|
|
སྤྱི་བསྒྲགས། |
སྒྲིག་འཇུག... |
|
|
ཆེད་སྒྲིག་རྣམ་དབྱེ། |
སྒྲིག་འཇུག... |
|
|
ཟིན་ཐོ་གསར་བ། |
སྒྲིག་འཇུག... |
|
|
|
ཆེམས་གསར་བ། |
སྒྲིག་འཇུག... |
|
|
|
|
|
|
|
༡༦ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད། |
[ 2011/11/7 21:30:00 | By: dengbijiangcun ] |
༧མདོར་ན་རྩིས་རིག་པ་ནི་མངོན་དུ་མི་སྣང་བའི་འབྱུང་འགྱུར་གྱི་དངོས་པོ་གང་ཞིག་སྔོན་ནས་དཔག་ཐབས་གྲངས་ཀྱི་ཁྱད་པར་གྱིས་མཐོང་བའི་རིག་པ་ཞིག་ལ་རྣོ་མཐོང་རྩིས་ཟེར་གྱི་ཡོད། དེ་ཡང་རྣོ་མཐོང་ཞེས་པ་ནི་ཆེས་ལྐོག་གྱུར་དུ་གནས་པའི་དོན་གང་ཞིག་མངོན་དུ་གྱུར་པ་འདྲ་མོ་སྟོན་པའི་རིག་གཞུང་ཡིན་པས་ན་རྣོ་མཐོང་ཟེར། མདོ་ལས། མན་ངག་དུས་ཀྱི་འཁོར་ལོ་ནི། །བསྐལ་སྲིད་ཆགས་གནས་འཇིག་སྟོང་དང་། །དུས་བཞི་འབྱུང་བའི་དར་རྒུད་དང་། །ཁམས་གསུམ་སེམས་ཅན་སྐྱེ་འཕེལ་དང་། །ཚེ་གཅིག་དུས་དང་དབང་སྐལ་དང་། །སྔོན་དང་མ་འོངས་ད་ལྟ་དང་། །ལོ་ཟླ་ཞག་དང་དུས་ཚོད་དང་། །གང་དུས་བྱ་བའི་ལས་མཐའ་དང་། །ཀུན་རྫོབ་མངོན་པར་ཤེས་པ་སྟེ། །མི་ཤེས་རྨོངས་པ་བསལ་བའི་ཕྱིར། །ཞེས་པས་གྲུབ།། དེང་དུས་བོད་ཀྱི་ཆོས་ལུགས་པ་རྣམས་ཀྱིས་ཀྱང་། ཀུན་རྫོབ་ཀྱི་དངོས་པོ་གང་ཁ་ཐུག་ཏུ་སྤྱོད་མི་ཐུབ་པའི་གནས་ཚུལ་ལྷག་ཚེ་མོ་རྩིས་ཀྱི་རིག་པ་ལ་སྐྱབས་བཅའ་བ་སྟེ། དཔེར་ན་བླ་མ་ཁྱད་པར་ཅན་གྱི་ཡང་སྲིད་བཙལ་ཚེ་གསེར་བུམ་དཀྲུག་པ་དང་། རྟགས་རིལ་སྒྲིལ་བ་སོགས་མོ་རྩིས་ལ་བརྟེན་ནས་ཐག་གཅོད་པ་མ་ཟད་སོ་སོའི་སྐྱེ་བོ་གང་ཞིག་གིས་རང་ཉིད་ལོ་ཕྱི་མར་བདེ་སྐྱིད་གང་ཡོང་བ་དང་ཚེ་ལས་འདས་པ་རྣམས་བདེ་གནས་ཐོབ་མིན་བཅས་སྔོན་དཔག་བྱེད་ཚེ་མོ་རྩིས་ཀྱི་རིག་པ་ལ་བརྟེན་ནས་ཐག་གཅོད་པ་ལས། ཐབས་ཤེས་གཞན་གྱིས་གནས་སྐབས་ཁོའི་སེམས་ཁམས་ཀྱི་འདོད་པ་བསྐོང་མི་ཐུབ་པ་ལྟ་བུའོ།། དེ་ཙམ་མ་ཟད་ཕྱི་རིག་པ་དང་ནང་རིག་པ་གཉིས་ཀྱི་དོན་ཡོད་དེ། ཕྱི་འབྱུང་བ་ལྔ་ཡིས་ནུས་པའི་འགལ་རྐྱེན་བསལ་ནས་ཁམས་མཐུན་གྱི་བདེ་ལེགས་སྤེལ་ཐབས་ལ་ཕྱི་རིག་པ་དང་། ནང་འགྲོ་བའི་སེམས་རྒྱུད་ཀྱི་ལས་དང་ཉོན་མོངས་འདུལ་ནས་ཐར་པ་བདེ་བའི་གོ་འཕང་སྒྲུབ་ཐབས་ལ་ནང་རིག་པ་ཞེས་བརྗོད། དེ་ཡང་གཞུང་དོན་ནང་དུ་ཕྱི་ཡི་བོན་དང་ནང་གི་བོན་ཞེས་པ་སེམས་ཀྱི་ཟིན་མ་ཟིན་པའི་ཁྱད་པར་ལས་འཇོག་པ་མ་ཟད་ཕྱི་པ་དང་ནང་པ་ཞེས་པ་ཡང་ནང་ཤེས་བརྒྱུད་ཀྱི་ལས་བཟང་ངན་གྱིས་འགྲོ་བའི་བདེ་སྡུག་བྱུང་བར་འདོད་པ་ལ་ནང་པ་དང་། ནང་ཤེས་རྒྱུད་ཀྱི་ལས་ལ་མ་རགས་པར་གཙོ་བོར་ཕྱི་ཡུལ་གྱི་དངོས་པོའི་དབང་གིས་འགྲོ་བའི་བདེ་སྡུག་བྱུང་ཚུལ་འདོད་མཁན་ལ་ཕྱི་པ་ཞེས་པའི་ཐ་སྙད་སྦྱར་བ་ནི། དཔེར་ན་ཕྱྭ་དང་དབང་ཕྱུག་མཆོད་ལེགས་མིན་གྱིས་འགྲོ་བའི་བདེ་སྡུག་འབྱུང་བར་འདོད་པ་ལྟ་བུ་ཡིན་པས་རིག་གཞུང་འདི་ཉིད་ཀྱང་གཙོ་བོ་དེའི་ཆ་ནས་བཏགས་པ་རིག་པས་གྲུབ་ཡོད།། ༧ གཉིས་པ་མི་མཐུན་པའི་འགལ་རྐྱེན་གསོ་ཐབས་གཏོ་དཔྱད་གཉིས་ལས། དང་ལ་གཏོ་ཆོག་སྐོར་བསྡུས་ཙམ་ཞིག་ཞུས་ན། སྤྱིར་ཕྱི་སྣོད་དང་ནང་བཅུད་གཉིས་གཅིག་ལ་གཅིག་བརྟེན་དུ་ཡོད་པས་ཕྱི་ཡི་འབྱུང་ཁམས་བདེ་ན་ནང་བཅུད་ཀྱི་ཕུང་ཁམས་ཡང་བདེ་ལེགས་སུ་འགྲོ་བའི་རྒྱུ་མཚན་གྱིས་སྣོད་བཅུད་ཀྱི་རྒུད་པ་གསོ་ཐབས་གཏོ་ཆོག་བསྟན་པ་ཡིན། དེ་ཡི་གཙོ་བོ་མཁའ་ཀློང་མདོས་ཆེན་ཞེས། གླིང་བཞི་གླིང་ཕྲན་རི་རྒྱལ་བཅས་ཀྱི་བཀོད་པ་ལྡན་པའི་མདོས་བང་རིམ་བཞི་བརྩེགས་ཀྱི་སྟེང་རྣམ་པར་རྒྱལ་བའི་ཁང་བཟང་གི་རྣམ་པ་ལྡན་པའི་དཀྱིལ་འཁོར་ཐོག་ལོ་རྟགས་དང་སྤར་ཁ་སྨེ་བ་སོགས་ཀྱི་གཟུགས་རིས་བཀོད་པའི་སྟེང་བཤམ་པའི་མཆོད་རྫས་ནི། འཇིག་རྟེན་གྱི་ལོངས་སྤྱོད་དང་བཟང་ཤིང་རིན་ཆེན་གྱི་རིགས་དང་ནམ་མཁའ་རྒྱང་བུ་དང་དར་ཟབ་སོགས་འདོད་དགུ་ཕུན་སུམ་འཚོགས་པར་བཤམ་སྟེ། ཉིན་བདུན་ཙམ་གྱི་རིང་མཆོད་ཐབས་ཀྱི་ཆོ་ག་སྤེལ་ནས་ཕྱོགས་བཞི་དབུས་ལྔའི་ས་བདག་རྣམས་ལ་ཕུལ་བ་མ་ཟད་གཏེར་བུམ་ནང་འབྲུ་སྣ་དང་བཟང་ཤིང་རིན་ཆེན་གྱི་རིགས་སོགས་བཅུད་ལྡན་གྱིས་བཀང་ནས་གང་ཉམས་རྒུད་སོང་བའི་ས་ཕྱོགས་ལ་སྦས་ནས་ས་བཅུད་གསོ་བའི་ཚུལ་བསྟན་ཡོད། དེའི་དགོངས་དོན་ཞང་བོད་ཀྱི་གཞུང་ལུགས་ནང་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་སྟངས་ལ་དབུས་རི་རྒྱལ་ལྷུན་པོ་དང་མཐར་གླིང་བཞི་དང་གླིང་ཕྲན་གྱི་བཀོད་པ་གསུངས་པས། མདོས་ལ་ཡང་རི་རྒྱལ་དང་གླིང་བཞིའི་རྣམ་པ་བྱས་པ་དང་་ལོ་ཁམས་དང་སྤ་སྨེ་བཅས་མཐུན་མིན་གྱིས་ཕྱི་ནང་གི་འབྱུང་ཁམས་ཀྱི་བཅུད་ཉམས་པ་སོང་བའི་མི་མཐུན་པའི་རིགས་དེ་རྣམས་གསོ་བའི་ཐབས་ལ་ཚུལ་དེ་ལྟར་བྱས་པ་ཡིན། དེ་བཞིན་ནམ་མཁའ་རྒྱང་བུའི་རྣམ་པས་བརྒྱན་པ་ནི་སྲོག་ལུས་དབང་ཐང་གསོ་ཐབས། ཡས་བཏགས་སམ་འདོད་ཡོན་གྱི་མཆོད་སྦྱིན་ནི་ཡུལ་ལྷ་གཞི་བདག་དང་བདུད་བཙན་ཀླུ་སྲིན་བཅས་འབྱུང་ཁམས་ཀྱི་བདག་པོ་གཏོད་ཀྱི་རིགས་དེ་རྣམས་ལ་གང་དགོས་ཀྱི་གླུད་ཡས་བསྔོས་པའི་རང་རང་གི་འདོད་པ་ཚིམས་པ་ལ་བརྟེན་ནས། འབྱུང་ཁམས་ཀྱི་འཁྲུག་པ་ཞི་བ་དང་སེམས་ཅན་གྱི་ཕུང་ཁམས་ཀྱི་འགལ་རྐྱེན་བཟློག་པ་སོགས། མདོར་ན་མི་དང་མི་མ་ཡིན་བར་རམ་ཕྱི་སྣོད་དང་ནང་བཅུད་བར་གྱི་འཁྲུག་པ་ཞི་བའི་བྱ་ཐབས་ཁྱད་པར་ཅན་ཞིག་ཡིན་པ་མ་ཚད། མིས་རང་འབྱུང་ཁམས་ལ་བཙོག་མནོལ་འབག་པ་བཟོས་པ་ཞི་ཐབས་ལ་བསང་གསོལ་གྱི་ལྷ་གསོ་དང་རི་འགོར་ཀླུང་རྟ་འཛུགས་པ་སོགས་བསྟན་པས་རིག་གཞུང་འདི་ནི་རང་འབྱུང་ཁམས་སྲུང་སྐྱོབས་བྱ་ཐབས་ཁྱད་པར་ཅན་ཞིག་ཏུ་འཁུམས་སོ། །དེས་ན་མཐོ་སྒང་ལ་གནས་པའི་ཞང་བོད་ཀྱི་མི་རིགས་ཀྱིས་རིག་གཞུང་དེ་རྣམས་བརྟེན་པས། སྔར་ཞང་ཞུང་དང་བོད་རྒྱལ་རིམ་བྱོན་གྱི་སྐབས་རྒྱལ་གཤེན་རྣམས་སྐུ་མཁར་ལ་བརྟེན་པ་ཙམ་ལས། འབངས་ཕལ་ཆེ་བ་སྦྲ་གུར་ལ་གནས་བཅའ་བ་ལས་རང་འབྱུང་ཁམས་ལ་གང་བྱུང་བྱུང་དུ་བེད་སྤྱོད་མི་ཆོག་པའི་རང་བཞིན་གྱི་ཁྲིམས་ལྡན་པ་ཞིག་རེད། དཔེར་ན་བོད་མི་རྣམས་དེང་དུས་ཀྱང་རང་འབྱུང་ཁམས་འཐབ་རྩོད་བྱ་རྒྱུ་ལ་དོགས་འཛེམ་གྱི་གོམ་གཤིས་ལྡན་པ་ནི་སྔར་མའི་རིག་གཞུང་གིས་བཞག་པའི་བག་ཆགས་ཞིག་ཏུ་བསམ་འོས། །འོན་ཀྱང་བོད་ལ་སྲོང་བཙན་ནས་བཟུང་རང་འབྱུང་ཁམས་ལ་འཐབ་རྩོད་ཤུགས་ཆེ་རུ་སོང་ཡོད་ལ། ལྷག་པར་དེང་དུས་དེ་བས་ཀྱང་ཚད་འཇོག་རྒྱུ་མེད་པ་འཕེལ་རྒྱས་སོང་བ་རེད། |
|
|
|