ལུགས་ལྟ་བའི་ཕུགས་ཡང་དག་བྱེད་ཀྱི་ཡོད་པ་ནི་སྔར་བྱོན་ཟིན་བོན་གཤེན་རིག་འཛིན་ཕལ་ཆེ་བ་རྫོགས་ཆེན་གྱི་རྒྱུད་པ་འཛིན་མཁན་ཆགས་ཡོད། དཔེར་ན་སྲོང་བཙན་ཡར་སྔོན་ནས་བྱོན་པ་དགོངས་རྒྱུད་རྣམ་ལྔ་དང་། བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད་སོགས་སྔགས་རྫོགས་ཐུན་མོང་གི་བརྒྱུད་པ་དང་། ལྷག་པར་དུ་ཞང་ཞུང་སྙན་བརྒྱུད་ལྟར་ན་བདེ་གཤེགས་དགོངས་བརྒྱུད་དགུ་དང་འཇའ་ལུས་ཉེར་བཞི་རིམ་ཆགས་སུ་བྱོན་ལ། དེ་རྗེས་སུ་ཏ་པུ་ཧྲི་ཙ་དང་སྣང་བཞེད་ལོད་པོ་བཅས་ཕེབས་ནས་རྫོགས་ཆེན་གྱི་བསྟན་པ་བསྐྱངས་ཡོད།། ༧ འོ་ན་རྙིང་མའི་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་སོགས་ཀྱིས་སྤེལ་བའི་རྫོགས་ཆེན་གྱི་གཞུང་ཁས་ལེན་པ་དེ་གང་ཡིན་ཞེ་ན། དེའི་སྐོར་བཤད་དཀའ་བ་ཞིག་སྟེ་། དེང་དུས་མཁས་པ་འགའ་ཞིག་གིས་རྙིང་མའི་དགའ་རབ་རྡོ་རྗེ་དང་བོན་གྱི་ཏ་པུ་ཧྲི་ཙ་དོན་གཅིག །འཇམ་དཔལ་བཤེས་གཉེན་དང་། བོན་ལུགས་ཀྱི་དྭགས་པོ་དྲན་པ་ནམ་མཁའ་དོན་གཅིག་པར་བཞེད་པ་ཡོད། བོན་རྙིང་གཉིས་ཀའི་བླ་མ་དེ་གཉིས་རྫོགས་ཆེན་གྱི་བསྟན་པ་སྤེལ་མཁན་གཙོ་བོ་ཁས་ལེན་གྱི་ཡོད་ལ། རྫོགས་ཆེན་གྱི་གཞུང་དོན་ཕལ་ཆེར་འདྲ་མཚུངས་སུ་གྲུབ་པས་དེ་གཉིས་ཀྱི་ཁུངས་གཅིག་པ་འདྲ་མོ་ཆགས་ཡོད། བན་བོན་གཉིས་ཀྱི་སྟོན་པས་གསུང་པ་ལ་གཅིག་བལྟས་ན་བོན་ལུགས་ཀྱི་སྟོན་པ་གཤེན་རབ་ཀྱིས་རྫོགས་ཆེན་གསུངས་པ་བོན་པོ་ཡོངས་ཀྱིས་གཅིག་མཚུངས་ལབ་ཀྱི་ཡོད་ལ། བན་དེའི་ནང་ས་སྐྱ་དང་བཀའ་རྒྱུད་དགེ་ལུགས་སོགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབུ་མའི་ལྟ་བ་ལས་ལྷག་པའི་རྫོགས་ཆེན་གསུང་མ་མྱོང་ལ། ཕྱིས་རྙིང་མས་བོན་གྱི་ལད་མོ་བྱས་པ་རེད་གསུངས་པ་ཡང་ཡོད། གཞན་ཡང་ས་སྐྱ་དང་དགེ་ལུགས་གཉིས་དང་བོན་པོའི་བར་མི་འདྲ་བ་མང་པོ་ཡོད་ཀྱང་རྙིང་མ་དང་བོན་པོ་གཉིས་ཧ་ལམ་གཅིག་པ་འདྲ་མོ་ཆགས་པ་ལ། རྗེ་བློ་བཟང་གྲགས་པས་སྔ་རབས་པའི་ལྟ་བ་ཞེས་དགག་བྱ་བྱས་པ་དང་། གཞན་རྙིང་མ་རྒྱུད་འབུམ་སོགས་རྙིང་མའི་གཞུང་མང་པོ་ཞིག་ལ་བོད་སྔ་རབས་ཀྱི་ལྟ་འཆལ་འདྲེས་པར་གསུངས་པས། ཕྱིས་བན་དེའི་བཀའ་འགྱུར་གསར་རྙིང་གཉིས་ཆགས་པ་དང་རྙིང་མ་ལ་བོན་ཚ་ཟེར་བ་བཅས་ཀྱིས་ཤེས་པ་མ་ཚད། རྫོགས་ཆེན་གྱི་གཞུང་ཟེར་བ་ཞིག་སྔར་རྒྱ་གར་དང་ལེགས་རྒྱལ་གང་གི་ཡིག་ཐོག་ལ་འཁོད་མེད་བཅས། རྒྱལ་སྤྱིའི་མཁས་པ་མང་པོ་ཞིག་གིས་གསུངས་པ་སོགས་ལ་གཞིག་ན་ཤེས། འོན་ཀྱང་དེང་དུས་བོད་ཀྱི་ནང་པའི་ཆོས་ལུགས་ཁག་ལྔ་ཡི་ནང་ནས་དབུ་མའི་ལྟ་བ་ལས་ལྷག་པའི་རྫོགས་ཆེན་འདོད་མཁན་བོན་རྙིང་གཉིས་ཡིན་པས། དེ་གཉིས་ནས་རྫོགས་ཆེན་ང་དང་ཁོ་མི་ལབ་པར། རང་རང་སོ་སོའི་འདོད་གཞུང་ལྟར་ཁས་ལེན་བྱས་ནས་བསྡད་ན་བསྟན་འགྲོར་ཕན་ཐོག་ཆེ་བ་ལས། ཕྱོགས་མེད་སངས་རྒྱས་ཀྱི་མཛད་ཕྲིན་ལ་ཕྱོགས་རེས་གྲུབ་མཐའི་ཆགས་སྡང་རྩོད་ན་མི་འགྲིག་པ་ཞིག་གོ།། ༧ ཞང་བོད་འདུལ་བའི་བྱུང་རིམ་ཟུར་ཙམ་བཀོད་ན། སྟོན་པ་ཁྲི་གཙུག་རྒྱལ་བས་འདུལ་བ་རྒྱུད་དྲུག་སོགས་གཏན་ལ་ཕབ་ནས་འཁོར་གཡུང་དྲུང་སེམས་དཔའ་དང་སེམས་མ་གཉིས་སུ་ཕྱེས་ནས་ཕོ་གླིང་ཁྲི་སྨོན་རྒྱལ་བཞད་དང་། མོ་གླིང་ཁོལ་མ་ནེའུ་ཆུང་གཉིས་བཏབ་སྟེ་འདུལ་བའི་སྡེ་བཙུགས། འཁོར་རྣམས་ཀྱི་ནང་ནས་གསུང་གི་སྟོན་པའི་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་ལ་རྟག་གཟིགས་ཀྱི་མཁས་པ་དམུ་ཙ་ཏྲ་ཧེས་ཞུས་ནས་རྟག་གཟིགས་དང་ཞང་ཞུང་མངའ་རིས་ཀྱི་མདོ་གམ་གྱི་མཁན་བརྒྱུད་རིམ་པར་བྱུང་བའི་ལོ་རྒྱུས་ཡོད་ཀྱང་། བར་སྐབས་ཤིག་ན་ཡ་གོང་ཕམ་ཤིའི་བརྒྱུད་པ་གཉིས་སུ་གྱེས་པར་བརྟེན་འདུལ་བསྟན་ནང་འཁྲུགས་ཤོར་བས། མུ་ཟི་གསལ་བཟང་གནས་སྐབས་འདུལ་བསྟན་དར་དཀའ་བར་གཟིགས་ཏེ། མདོ་སྨད་རྨ་རི་དེལ་གསུམ་གྱི་བྲག་ལ་མ་འོངས་འདུལ་བསྟན་ཆེད་དུ་ལོ་༡༨༠༣འགོག་པར་བཞུགས་ཕྱིས་དུས་རབས་དགུ་པའི་ནང་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལས་འཕྲོ་སད་དེ། མུ་ཟི་གསལ་བཟང་དང་མཇལ་ནས་འདུལ་བའི་མེ་རོ་བསླངས་བ་མ་ཚད་སོག་སྟོན་གྱི་སློབ་བརྒྱུད་གསུམ་པ་བླ་མུ་ཐུར་དགོངས་པ་རབ་གསལ་ལ་བན་དེའི་འདུལ་བ་ཞུས་པའི་ལོ་རྒྱུས་ཀྱང་ཡོད། །དེང་དུས་བན་དེའི་རབ་བྱུང་པ་རྣམས་ཀྱིས་སྔར་རྒྱ་གར་དང་མི་འདྲ་བའི་འདུལ་ཆས་ལ་སྤྱོད་པ་ནི་བླ་མུ་ཐུར་ནས་འགོ་ཚུགས་པ། བན་དེའི་མཁས་པ་དུ་མ་ཞིག་གིས་བླ་མུ་ཐུར་མན་གྱི་འདུལ་བ་ལ་བན་བོན་གཉིས་བརྗེ་བསྒྱུར་མང་པོ་བྱས་ཞེས་པ་ལབ་གླེང་ཡང་བྱུང་བཞིན་མཆིས། བན་བོན་གཉིས་འདུལ་ཆས་མི་འདྲ་སྟེ་བན་ལུགས་ལ་ཚུལ་གོས་རྣམ་གསུམ་དང་བོན་ལུགས་ལ་ན་བཟའ་གོས་དྲུག་ཟེར་གྱི་ཡོད། བན་གྱི་འདུལ་ཆས་ལ་དམར་སེར་གཉིས་གཙོ་བོ་བྱེད་ལ། བོན་ལུགས་ལ་སྔོ་དམར་སེར་གསུམ་ཟེར་གྱི་ཡོད། གཞན་ཡང་སྲོང་བཙན་དང་ཁྲི་སྲོང་སྐབས་མུ་ཟི་གསལ་བཟང་འགོག་པ་བཞུགས་པར་ཁེལ་བས་བོན་གྱི་འདུལ་བ་ནི་རེ་ཞིག་བོད་ཁམས་སུ་ནུབ་པ་འདྲ་མོ་ཆགས་པས། རྒྱ་གར་ཆོས་བོད་ལ་གདན་དྲངས་སྐབས་བོད་ལ་རབ་བྱུང་པ་མེད་དོན་དེ་ཡིན།། སྤྱིར་ནི་རྒྱ་གར་གྱི་དམ་ཆོས་བོད་ལ་གདན་མ་དྲངས་གོང་བོད་ལ་འདུལ་བ་པ་དང་འདུལ་གཞུང་མེད་པ་བརྗོད་དཀའ་བ་ནི་ལུང་གིས་གསལ་བ་སྟེ། བན་དེ་པད་མ་བཀའ་ཐང་གི་ལེའུ་གྱ་གཉིས་བོན་བསྣུབས་པའི་སྐོར་ལས། བི་མ་མི་ཏྲ་ལི་ཤི་སྟག་རིང་གཉིས་གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པས། རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ། བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིས། ལོ་ཙྭ་རྣམས་ཀྱིས་འགེགས་རེས་བྱེད་དུ་བཅུག་པས། རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ། ཞེས་པའི་བོན་ལ་སྐབས་དེར་ཐེག་དགུ་ཡོད་པར་བསྟན་ལ། དེ་རྗེས་ཇོ་བོ་རྗེ་ཐོག་མར་བསམ་ཡས་དཔེ་མཛོད་ནང་ཕེབས་སྐབས་ཁོང་ནས་སྔར་རྒྱ་གར་ལ་དར་མ་མྱོང་བའི་བོད་ལ་དཔེ་གཞུང་འདི་འདྲ་གསུང་པའི་ཚུལ་ལ་དཔྱད་པས་ཤེས་པ་མ་ཟད། དྲན་པ་ནམ་མཁའ་དང་བཱེ་རོ་སོགས་གྲུབ་མཐའི་ཆགས་སྡང་བྲལ་བའི་གཤེན་པོ་རྣམས་ཀྱིས་བན་བོན་གཉིས་ཀྱི་ཆོས་ལུགས་ཉི་ཟླ་ལྟར་མཁའ་ལ་ཤར་ཡང་། རུ་ཏྲས་སླད་པ་ཞུགས་པའི་རྒྱུད་འཛིན་ཁག་ཅིག་གིས་འཁྲུགས་རྩོད་ཀྱི་རྒྱུ་རྩ་བྱས་པ་གསུངས་པའི་ཚུལ་ལ་བརྟག་ན་ཤེས།། |
|
|
|