༄༅།། གཡུང་དྲུང་བོན་གྱི་ངོ་སྤྲོད་མདོར་བསྡུས།
ལུང་རྟོགས་བསྟན་པའི་རྒྱལ་མཚན།
ཚོགས་གཉིས་ཟུང་གིས་སྐུ་གཉིས་འགྲོ་ངོར་ཤར།།
མཁྱེན་བརྩེའི་ཉིང་བཅུད་བརྒྱད་ཁྲིའི་འཕྲུལ་ངག་གིས། །
འགྲོ་ཀུན་སྨིན་གྲོལ་འགོད་པའི་དམུ་རྒྱལ་སྲས། །
གང་གི་མཛད་འཕྲིན་ཁག་ཅིག་འདི་ན་བསྟན། །
༧ དེ་ལ་འཛམ་གླིང་ས་ཆེན་པོའི་མཐོ་སྒང་དུ་གནས་འཆའ་བའི་བོད་ཀྱི་ཡུལ་འདིར་སྔར་བྱུང་ཟིན་གྱི་ལོ་རྒྱུས་སྟེང་ཕྱི་མིག་དྲང་པོར་བལྟས་ན་ཆབ་སྲིད་དང་རིག་གཞུང་དཔལ་འབྱོར་བཅས་ཕུན་སུམ་ཚོགས་མྱོང་ཞེས་སྨྲས་ན་མི་སྤོབས་པ་ཅི་ཡང་མེད། དེ་གང་ལགས་ན་རིག་གཞུང་རྙིང་བའི་རྒྱབ་རྟེན་དང་རིག་དངོས་ཀྱི་དཔང་པོ་་ཚད་གསུམ་གྱིས་རིག་པ་བཅས་ཀྱིས་གྲུབ་ཡོད་པ་འཛམ་གླིང་གི་མཁས་དབང་མང་པོས་བཞེད་པས་སོ།། །འོན་ཀྱང་བོད་གཅིག་པུ་མ་ཡིན་པ་ཆབ་སྲིད་དང་རིག་གཞུང་གང་ཞིག་ཡིན་ན་དང་པོ་འཕེལ་བ་དང་བར་དུ་ཉམས་པ་དང་མཐར་ཉམས་གསོའི་ལས་འགུལ་བརྒྱུད་དགོས་པ་ལྡོག་མེད་སྲིད་པའི་རྟེན་འབྲེལ་ལས་མ་འདས་པས། གཡུང་དྲུང་བོན་འདི་ཡང་དེ་སྔོན་རྒྱས་ལ་ཕྱིས་ཉམས་རྒུད་སོང་བ་ཞིག་ཡིན་པ་ནི་ལོ་རྒྱུས་སྟེང་གསལ་ཡོད། འདི་གསོན་ཉམས་ལྡན་པ་ཞིག་གཞོན་སྐྱེས་ཀྱི་བློ་ངོར་འཆར་ཐུབ་ན་བསམ་པའི་རེ་བ་ནི་ཐོག་མཐའ་བར་གསུམ་དུ་བོད་མི་རིགས་ཀྱི་ལ་རྒྱ་ཡོད་པའི་རྒན་གཞོན་ཚང་མའི་བསམ་མནོའི་འཁྱེར་སོ་ཞིག་ཏུ་ཆགས་ཡོད་ཀྱང་། བྱུང་རྒྱལ་གྱི་གཏམ་འཕྲེང་རྒོད་པའི་རྐྱེན་གྱིས་ཞལ་འཚོ་མ་ཐུབ་པ་ཞིག་རེད། །དེས་ན་ང་ཚོ་བོད་རིགས་གཞོན་སྐྱེས་རྣམ་པས་ཐུན་མིན་བོད་ཀྱི་རིག་གཞུང་འཁྲུལ་མེད་ཞིག་འཛམ་གླིང་ཐོག་མངོན་ཐབས་ལ་འབད་བརྩོན་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཤིག་ཏུ་བརྩིས་ནས་འདི་ལྟར་བྲིས་པ་ཡིན། ཁེ་ཕན་གྱི་ངོས་ནས་དཔྱད་ན་འཛམ་གླིང་ཐོག་གི་ལེགས་ཆ་གང་ཡིན་བསྡུ་ཐུབ་ན་དགོས་ངེས་ཀྱང་། བོད་ཀྱི་རིག་གཞུང་བཤད་ཁུལ་གྱིས་གཞན་ལ་ཁུངས་གཏུག་ཅི་ཐུབ་བྱས་ན་ག་ལ་འགྲོ། དཔེར་ན་འཛམ་གླིང་ས་སྒང་ཧྲིལ་པོའི་སྟེང་གི་ཤེས་ལྡན་མི་རིགས་ཤིག་ཡིན་ན་སྤྱིར་སྤྱི་ཚོགས་ལེགས་ཆ་ཡོངས་ལ་དོ་སྣང་དང་། དགོས་སུ་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རིག་གཞུང་དང་ཆབ་སྲིད། དཔལ་འབྱོར་ལག་རྩལ་བཅས་གཟུང་བྱ་ཕྱིན་ཅི་མ་ལོག་པའི་ཐོག་ནས་ཁྱད་འདོན་བྱ་འོས་པ་ཡིན་པས། རང་ལྟ་བུ་ལ་མཚོན་ན་དེ་འདྲ་བའི་ནུས་པ་མེད་ཀྱང་བསམ་པ་དཀར་པོས་བོད་རང་གི་ཐུན་མིན་གྱི་རིག་གཞུང་གཡུང་དྲུང་བོན་ལ་བཟུང་ནས་དེའི་ངོ་སྤྲོད་འབྲི་བའི་ཁུལ་བྱས།།
༧ དེ་ཡང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ན་ཡང་རང་རང་གི་ཆོས་ལུགས་དང་། རིག་གཞུང་ལོ་རྒྱུས་གོམ་སྲོལ་བཅས་ངོ་སྤྲོད་བྱེད་ཚེ། རང་རང་གི་གྲགས་ཅན་མི་སྣས་སོ་སོའི་ས་ཁྱོན་སྟེང་ལ་གསར་གཏོད་བྱས་པ་ལ་སོ་སོའི་རིག་གཞུང་ལབ་པ་ལས། མི་རིགས་གཞན་གྱིས་གསར་བཏོད་བྱས་པ་ལ་རང་གི་ཡིན་པ་དེ་བས་ལབ་གྱིན་མེད། འོན་ཀྱང་རྒྱལ་ཁབ་གཞན་གྱི་འབུར་དུ་ཐོན་པའི་རིག་གཞུང་དང་ལག་རྩལ་སོགས་ལ་ལྷུར་ལེན་ནས་རང་ཉིད་འཕེལ་རྒྱས་གཏོང་བ་ལ་རིགས་འགྲེས་བྱས་པ་ནི་ཁེ་ཕན་དང་མི་རིགས་རང་གི་ཐུན་མིན་གྱི་ལོ་རྒྱུས་བར་དབྱེ་མཚམས་མ་ཤེས་པའི་སྐྱོན་དུ་ཟད།། དེང་དུས་ཁག་ཅིག་གིས་བོད་མི་རིགས་ཀྱི་ལ་རྒྱ་ཟེར་ནས་རྒྱ་གར་གྱི་རིག་གཞུང་དང་རྒྱ་ནག་གི་བཟོ་རྩལ་གཉིས་ཀྱི་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཀྱི་གོ་ཆོད་པར་བྱས། ཕ་མེས་ཀྱི་རིག་གཞུང་དང་ཆབ་སྲིད་ཕ་ལྷ་དང་སྒྲ་བླ་རྣམས་རྡོག་འོག་ཏུ་མནན་ནས་དེ་སྔོན་བྱུང་ཟིན་དང་མ་འོངས་འབྱུང་རྒྱུ་བཅས་ལ་ཐུགས་སེམས་གང་ཡང་མེད་པར་རང་ཕྱོགས་ཀྱི་འདོད་པ་བཀང་ཐུབ་ན་འགྲིག་འདུག་རྒྱུ་ལས། མེས་པོའི་རིག་གཞུང་ལ་དོ་སྣང་དེ་ཙམ་མི་མཛད་པ་རྣམས་ལ་འདི་འདྲ་ལབ་ན་རྣ་བར་གཟན་པ་འབྱུང་སྲིད་ཀྱང་། དོན་དངོས་དང་མཐུན་པའི་བོད་མི་རིགས་ཀྱི་ལ་རྒྱ་ཅན་གཞོན་སྐྱེས་ཀྱི་ཞིབ་འཇུག་པ་འགར་ཕན་པ་འབྱུང་སྲིད་སྙམ་ནས། ཞང་བོད་ཀྱི་རྒྱལ་རབས་རིམ་བྱོན་དང་འབྲེལ་བའི་ཐུན་མིན་གྱི་ལོ་རྒྱུས་ལྡན་པའི་་གཡུང་དྲུང་བོན་གྱི་་ངོ་སྤྲོད་འབྲི་ཁུལ་བྱས།།
༧ དེ་ལ་ཡང་ཞང་བོད་ཀྱི་ས་ཆེན་པོ་འདིའི་སྟེང་ས་སྐྱེས་རྡོ་སྐྱེས་ཀྱི་ཚུལ་དུ་བྱུང་བའི་གདོད་མའི་ཆོས་དང་། གཤེན་གྱི་རིག་པས་གཏན་ལ་ཕབ་པའི་གཡུང་དྲུང་བོན་གཉིས་ཀྱི་དབྱེ་འབྱེད་གལ་ཆེ་བས་་དང་ཐོག་་གདོད་མའི་བོན་ནི་སྔ་ཐོག་ལོ་ངོ་༣༠༠༠༠ཡར་སྔོན་ནས་དམངས་ཀྱི་འཚོ་བའི་ཁྲོད་བདེ་སྡུག་གམ་ཕན་གནོད་གཉིས་ལ་བརྟེན་ནས་བྱུང་བ་སྟེ། གདོད་མའི་མི་རྣམས་ལྷ་ཀླུ་དང་བདུད་བཙན་ལྷན་དུ་འཚོ་བ་སྐྱེལ་གྱིན་ཡོད། མི་མ་ཡིན་དེ་རྣམས་མི་ལས་རྩལ་སྟོབས་ཆེ་བ་ཡིན་པ་དང་། ཁོང་རྣམས་ལ་མིའི་འབྲེལ་བ་གང་ཟབ་ན་དེ་ལ་སྡོང་གྲོགས་ཆེ་བའམ་་རོགས་སྐྱོར་མང་བ་མ་ཟད། དེ་རྣམས་ནི་བཀོལ་སྤྱོད་དུད་འགྲོ་དང་ཤ་ཁྲག་ལ་དགའ་བ་ཡིན་སྟབས། དེས་འབྲེལ་བ་བཙུགས་ཏེ་མི་སོ་སོའི་ཁེ་ཕན་བསྒྲུབ་པའི་དུས་སྐབས་ཤིག་བྱུང་། རིམ་བཞིན་མི་མ་ཡིན་དེ་རྣམས་མི་དང་དངོས་ཀྱི་འབྲེལ་གཏུག་བསྐལ་ཡང་། མི་རྣམས་ཀྱིས་རང་རང་ལ་འགྲོགས་པའི་བདུད་བཙན་གྱིས་ཚེ་འདིའི་་ཕན་གནོད་ལ་ལྟོས་ཏེ། ཕན་མཁན་ལ་ལྷ་དང་གནོད་མཁན་འདྲེར་བཟུང་ནས་ལྷ་ལ་མཆོད་སྒྲུབ་དང་འདྲེ་ལ་བཀར་ཡས་སོགས་ཀྱི་ཆོས་ལུགས་ཤིག་རང་རྡོལ་དུ་བྱུང་། དེའི་མཆོད་སྦྱིན་གྱི་ཡས་ལ་ཤ་ཁྲག་ཙམ་མ་ཟད་དུད་འགྲོ་གསོན་པོ་ཡང་སྟེར་བས། རང་ལ་གནས་སྐབས་ཕན་པ་ཞིག་བྱུང་ན་་གཞན་གྱི་བདེ་སྡུག་ལ་བསྟུན་ཀྱི་མེད་པར་བརྟེན། ཆོས་ལུགས་དེའི་ནང་གཞན་སྲོག་ལ་འཚེ་བའི་དམར་མཆོད་སོགས་བྱུང་ཡོད། བོན་དེ་ནི་རང་རང་གི་འདོད་མོས་ལ་བརྟེན་ནས་བྱུང་བའི་གནས་སྐབས་ཀྱི་བོན་ཙམ་ལས་དཔྱད་པ་གསུམ་གྱིས་གཏན་ལ་ཕབ་པའི། ཕུགས་ཐག་རིང་པོའི་ཕན་པ་སྒྲུབ་བྱེད་ཀྱི་རིག་པའི་གཞུང་ལུགས་ཤིག་མ་ཡིན་པས། དེའི་སྲོལ་འབྱེད་ཀྱི་སྟོན་པ་དང་ཚུལ་ལྡན་གྱི་རྒྱུད་འཛིན་བཅས་འདི་ཡིན་མེད་པར་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཞིག་ཏུ་ཆགས་ཡོད།།
༧ དེར་བརྟེན་སྟོན་པ་གཤེན་རབ་མི་བོས་གདོད་མའི་བོན་དེ་བཀག་ནས་དེའི་ཚབ་ཏུ་སྲོགས་ཆགས་ཀྱི་གཟུགས་བརྙན་ཟན་དང་ཤིང་བྱང་ལ་སྤར་གདབ་ནས་འདོད་པའི་ཡས་རྫས་སྣ་ཚོགས་བསགས་པ་རྣམས། སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་ཚིག་བཤད་ཀྱིས་བདུད་བཙན་རྣམས་ལ་བསྔོ་ཐབས་ཟབ་པའི་མདོ་ཆོག་གསུངས་ཡོད་པ་ནི། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ཏི་སེའི་འོད་དུ་ལུང་དྲངས་པ། བོན་གཞུང་སྣང་སྲིད་སྤྱི་མདོས་ལས། བདུད་བོན་གྱི་དམར་ཐབ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མས་མཆོད། དམར་ཐབ་ཀྱི་འདྲེས་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། གདོན་བོན་གྱི་ཤེ་ཆུའི་སྐྱེམས། གཤེན་རབ་ནི་ཅི་དགྱེས་ཏེ། གདོན་འདྲེ་དེ་ཆམ་ལ་ཕབ། འབྲུ་དཀར་ཀྱི་ཡུ་ཏིས་མཆོད། ཤེ་ཆུ་ཡི་འདྲེས་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། ཞེས་དང་། ཤེ་ཐུན་གྱི་མཆོད་པ་ལ། བདུད་རྗེ་ནི་ཅི་དགྱེས་ཏེ། གཤེན་རབ་ནི་མཐུ་ཆེ་བས། སྲོག་བདུད་དེ་ཆམ་ལ་ཕབ། གནག་ཕྱུགས་ཀྱི་གླུད་ཀྱིས་བརྔན། བླ་སྲོག་གི་འདྲེས་བྱུང་ན། གུ་ལང་ལ་ནོངས་པ་མཐོལ། ཞེས་དང་། བཙན་རྗེ་ནི་ཅི་ལ་དགྱེས། བཟའ་བ་དེ་ཤ་ལ་རྔམ། བཏུང་བ་དེ་ཁྲག་ལ་རྔམ། ལེན་པ་དེ་སྲོག་དབུག་ལེན། མཐུན་པ་དེ་བགེགས་དང་མཐུན། སྡོངས་པ་དེ་བདུད་དང་སྡོངས། སྐྱོབས་པ་དེ་བདུད་བོན་སྐྱོབས། འཚེ་བ་དེ་འགྲོ་ལ་འཚེ། གཤེན་རབ་ནི་བཀའ་བཙན་པས། ཛྭོ་དམར་ནི་ཀླད་ལ་གཟེར། ཁས་ལེན་ནི་གཤེན་ལ་ཞུས། སྲོག་ཐག་ནི་གཤེན་ལ་ཕུལ། སྲོག་གླུད་ལ་ནམ་མཁས་བརྔན། དབུགས་གླུད་ལ་རླུང་གིས་བརྔན། དྲོད་གླུད་ལ་མེ་ཡིས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཤ་གླུད་ལ་ཁམས་སས་བརྔན། མཐུན་རྫས་ནི་འདི་བཤམས་ན། ངན་འདྲེས་ཀྱི་ནོངས་པ་མཐོལ། །ཞེས་སོགས་ཀྱི་ལུང་དོན་ལྟར་གཤེན་རབ་ཀྱི་གཡུང་དྲུང་བོན་ལུགས་ཀྱི་རྒྱུ་བོན་སྲོལ་གསར་དུ་བཏོད།།
༧འོན་ཀྱང་དམངས་ཁྲོད་དུ་ཤ་རུས་ལྟ་བུའི་འབྲེལ་བ་ཆགས་ཆེ་བའི་ས་ཆ་འགར་ལོ་༡༠༠༠ཡར་སྔོན་གདོད་མའི་ཆོས་གསོན་ཉམས་དང་ལྡན་པ་ལུས་ཡོད་ལ། ཡུལ་འགར་གཡུང་དྲུང་བོན་དང་ལྷན་དུ་སྤྱོད་པ་ཡང་ཡོད། འོན་ཀྱང་རིག་གཞུང་གི་བདེན་སྟོབས་ཀྱིས་རིམ་བཞིན་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དེ་མེད་པར་སོང་ནས། ད་སྐབས་ཀན་སི་དང་ཡུན་ནན་མངའ་རིས་བཅས་ཀྱི་ས་ཆ་འགའ་ལ་དེ་མཐུན་ཕྲན་ཙམ་ལས་ལུས་མེད།།
༧ རྗེས་སུ་བོད་བརྒྱུད་ནང་བསྟན་པའི་བརྒྱུད་འཛིན་ཡིན་ཁུལ་བ་ཁག་ཅིག་གིས་གདོད་མའི་ཆོས་དང་གཡུང་དྲུང་བོན་གཉིས་ཀྱི་ངོ་བོ་གཅིག་ཏུ་བཟུང་ནས་ལེགས་ཆ་ལ་སྦས་བསྐུངས་དང་ཉེས་ཆ་བསྔོགས་འདོན་བྱས་ནས་ཆབ་སྲིད་དང་ཆོས་ལུགས་མཉམ་བསྡེབས་ཀྱིས་དགག་པ་མཐའ་ཡས་པ་བྱས་ཡོད། ཁ་ཅིག་གིས་གཡུང་དྲུང་བོན་ལ་ཐུན་མིན་བོད་ཀྱི་རིག་གཞུང་གསུངས་ནས་སྣང་ཆེན་བྱེད་པ་ཡང་བྱུང་། དེའི་སྐོར་ལ་ངེས་པར་བརྟག་ན་བན་བོན་གཉིས་ཀའི་དགག་རྒྱུ་གཙོ་བོ་ས་སྐྱེས་རྡོ་སྐྱེས་ཀྱི་ཚུལ་དུ་བྱུང་བའི་གདོད་མའི་བོད་ཀྱི་དམར་མཆོད་ཀྱི་ཆོས་ལུགས་དེ་དང་། རྒྱ་གར་མུ་སྟེགས་ཀྱི་ཆོས་གཉིས་ཡིན་ཀྱང་། ཕྱིས་ཆབ་སྲིད་ཀྱིས་དབང་ཤུགས་ཆེ་དྲགས་པས་གཡུང་དྲུང་བོན་དང་དམ་པའི་ཆོས་གཉིས་ཁ་གཏད་བྱས་པའི་གནས་ཚུལ་ལྷག་ནས་བོད་ཀྱི་ལོ་རྒྱུས་ལ་གྱོང་གུད་ཀྱང་མང་པོ་སོང་ཡོད།།
༧ གཞན་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐབས་བོད་བློན་ཁག་ཅིག་དང་རྒྱལ་པོ་བསྡབས་ནས་བོན་པོས་བོད་ཀྱི་ཆབ་སྲིད་རྒྱ་བསྐྱེད་བཏང་བ་ལ་འགོག་རྐྱེན་བཟོ་དོགས་ནས། བོན་བསྣུབས་ཏེ་གནས་སྐབས་མི་སེར་གྱི་འདོད་བློ་བཀོང་ཐབས་རྒྱ་གར་ཆོས་བྱ་སླ་བ་ཞིག་གདན་འདྲེན་ཞུས་པ་བཤད། དེ་ལྟར་ཡིན་པ་བོན་འདི་རྒྱ་ཆེ་ལ་གཏིང་ཟབ་ཤེས་པའི་དུས་མི་འོང་། རྒྱ་གར་ཆོས་ནི་བྱ་སླ་ལ་ཐུན་མོང་གི་ངོར་ཁམས་གཙང་བ་ཞིག་ཡིན་པ་བཅས་ཀྱིས་ཤེས་པ་མ་ཟད་ཆབ་སྲིད་ཀྱི་རྒྱབ་བསྐྱོར་ལ་བརྟེན་པའི་བན་ཆོས་ཀྱིས་འགྲོ་བ་ཕལ་ཆེར་བློ་ཁ་ཡང་བསྒྱུར། དེར་བོན་ལུགས་འཛིན་པའི་བློན་པོ་རྣམས་མ་གཟོད་ནས་ཕན་ཚུན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་རིང་སྤེལ་ཀྱང་། དོན་དུ་བོན་པོ་རྣམས་ཀྱིས་སྔགས་རྫོགས་ཀྱི་ལྟ་སྤྱོད་སོགས་ནང་སེམས་ཀྱི་སྒོམ་པ་གཙོ་བོ་བྱས་ཤིང་གཡའ་རི་གངས་བྲག་འགྲིམ་ནས་དབུ་སྐྲ་ལྕང་ལོ་དང་མ་བྲལ་བར་སྙོམ་འཇུག་གི་གསང་སྤྱོད་དང་སྦྱོར་སྒྲོལ་སོགས། ཐུན་མོང་གི་ངོར་ལྟ་སྤྱོད་རྩིང་བའི་སྣང་ཚུལ་བྱུང་བ་དང་། བན་དེ་རྣམས་ཉན་ཐོས་ཀྱི་ལྟ་སྤྱོད་བཟུང་ནས་ཕྱི་ཚུལ་གཙོ་བོར་བྱས། མ་ཚད་ཆོས་སྲིད་མཉམ་འབྲེལ་གྱིས་ཐབས་ཇུས་བཙུགས་ནས་གོང་གི་རྒྱལ་པོ་ལ་ལྷ་ལྟ་བུའི་ཆེ་བསྟོད་བྱས་ཏེ། རྒྱལ་པོ་དགྱེས་པའི་ཐབས་ཤེས་སྣ་ཚོགས་དང་དུ་བླངས། འོག་གི་འབངས་མི་སེར་དབང་བསྒྱུར་རྒྱུའི་ཆེད་དུ། རྒྱ་གྲོང་གི་མདོ་ཆེན་ལ་དགོན་པ་རྒྱབ་པ་སོགས་གནས་སྐབས་སུ་མི་སེར་གྱི་འདོད་བློ་བཀང་ཅི་ཐུབ་བྱས་པས། བོན་པོ་དང་རྒྱལ་པོའི་དབར་རྒྱང་ཐག་ཇེ་རིང་དུ་གྱུར་ནས་བོན་ལ་ཕམ་ཉེས་སོང་བ་མ་ཟད། རྒྱལ་འབངས་འགལ་ཟླ་ཤུགས་ཆེར་ཕྱིན་ནས་མཐའ་འབྲས་བོད་གཅིག་བསྒྱུར་གྱི་སྲིད་གཞུང་འཐོར་ཞིག་སོང་སྟེ་་བོད་འབངས་རྣམས་སོ་སོར་ཁ་བྲལ་བར་གྱུར།།
༧ དེ་ནས་བཟུང་བོད་ཀྱི་ཆབ་སྲིད་པ་དང་ཆོས་ལུགས་པ་རྣམས་ཀྱིས་བོད་ཆེན་པོའི་གཅིག་བསྒྱུར་ལ་བསམ་བློ་མ་བཏང་ནས། རང་རང་ལ་འབྲེལ་བ་ཆེ་བའི་ཡུལ་གྱི་མི་གྲགས་རྣམས་ལ་རྒྱབ་རྟེན་བཅོལ་ཏེ་་སོ་སོའི་ཆོས་ལུགས་དར་རྒྱས་གཏོང་རྒྱུ་གཙོ་བོར་བཟུང་བའི་དུས་སྐབས་ཤིག་བྱུང་བས། དུས་ཚོད་དེ་བེད་སྤྱད་ནས་བོད་ཀྱི་མི་ཆེན་དང་བླ་ཆེན་མང་པོ་ཞིག་གིས། རང་རང་གི་འདོད་མོས་བཞིན་བོད་ཀྱི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་སོག་པོའི་དམག་དཔོན་ཁག་ལ་མགོ་བཏགས་ཞུས་ཏེ་ཕྱི་ཕྱོགས་ཀྱི་དམག་སྣ་ནང་དུ་དྲོངས་པའི་ལས་འགུལ་སྤེལ་ནས། བོད་ཀྱི་ལ་རྒྱ་ཞེས་ཁ་གཡར་ཀྱང་དོན་དུ་རང་རང་གི་ཆོས་ལུགས་དར་རྒྱས་གཏོང་བའི་ཆེད་་སྲིད་དབང་ཐོབ་ཐབས་ལ་འབད་པ་དྲགས་པས། བོད་སྔ་མའི་རིག་གཞུང་གི་བང་མཛོད་བོན་གྱི་དགོན་ཆེན་མང་པོ་ཞིག་མེ་ཆུས་དབལ་རིམ་དུ་ཐིམ་པས་ཤེས་པ་མ་ཟད་བོད་ཀྱི་རིག་གཞུང་དང་ཆབ་སྲིད་རྒྱ་དཀར་ནག་གཉིས་ལ་གཏུག་པའི་་དུས་རབས་ཤུགས་ཆེན་ཞིག་ཀྱང་བྱུང་། སྐབས་དེའི་་ལོ་རྒྱུས་ནང་བོད་རྙིང་བའི་ལོ་རྒྱུས་མཐོང་བ་དཀོན་པས། ཆབ་སྲིད་ཀྱི་སྟོབས་ཤུགས་དེས་བོད་ཀྱི་ལོ་རྒྱུས་ལ་ཡང་འགྱུར་བ་མང་པོར་ཆགས་པ་མ་ཚད་བོད་རང་གི་ཐུན་མིན་གྱི་ལོ་རྒྱུས་ལྡན་པའི་རིག་གཞུང་དང་། ཆབ་སྲིད། དཔལ་འབྱོར་ལོ་རྒྱུས་སོགས་ལ་གོད་ཆགས་ཀྱང་ཆེན་པོ་བྱུང་ཡོད་པ་དེང་ཤེས་ལྡན་མི་སྣས་བལྟས་ཙམ་གྱིས་མཐོང་བརྡོལ་འདུག་རྒྱུ་འདི་རེད།། སྐབས་དེ་དུས་བྲིས་པའི་བོད་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་། རང་གི་འདོད་བློ་དང་བསྟུན་མཁན་བྱུང་ན་ལྷ་དང་མི་མཐུན་པ་བྱུང་ན་བདུད། དེ་བཞིན་ཆོས་ལུགས་ལའང་རང་ཉིད་ཀྱིས་དགའ་བའི་ཆོས་ལ་ལྷ་ཆོས་དང་། གཞན་པའི་ཆོས་ལ་བདུད་ཆོས་སམ་མུ་སྟེགས་པའི་ཆོས་ལུགས་ཞེས་རྒྱུ་མཚན་གང་ལ་མ་བརྟེན་པར་དབང་ཤུགས་ཀྱིས་ལབ་ཐུབ་པ་ཞིག་བྱུང་ཡོད་པ་སྟེ། །དཔེར་ན་དོན་དངོས་ལ་སྲོང་བཙན་སྒམ་པོ་ནི་ཆབ་སྲིད་ཐོག་གི་དམག་སྲིད་མཁས་ཅན་ཞིག་ལས་ཆོས་ལུགས་ཐོག་གི་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་དཀའ་ཡང་། ཁོང་རྣམ་པའི་ངོ་ལ་འཕགས་པ་སྤྱན་རས་གཟིགས་དངོས་སུ་གྱུར་པ་དང་། དེ་བཞིན་བསྟོད་ཆེ་སར་མགོ་ཐོག་མགོ་བཞག སྨད་ཆེ་སར་མི་མགོར་གླང་རྭ་བཙུག་པས་ཚུལ་སོགས་སྒོ་དུ་མས་ཤེས།། དེ་རྗེས་ཀྱི་བོད་མི་་རྣམས་ལ་བོད་རང་གི་་ཕ་མེས་ལ་སྨད་པ་དང་། ཕྱི་ཕྱོགས་་ལ་བསྟོད་པའི་ཤན་ཞུགས་ཡོད་པ་ནི་་རྒྱ་གར་རྒྱལ་པོའི་ཆོས་གཡང་དང་། རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་་ལབ་པ་མ་ཟད་་འཛམ་གླིང་ཐོག་ངོམ་རིན་ཆོག་པའི་ལྷ་སའི་ཇོ་བོ་དང་། ཕོ་བྲང་པོ་ཏ་ལ་སོགས་རྒྱ་ཟའི་མཛད་འཕྲིན་ལས། དོན་ངོ་མའི་སྲོང་བཙན་སྒམ་པོའི་མཛད་རྗེས་གབ་པའི་ཚུལ་དུ་གནས། དེར་བརྟེན་ཕྲན་རང་ནས་བོད་རང་གི་ཕ་མེས་ལ་ཞབས་ཞུའི་ཆེད། བོད་ཀྱི་ཐོག་མའི་རིག་པ་སྲོལ་གཏོད་མཁན་༧སྟོན་པ་གཤེན་རབ་དང་འབྲེལ་བའི་རིག་གཞུང་སྐོར་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་བྱས་པ་ཡིན།
༧ དེ་ལ་གཡུང་དྲུང་བོན་འདི་སྲོལ་ཕྱེས་ནས་ད་བར་ལོ་ངོ་༡༨༠༠༠ལོ་རྒྱུས་བོན་ལུགས་ལ་བཤད་ཀྱང་། དེང་དུས་ཐུན་མོང་གི་ངོར་ར་འཕྲོད་ཐུབ་པ་ལོ་༥༠༠༠ལ་ཉེ་ཡོད། འོན་ཀྱང་ཕྱིས་སུ་བོད་པས་རང་ཕྱོགས་ཀྱི་ལོ་རྒྱུས་ཁྱབ་བསྒྲགས་ཆེ་དྲགས་པས་བོད་ཀྱི་ལོ་རྒྱུས་ངོ་མར་བག་ལ་ཞ་བར་བརྟེན། བོད་རང་གི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་མུ་མཐུད་ཞིབ་འཇུག་གི་གནས་སུ་ལུས་པ་དེ་རེད། དེས་ན་སྐབས་འདིར་མེས་པོའི་ལོ་རྒྱུས་ཀྱི་རྨང་གཞི་གཡུང་དྲུང་བོན་ལ་བཟུང་དགོས་དོན་ནི་བོད་རང་སའི་རིག་གཞུང་ཡིན་པའི་དབང་གིས་ཡིན། །གཡུང་དྲུང་བོན་ལ་ཡང་་ནང་གསེས་ཐེག་པ་རིམ་དགུའི་བོན་དང་་སྒོ་བཞི་མཛོད་ལྔ་་ཕྱི་ནང་གསང་གསུམ་བཅས་བསྟན། དེའི་ཚུལ་ལ་གཤེན་རབ་ཉིད་ཀྱིས་རིག་གཞུང་གི་ལྟ་གོན་དུ་་རིན་པོ་ཆེའི་རིགས་བཞུ་བླུག་དང་་བརྡུང་འཐར་་་དྲ་དྲུབ་སོགས་དང་། ཡིག་གཟུགས་འབྲི་སྦྱངས་སྐོར་སོགས་ཆོས་ལུགས་གཅིག་པུའི་མཁོ་ཆས་མ་ཡིན་པ་འབངས་ཀྱི་མཁོ་ཆས་བཟོ་རྒྱུ་སྒོ་འབྱེད་བྱས་ནས་བཟོ་རིག་པ་གཏན་ལ་ཕབ་་རྨང་གཞི་དེའི་ཐོག་ནས་གཡུང་དྲུང་བོན་གྱི་རིག་གཞུང་སྲོལ་ཕྱེས་པས།།
༧ དང་པོ་ཐེག་པ་རིམ་དགུ་ནི། རྒྱུ་ཡི་བོན་བཞི་དང་འབྲས་བུའི་བོན་ལྔའོ། །འདིའི་རྒྱུ་བོན་བཞི་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལས་འབྲས་ལ་ཡིད་ཆེས་བསྐྱེད་ནས་དགེ་སྡིག་སྤང་བླངས་དང་བྱམས་སྙིང་རྗེ་སོགས་ཕྱག་སྐོར་སྒྲིབ་སྦྱོང་ལ་བརྩོན་ཤེས་པ་ཙམ་གྱི་གང་ཟག་རྣམ་པའི་སྤྱོད་སྐལ་ཡིན་ལ། ༧ འབྲས་བུའི་བོན་ལྔ་ཡི་ཕྱི་མ་གསུམ་ནི་བློ་ལྡན་རིག་པ་ཅན་གྱིས་གཟབ་ནན་སློབ་སྦྱོང་བྱ་རྒྱུའི་སྤྱོད་སྐལ་ལས་མགོ་མཐོང་རྭ་མཐོང་ཙམ་གྱིས་ཤེས་མི་ཐུབ་པ་ཞིག་རེད།།
༧ རྒྱུ་བོན་བཞི་ཡི་དང་པོ་ཕྱྭ་གཤེན་ཐེག་པས། མོ་པྲ་་སྨན་རྩིས་་གཏོ་དཔྱད་བཅས་ཀྱིས། འགལ་རྐྱེན་ནད་གདོན་བགེགས་སོགས་མི་མཐུན་ཕྱོགས་གང་གིས་གནོད་པ་དང་། འགོ་བའི་ལྷ་ལྔ་སོགས་ལུས་ལྷ་གང་གིས་སྡོང་གྲོགས་ཉམས་མིན་གཏན་ལ་ཕབ།།
སྣང་གཤེན་ཐེག་པ་ནི། དོན་རྐྱེན་གང་ལྷག་པ་དེ་བཅོས་ཐབས་ཀྱི་གཏོ་ཆོག་་མཁའ་ཀློང་མདོས་ཆེན་ལྟ་བུ། དེ་ལ་ཡང་ཕྱི་ནང་སྣོད་བཅུད་ཀྱི་ཁམས་ལྔའི་རྒུད་པ་གསོ་ཐབས་ལ་དབུས་ཀྱི་རི་རྒྱལ་དང་གླིང་བཞི་གླིང་ཕྲན་དང་སྤར་སྨེ་སོགས་ཀྱི་བཀོད་པ་ལྡན་པ་དང་། སྲོག་ལུས་དབང་ཐང་གསོ་ཐབས་ནམ་མཁའ་རྒྱང་ཐག་སྐོར། ཁམས་ལྔའི་དར་གུད་གསོ་ཐབས་དར་མཚོན་སྣ་ལྔའི་རླུང་རྟ་སོགས་དང་། བྱ་གཅན་རི་གཡུང་གི་གཟུགས་བརྙན་དང་ཤེལ་ཚིག་དཀར་ནག་སོགས་་མདོས་ཡས་ཀྱིས་ས་བདག་ཀླུ་གཉེན་སོགས་མི་མ་ཡིན་གྱི་རིགས་འདོད་པ་བཀང་་ཐབས་དང་། གཞན་ཡང་བླ་བསླུ་ཐབས་ཀྱི་ཆོ་གའི་ནང་བླ་གཡུ་ཞེས་བླ་འཁོར་རྟེན་གྱི་རྫས་ཆ་དང་། རང་འབྱུང་ཁམས་ལྔའི་རྒུད་པ་གསོ་ཐབས་འབྱུང་ལྔའི་རིམ་གྲོ་སྟེ། སྨན་སྣ་དང་རིན་ཆེན་གྱི་རིགས་་ས་ཆུར་གཏེར་སྦས་ཐབས་གཏེར་བུམ་གྱི་ཆོ་ག་དང་། དེ་བཞིན་རིན་པོ་ཆེའི་རིགས་དེ་རྣམས་ས་ལ་སྦས་ན་ས་ཡི་བཅུད་གསོ་བ་དང་། ལུས་ལ་འཆང་ན་ལུས་ཁམས་གསོ་བའི་རིག་གཞུང་ཡང་འདིར་བསྟན།།
འཕྲུལ་གཤེན་ཐེག་པ་ནི། ཞི་བ་མདོས་ཀྱིས་མི་ཐུལ་བ་ལ། དྲག་པོའི་འགུགས་སྒྲོལ་སྲུང་ཟློག་བཅས་ཀྱི་ལས་མཐའ་ཇི་སྙེད་བྱུང་། འདི་ལ་བསྙད་ནས་བོན་ལ་སྡང་བ་འགས་བོན་པོས་མཐུ་རྒྱབ་གི་རེད་ཟེར་མོད། སྤྱིར་བོན་ལ་དྲག་པོའི་འགུགས་སྒྲོལ་བསྟན་ཡང་། དེའི་དམ་ཚིག་ནང་སེམས་ཅན་སྤྱི་ལ་གནོད་འཚེའི་བདག་པོ་དང་། སངས་རྒྱས་ཀྱི་བསྟན་དགྲ་སྒྲལ་ཆེད་ལས། དེ་མིན་གང་བྱུང་དུ་སྤྱོད་ན་བྱེད་པོ་རང་གི་སྲོག་ལ་དབབ་པ། སྲུང་མ་ལ་ཐ་ཚིག་བགོས་པས་་རྙིང་རྗེའི་བོན་དང་འགལ་བ་ཞིག་མ་ཡིན།།
སྲིད་གཤེན་ནི་གཤིན་ཆོག་ཞེས། ཤི་བ་བར་དོ་བ་འདུལ་ཐབས་ཡིན། ༼དེ་ཡང་སེམས་ཅན་གང་ཞིག་ལུས་རྟེན་གཅིག་བྲལ་ནས་རྟེན་གཞན་ཞིག་མ་བརྙེད་པའི་བར་ལ་བར་དོ་ཟེར།༽ བར་དོ་བ་དེ་ཡི་བླ་ཡིད་སེམས་གསུམ་གྱི་སྟེང་བདེ་སྡུག་བསགས་ཀྱི་ཡོད། བསགས་ཚུལ་ནི་བླ་ཡིད་སེམས་གསུམ་ལྷན་ཅིག་ཏུ་གནས་ན་བདེ་བ་དང་། སོ་སོར་ཁ་ཕྲལ་ན་སྡུག་བསྔལ་དང་འཇིགས་སྐྲག་འབྱུང་། དེའི་སྡུག་བསྔལ་སྟེར་མཁན་་གཙོ་བོ་གཤེད་པོ་ཞེས་བླ་ཡིད་སེམས་གསུམ་ཁ་ཕྲལ་ནས་ཤྭ་བ་ཁྱི་ཡིས་འདེད་པ་བཞིན་དུ་བླ་ཡིད་ལ་གནོད་འཚེ་བཟོ་བ་པོ་དང་། བར་དོའི་ལས་མཁན་ནི་འགྲོ་བ་སོ་སོའི་ལས་སྣང་དབང་གིས་གཟུགས་བརྙན་མི་སྡུག་པ་བརྒྱ་ཕྲག་ལས་བརྒལ་བར་ཤར་ནས་སྡུག་བསྔལ་འབྱུང་བས། གཤེད་པོ་དང་ལས་མཁན་དེ་རྣམས་ཕ་རོལ་དུ་ཚེ་ལས་འདས་པ་པོ་རང་ཉིད་ཀྱིས་ལས་ངན་བསགས་པའི་དབང་གིས་ཤིན་ཏུ་འཇིགས་ཤིང་རྔམ་པ་མཐོང་ནས་སྡུག་བསྔལ་བ་དེ་ལྡོག་ཐབས་ཀྱི་ཆོ་ག་ལ་འདུལ་ནག་ཅེས་འདུལ་གྱི་སྐོར་ཏེ་་དེང་སང་གཏོ་འདུལ་ཟེར་གྱི་ཡོད། འདུལ་དཀར་ཞེས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་གཅིག་ཏུ་སྟིམ་་ནས་ཏིང་འཛིན་སྟོབས་ཀྱིས་དེ་ཉིད་བར་ས་ནས་མཐོ་རིས་ཀྱི་་བདེ་བ་འགོད་ཐབས་འཕོ་བའམ་་བྱང་ཆོག་་སྐོར་ཡིན། དེ་བཞིན་གཤེན་པོའམ་་ཏིང་འཛིན་གྱིས་ཤི་གསོན་བར། མཚམས་སྦྱར་གྱི་འཚོ་བ་སྤྲད་སྟངས་དང་། བར་དོའི་སྣང་བའི་ཡིན་ལུགས་ངོ་སྤྲོད་དང་ལས་འཕྲོ་གསོ་ཐབས་ཀྱི་སྨོན་ལམ་སོགས་བསྟན། མདོར་ན་སྣང་གཤེན་དང་འཕྲུལ་གཤེན་གཉིས་གསོན་གྱི་རིམ་གྲོ་དང་སྲིད་གཤེན་ཚེ་འཕོས་པའི་བར་དོ་་འདུལ་ཐབས། ཕྱྭ་གཤེན་དེ་དག་གི་ལེགས་ཉེས་ལྟང་རྩིས་ཀྱི་བོན་ཡིན་པར་བཤད། ཐེག་པ་འདི་བཞིའི་སྒོར་ཞུགས་པའི་གང་ཟག་ནི། ཐེག་སྒོར་ཞུགས་ལ་ལམ་སྒོར་མ་ཞུགས་པ་ཡིན་པས་གང་ཟག་བདག་མེད་ཁས་ལེན་པ་་ཙམ་ལས། ལས་ཉོན་གྱི་གཉེན་པོ་འགྲོ་བའི་བདག་མེད་དང་བདེན་མེད་རྟོགས་མི་ཐུབ་པར་བཤད། དེས་ན་བོན་གྱི་གཞི་སྐྱབས་འགྲོ་དང་སེམས་བསྐྱེད་ཅེས་ཡར་དཀོན་མཆོག་གསུམ་ལ་སྐྱབས་ཞུ་བ་དང་། མར་རིགས་དྲུག་ལ་ཚད་མེད་བཞི་ཡི་བྱམས་སྙིང་འཆང་སྟེ་་དཀར་པོ་དགེ་བའི་ལས་དང་མཆོད་སྦྱིན་སོགས་བློ་ཡིས་ཐེག་ཚོད་ཀྱི་བོན་བྱ་ཞིང་་གནས་སྐབས་་ཉོན་མོངས་རྒྱུ་བ་བཀག་ཙམ་ལས། ལས་ཉོན་གྱི་གཉེན་པོར་འགྲོ་བའི་ས་ལམ་གྱི་རྣམ་བཞག་ནི་ཐེག་པ་འདི་བཞི་ལ་མེད་པ་མཁས་པ་མང་པོས་གསུངས། ༧ གཤེན་རབ་ཀྱིས་འདི་བཞི་བསྟན་པའི་དགོས་པ་གདུལ་བྱའི་ཁམས་ལ་ཉོན་མོངས་པ་སྤང་ནས་ཐར་པ་དང་སངས་རྒྱས་སྒྲུབ་ཐུབ་པ་ཞིག་དང་། ཉོན་མོངས་སྤངས་མ་ཐུབ་ཀྱང་གནས་སྐབས་ཚེ་བསོད་ལོངས་སྤྱོད་རྒྱས་ཐབས་ལ་བརྩོན་པ་གཉིས་ལས་ཕྱི་མ་ལ་ལྟོས་ནས་གསུངས་པ་ཞིག་ཡིན། རྒྱུ་བོན་གང་ལ་སྤྱོད་ན་ཚད་མེད་བཞི་ཡིས་རྩིས་བཟུང་སྟེ་སྐྱེ་འགྲོའི་སྲོག་ལ་འཚེ་བ་སྤང་བ་དང་། སྡུག་བསྔལ་མངོན་གྱུར་ལ་སྐྲག་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ། རང་བློས་ཐེག་ཚོད་ཀྱིས་བདེ་བ་ལ་དམིགས་ཏེ་དགེ་བཅུ་སྒྲུབ་པ་སོགས་ཡོད་པ་སྟེ། སུམ་བརྒྱ་པ་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། །ཞེས་དང་། རྫས་ལྔ་རིན་ཆེན་སྒྲོན་མ་ལས། །རྒྱུ་ཡི་མཆོད་པ་སྡིག་མ་འདྲེས། །སྡིག་འདྲེས་མཆོད་པའི་ལྷ་མི་མཉེས། །ཞེས་དང་། མདོ་དྲི་མེད་ལས། ཆབ་ནག་རྒྱུ་ཡི་བོན་ལ་སྤྱོད་པའི་ཚེ། །སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྲོག་མི་གཅོད། །ཅེས་སོགས་ཀྱིས་བོན་ཁྲིམས་གཏན་ལ་ཕབ་ནས་་གང་དྲན་བྱུང་རྒྱལ་གྱི་བོན་སྤྱོད་བཀག །གལ་སྲིད་དེ་འདྲའི་གནས་ཚུལ་ལྷག་ན་སྡིག་ཅན་མི་དགུ་དམྱལ་བར་ལྟུང་བའི་གཏམ་རྒྱུད་བཅས་ཀྱིས་་རྒྱུ་ཡི་བོན་དང་བོན་སྤྱོད་ཀྱི་བཅའ་ཁྲིམས་མཐུན་སྒོ་ཚང་བ་གཏན་ལ་ཕབ་ནས་ཕྱི་རབས་པའི་སྤྱོད་སྐལ་དུ་བཞག་ཡོད།།
༧ འབྲས་བུའི་ཐེག་པ་ལྔ་ནི། དགེ་བསྙེན་དང་། དྲང་སྲོང་། ཨ་དཀར། ཡེ་གཤེན་བླ་མེད་རྫོགས་ཆེན་དང་ལྔའོ། །དེ་ལྔ་ལ་ཕྱི་ནང་གསང་གསུམ་མམ། སྤང་སྒྱུར་གྲོལ་གསུམ་ཕྱེས་ན། དང་པོ་གཉིས་སྤང་ལམ་དང་། བར་པ་གཉིས་སྒྱུར་ལམ། ཕྱི་མ་གྲོལ་ལམ་དུ་བཞག་པས།
དང་པོ་དགེ་བསྙེན་གྱིས་གཙོ་བོར་སྒོ་གསུམ་དགེ་བར་བསྙེན་པ་སྟེ། ལུས་དགེ་བར་བསྙེན་ཐབས་ལྷ་ཁང་བཞེངས་བཀོད་དང་། རྒྱལ་བའི་སྐུ་གཟུགས་དང་། ཐུགས་ཀྱི་མཆོད་རྟེན་དང་གསུངས་རབ་བླུག་བརྡུང་འབྲི་གསུམ་བྱེད་པ་མ་ཟད། རྡོ་འབུམ་དར་ལྕོག་འཁོར་ལོའི་རིགས་སོགས་ཀྱིས་ལུས་དགེ་བར་བསྙེན་ལ། སྙིང་པོ་རྣམ་གསུམ་དང་ཁ་འདོན་བཟླས་བརྗོད་གྲངས་བསགས་ཏེ་ངག་གིས་དགེ་བར་བསྙེན། ཚད་མེད་བཞི་དང་བདག་མེད་རྟོགས་པའི་ཏིང་ངེ་འཛིན་སྒོམ་པས་ཡིད་དགེ་བར་བསྙེན། གཞན་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་སོགས་ཁྱིམ་པའི་སྡོམ་པ་དང་་རབ་བྱུང་གི་སྡོམ་པ་སོགས་སྲུང་ཞིང་། ཐེག་པ་འདིར་ཐར་ལམ་ལ་བརྟེན་ནས་ལས་ཉོན་སྤངས་པས་སངས་རྒྱས་འབྲས་བུ་ཐོབ་རྒྱུ་ཡོད་པར་བསྟན།།
གཉིས་པ་དྲང་སྲོང་ལ་གཙོ་བོར་ལྟ་སྤྱོད་གཉིས་ཏེ། བདེན་མེད་སྤྲོས་བྲལ་གྱི་ལྟ་བས་རང་རྒྱུད་དྲང་པོར་བྱས་ཤིང་། ཁྲིམས་ཉིས་བརྒྱ་ལྔ་བཅུས་གཞན་འཁྱོག་སྲོང་བ་སྟེ། ལྟ་བ་བདེན་མེད་དང་། སྤྱོད་པ་འདུལ་ཁྲིམས་ཉེར་ལྔ་དང་། དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་་གང་རུང་དང་་གཞན་བྱང་ཆུབ་སེམས་ཀྱི་སྡོམ་པ་སོགས་བསྲུང་དགོས། འདི་ཉིད་ལ་ས་བཅུ་ལམ་ལྔའི་རྣམ་བཞག་ཆ་ཚང་བ་མ་ཟད་རྒྱུ་མཚན་ཉིད་ཀྱི་ཐེག་པ་གཅིག་པུར་མ་ཡིན་པར་གསང་སྔགས་ཕྱི་རྒྱུད་ཀྱི་མཆོད་སྦྱིན་དང་ལྟ་སྤྱོད་སོགས་གཞུང་འདིའི་དགོངས་དོན་དུ་བསྟན་ཡོད།།
གསུམ་པ་ཨ་དཀར་ཐེག་པའི་ལྟ་བ་ནི། དཀོར་བདུན་ལྷུན་འགྲུབ་ཀྱི་མ་བཅོས་སྤྲོས་བྲལ་དེ་བཞིན་ཉིད་དང་། སྤྱོད་པ་བློ་ལྡོག་རྣམ་བཞིར་མྱོང་བ་ཐོན་པར་བྱས་ནས་སྐྱབས་སེམས་ཟུང་འབྲེལ་གྱིས་སྒྲིབ་གཉིས་སྦྱང་སྟེ་་སྦྱོར་སྒྲོལ་ཁྱད་པར་ཅན་གྱིས་ཟིན་པའི་ཚོགས་མཆོད་དང་སྨན་རག་བཅས་ཀྱིས་ཚོགས་བསགས། ལམ་བསྐྱེད་རྫོགས་གཉིས་ཀྱིས་ཐ་མལ་གྱི་སྣང་ཞེན་བཅོམ་ན་ས་ལམ་རིམ་པར་བགྲོད་དེ། འབྲས་བུ་རིག་འཛིན་རྣམ་བཞི་དང་ལྷུན་འགྲུབ་རིགས་ལྔའི་ཞིང་ཁམས་མངོན་དུ་གྱུར་པ་སོགས་དང་། སྡོམ་པ་ནི་བྱང་ཆུབ་སེམས་དང་གསང་སྔགས་ཀྱི་རྩ་བ་དང་ཡན་ལག་བསྲུང་དགོས།།
བཞི་པ་ཡེ་གཤེན་པའི་ལྟ་བ་ནི། དཀོར་བདུན་ཙམ་མ་ཟད་རང་བཞིན་ལྷུན་འགྲུབ་མ་བཅོས་གཤིས་ཀྱི་གནས་ལུགས་དེ་བཞིན་ཉིད་ལ་འདོད་ཅིང་། སྤྱོད་པ་དང་ཚོགས་བསགས་ལམ་བགྲོད་སྟངས་བཅས་དམིགས་གསལ་འགའ་ཞིག་ལས་གོང་དང་མཚུངས།།
ལྔ་པ་ཡེ་ནས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ནི། སྐུ་དང་ཞིང་ཁམས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དབྱིངས་ཤེས་དབྱེར་མེད་པའི་ཀློང་དུ་ཡེ་ཤར་ཡེ་རྫོགས་རང་བཞིན་ལྷུན་གྱིས་གྲུབ་པའི་ཐིག་ལེ་ཉག་གཅིག་དེ་ཡིན་ལ། སྤྱོད་པ་བློ་ལྡོག་བཞི་དང་འབུམ་དགུ་བསགས་སྦྱོང་་ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་ཕར་ཕྱིན་བཅུ་སོགས་དང་། ཐུན་མིན་མ་བཅོས་རང་གྲོལ་གྱི་དགོངས་ཉམས་ཤར་ན་་་དགེ་སྡིག་བླང་དོར་མེད་པའི་ཐོག་ཉོན་མོངས་པ་ཆེད་གཉེར་བྱེད་དེ་སྤངས་མི་དགོས་པར་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་རྟུལ་ཤུགས་ཀྱི་སྤྱོད་པ་འཆང་མཁན་ཡང་ཡོད།།
དེ་འདྲའི་ཚུལ་རྫོགས་ཆེན་གྱི་གཞུང་ལ་སློབ་སྦྱོང་ཚུལ་བཞིན་བྱས་ན་གོ་བ་ཟབ་མོ་ཡོད་ཀྱང་། ཚིག་སྤྱི་ཙམ་གྱི་གོ་བ་འདོད་མཁན་ལ་བཞད་གད་སློང་བའི་རྐྱེན་དུ་འགྲོ། དེས་ན་རྫོགས་ཆེན་གྱི་ཚིག་དེ་རྣམས་རྟོགས་གོམས་ཕུན་སུམ་འཚོགས་པའི་བློ་རྩལ་ཅན་གྱི་སྤྱོད་སྐལ་ལས་གཅམ་བུའི་ངོ་དགའ་ཙམ་གྱིས་ཤེས་དཀའ་བས་དོན་དགོས་གལ་ཆེ།།
༧ གཉིས་པ་སྒོ་བཞི་མཛོད་ལྔ་ཡི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ནི་གོང་གི་རྒྱུ་བོན་དང་མཐུན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། བྱམས་མ་འབུམ་ལྔ་དང་། འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་དོན་ཏེ། ལྟ་བ་བདེན་མེད་སྤྲོས་བྲལ་དེ་བཞིན་ཉིད་དང་། ཕར་ཕྱིན་བཅུ་ཡི་སྤྱོད་པ་དང་་ཚོགས་ལམ་་སྦྱོར་ལམ་་མཐོང་ལམ་་སྒོམ་ལམ་་བར་ཆད་མེད་ལམ་བཅས་ཀྱིས་ལས་དང་ཉོན་མོངས་་སྤང་ནས་ས་བཅུ་རིམ་པར་བསྒྲོད་དེ། མཐར་ཐུག་སྐུ་གསུམ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད།། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་ནི། གོང་གི་ཨ་དཀར་དང་། ཡེ་གཤེན་གཉིས་དང་མཐུན་ཡོད།། དཔོན་གསས་མན་ངག་ལུང་གི་བོན་ནི། རྫོགས་ཆེན་དང་མཐུན།། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་གཞུང་གིས། ཕྱི་སྣོད་ཀྱི་ཆགས་ལུགས་་ནང་བཅུད་ཀྱི་གྲོལ་ཚུལ། དགེ་སྡིག་གི་ཁྱད་པར་ལམ་འབྲས་ཀྱི་རྣམ་བཞག་སོགས་ཐེག་དགུའི་ལུགས་བཞིན་གྲུབ་མཐའ་སོ་སོའི་ལྟ་སྤྱོད་ཀྱི་ཁྱད་ཆོས་བསྟན་སྟངས་ལྟར་མ་ཡིན་པར། བོན་སྤྱི་ཡི་དགོངས་དོན་གཏན་ལ་ཕབ་པ་ཏེ་་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་ཞེས་གསུངས་པས་འགྲུབ་བོ།།
༧གསུམ་པ་སྤང་སྒྱུར་གྲོལ་གསུམ་གྱི་སྤང་ལམ་ནི། འབྲས་ཐེག་ལྔ་ཡི་དགེ་བསྙེན་དྲང་སྲོང་ལྟ་བུའོ།། སྒྱུར་ལམ་ནི་ཨ་དཀར་དང་ཡེ་གཤེན་ལྟ་བུ། གྲོལ་ལམ་ནི་རྫོགས་ཆེན་དང་མཐུན། དེ་གསུམ་ཀའི་ཉོན་མོངས་རང་ཁ་མ་རྣམས་སྤང་དགོས་པ་གཅིག་མཚུངས་ཡིན་ཀྱང་་སྤང་སྟངས་ལ་ཁྱད་པར་ཡོད་པ་ཡིན། སྤང་ལམ་པས། ཉོན་མོངས་ཀྱི་གཉེན་པོ་ལོག་གཅིག་ནས་སྦྲན་ཏེ་སྤོང་དགོས་པས་སྤང་བྱ་གཉེན་པོ་ཁ་གཏད་ཀྱི་ཚུལ་དུ་ཡོད་དགོས་པ་སྟེ་དཔེར་ན་སྐྱེ་འགྲོ་ཕལ་གྱི་ངོར་བཙན་དུག་དེ་ཉིད་ཕར་བསལ་ཏེ་་ཕན་བྱེད་ཀྱི་སྨན་ཞིག་ལོག་ནས་བརྩལ་དགོས་པ་ལྟ་བུའོ།། སྒྱུར་ལམ་པས། སྤང་བྱ་བསལ་བྱེད་ཀྱི་གཉེན་པོ་ཞིག་ལོག་ནས་མི་དགོས་པར། སྤང་བྱ་ཉོན་མོངས་པ་དེ་བྱ་ཐབས་ཁྱད་པར་ཅན་བསྐྱེད་རྫོགས་གཉིས་ལ་བརྟེན་ནས་ཉོན་མོངས་པ་དེ་ཉིད་ཡེ་ཤེས་སུ་བསྒྱུར་བར་བྱེད་པ་དེ། དཔེར་ན་སྨན་པ་མཁས་པའི་རྫས་སྦྱོར་གྱིས་བཙན་དུག་དེ་ཉིད་་སྨན་དུ་བསྒྱུར་ཏེ་་སྐྱེ་འགྲོའི་ལུས་ཁམས་གསོ་ཐུབ་པར་འགྱུར་བ་བཞིན་ནོ། །གྲོལ་ལམ་པས་ཉོན་མོངས་དེ་ཉིད་སྤང་བསྒྱུར་གང་ལ་མི་ལྟོས་པར་མ་བཅོས་རང་བབས་ཀྱི་ལྟ་བས་ཉོན་མོངས་ཉིད་ཡེ་ཤེས་རང་དུ་གྲོལ་བ་སྟེ། དཔེར་ན་རྨ་བྱའི་ངོར་བཙན་དུག་དེ་ཉིད་བཟོ་བཅོས་གང་ཡང་མི་བྱེད་པར་དེ་ག་རང་དུ་ཟོས་ན་ལུས་ཁམས་གསོ་བའི་ཟས་མཆོག་ཞིག་ཡིན་པ་ལྟར། རྫོགས་ཆེན་གྱི་ལྟ་བ་ཁོང་དུ་ཆུད་པའི་རྣལ་འབྱོར་པའི་ངོར་ཉོན་མོངས་དང་་ཡེ་ཤེས་་ཕན་འདོགས་དང་གནོད་མཁན་གཉིས་སུ་མེད་པར་རྫོགས་པ་ཆེན་པོའི་དོན་གྱི་ཐེག་ལེ་ཉག་གཅིག་དེ་ཡིན། དེ་ཡང་རང་གི་དད་མོས་ཀྱི་བརྩོན་འགྲུས་དང་་བླ་མའི་གདམས་ངག་ཁྱད་པར་ཅན་གཉིས་ལ་བརྟེན་ནས་ཉམས་སུ་བླང་བ་ལས་དེ་ལྟར་འབྱུང་གི་ཕལ་གྱིས་རྟོགས་དཀའ་བས། དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐར་ཞུགས་པ་ཁག་གཅིག་གིས་བོན་ལུགས་ཀྱི་རྫོགས་ཆེན་ནི་མུ་སྟེགས་ཀྱི་ལྟ་བ་དང་འདྲེས་པར་བརྗོད་ནས་མཐོང་མ་ཐུབ་པ་ལྟ་བུའོ།། ༧ དེས་ན་རྫོགས་ཆེན་གྱི་སྣང་བཞིའི་ཉམས་ལེན་ཚུལ་བཞིན་གོ་ན། རང་གི་གདོས་ལུས་སོགས་མ་དག་པའི་ཆ་རྣམས་རང་དེངས་སུ་སོང་ནས་སྙིང་པོ་རང་བཞིན་འོད་གསལ་དུ་འགྲོ་བ་སྟེ། ཞང་བོད་ཀྱི་ལོ་རྒྱུས་ཐོག་ཞང་ཞུང་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླང་ནས་གཟུགས་ཕུང་འཇའ་འོད་དུ་ཡལ་བའི་འཇའ་ལུས་ཉེར་བཞིར་བྱུང་བ་བཤད་རྒྱུ་ཡོད་པ་མ་ཟད། དུས་ཉེར་བྱུང་དུ་ཡང་ཀུན་མཁྱེན་ཤར་རྫ་ཡབ་སྲས་འཇའ་ལུས་གཤེགས་པའི་ལོ་རྒྱུས་ཀུན་གྱིས་སྨྲ་བཞིན་པ་འདི་ལྟ་བུའོ།།
༧ ཞོར་བྱུང་དུ་སྔགས་རྫོགས་ཐུན་མོང་གི་ལམ་ཉམས་སུ་ལེན་ཚུལ་ལ་ཐོག་མར་བློ་ལྡོག་བཞི་ཡིས་རང་རྒྱུད་ལས་སུ་རུང་བར་བྱས་ཏེ། སྔོན་འགྲོ་འབུམ་དགུའི་ཚོགས་བསགས་ཀྱིས་བརྒྱུད་ཀྱི་་སྡིག་སྒྲིབ་སྦྱངས་ནས་གནས་ལུགས་ངོ་སྤྲོད་དགོས་པ་ལས། དེ་གར་གཅམ་བུའི་ཚིག་སྤྱི་ཙམ་གྱིས་ངོ་འཕྲོད་དཀའ་བ་སྟེ། སྙན་བརྒྱུད་ལས། རྒྱུད་ཀྱི་སྡིག་སྒྲིབ་མ་དག་ན། །མི་རྟོགས་ཡེ་ཤེས་འཆར་མི་སྲིད། །ཅེས་གསུངས། དེས་ན་ངོ་སྤྲོད་སྔོན་དུ་སྡིག་སྦྱང་དང་། སྡིག་སྦྱང་སྔོན་དུ་རྒྱུད་སྦྱང་འགྲོ་ངེས་བྱས་ཏེ་ངོ་སྤྲོད་དགོས། གཞན་ངོ་སྤྲོད་སྔོན་དུ་ཞི་གནས་ཚད་ལོན་པའི་སེམས་ལ་གཏན་ཆ་ཐོབ་པ་ཞིག་ངེས་པར་དགོས་པ་སྟེ། སུམ་བརྒྱ་པ་ལས། ལར་རྒྱ་མཚོའི་སྟེང་དུ་མེ་མི་འབར། །འདུ་འཛིའི་གླིང་དུ་སེམས་མི་ཟིན། །ཞེས་གསུངས་པས་སོ།། ༧ བློ་ལྡོག་བཞི་ཡི་དང་པོ་དལ་འབྱོར་བརྙེད་དཀའ་བ་ནི། རང་གི་ལུས་རྟེན་འདི་ཐེངས་གཅིག་་ལས་མུ་མཐུད་ལུས་རྟེན་འདི་འདྲ་རྙེད་རྒྱུ་མེད་པའི་ལྟ་བ་མ་ཡིན་པར། ལས་སྤྱོད་བཟང་པོ་ལ་བརྟེན་ནས ལུས་རྟེན་ཞིག་ཡང་ནས་ཡང་དུ་རྙེད་རྒྱུ་ཡོད་པ་དང་། རྙེད་བྱེད་ཀྱི་རྒྱུ་དགེ་སྦྱོར་དག་པ་ཞིག་ལས་འཇིག་རྟེན་གྱི་དྲན་འཕྲུལ་རྒོད་པ་ཙམ་གྱིས་མ་ཡིན་པ་དང་། གལ་སྲིད་ལུས་རྟེན་ཞིག་ཐོབ་ན་རྟེན་དེའི་ཐོག་གནས་ཁང་དང་ཟས་གོས་འབྱོར་བ་ཙམ་གྱི་གནས་སྐབས་ཀྱི་བདེ་བ་ལ་མ་ཆགས་པར། དོན་ཆེན་གྱི་འབྲས་བུ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་བསྒྲུབ་ན་འགྲུབ་ཐོབ་པས་མི་ལུས་རིན་པོ་ཆེའི་འདུ་ཤེས་དང་མ་བྲལ་བར་དགོས་པར་གསུངས་པས། དེ་ལྟ་བུའི་ལུས་རྟེན་དེ་ཐོབ་དུས་་འཕྲལ་གྱི་བདེ་བ་ཙམ་གྱི་མ་བསླུས་་པར། ལས་འབྲས་སོགས་དོན་གྱི་རྣམ་བཞག་ཚུལ་བཞིན་ཤེས་པའི་བཤེས་གཉེན་ལ་བསྟེན། གང་དེའི་བསླབ་སྟོན་གྱི་བརྒྱུད་རིམ་ཁྲོད་དོན་དུ་གཉེར་བྱའི་འབྲས་བུ་ཐོབ་པའི་ཆེད། དུས་གཏན་གྱི་བདེ་བའི་འབྱུང་གནས་སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་བཀལ་ཏེ། ལས་འབྲས་ཀྱི་རྣམ་བཞག་ཚུལ་བཞིན་སྲུང་ནས་སྐྱེ་འགྲོ་ཀུན་དང་མཐུན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་འཛོམས་པའི་སངས་རྒྱས་ལས། གཞན་སྡོད་ཁང་དང་ཟས་གོས་རྒྱས་པ་ཙམ་གྱི་གནས་སྐབས་ཀྱི་བདེ་བར་མགོ་འཁོར་བ་ནི་རྨོངས་བློ་བྱིས་པའི་བསམ་མནོ་ཙམ་དུ་ཟད་པ་བཅས་ལ་མྱོང་བའི་དཔྱད་སྒོམ་དང་།། ༧གཉིས་པ་ཚེ་མི་རྟག་པ་ནི། ལུས་རྟེན་འདི་ཡུན་རིང་མི་གནས་པར་འཆི་བར་བསམ་ནས་བརྩོན་འགྲུས་ཀྱིས་བསྐུལ་མ་གནང་སྟེ་་ཕྱི་བཤོལ་མི་བྱེད་པར་རང་གཞན་གཉིས་ཕན་གྱི་དོན་ཆེན་ཁག་བསྒྲུབ་ཐབས་ཞིག་དང་།། ༧ གསུམ་པ་ལས་རྒྱུ་འབྲས་ནི། དུག་ལྔ་དང་མི་དགེ་བཅུ་སོགས་་སྡིག་པའམ་རྒྱུ་ངན་པས་འབྲས་བུ་སྡུག་བསྔལ་བ་དང་། བསླབ་པ་གསུམ་དང་རྣམ་དཀར་དགེ་བའམ་ལས་སྤྱོད་་བཟང་པོས་འབྲས་བུ་བདེ་བ་ཐོབ་ཚུལ་ལ་བློ་སྦྱོང་སྟེ་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་ཐབས་ཞིག་དང་།། ༧ བཞི་པ་འཁོར་བའི་ཉེས་དམིགས་ནི། གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ལས། གཞན་འཇིག་རྟེན་གྱི་བདེ་བ་གང་ཞིག་ཡིན་ན་མཐར་སྡུག་བསྔལ་དུ་འགྱུར་འགྲོ་རྒྱུ་ཤ་སྟག་ཡིན་པ། དཔེར་ན་འཇིག་རྟེན་གྱི་བདེ་བ་སྟེར་མཁན་གཙོ་བོ་ནི་གཉེན་དགའ་གྲོགས་དང་་དཔལ་འབྱོར་ལོངས་སྤྱོད་རྣམས་ཡིན་ཡང་། ངེས་པར་བརྟག་ན་ཚེ་སྟོད་ཀྱི་གཉེན་ཉེ་་ཚེ་སྨད་དགྲ་བོ་གྱུར་པ་དང་། འདུ་འཛི་ཟང་ཟིང་གིས་བསླུས་ནས་ཚེ་སྲོག་ཕུང་བ་ཡང་མང་པོ་ཡོད་པས། དེ་ནི་འགྱུར་བ་ཅན་གྱི་སྡུག་བསྔལ་ཞིག་ལས་གཏན་ཁེལ་བའི་ཕན་བདེ་ཞིག་དུས་གསུམ་གང་གི་ནང་ལ་ཡང་ཡོང་དཀའ་བ་སྟེ། འཁོར་བ་འདིས་རང་རྒྱུད་ངན་པ་བྱེད་རྒྱུ་ལས་ཞི་བདེའི་འབྲས་བུ་སྨིན་མི་ནུས། དཔེར་ན་འཇིག་རྟེན་གྱི་འཕྲུལ་ལ་ག་ཚོད་གོམས་ན་་ལས་ཉོན་་ཇེ་རྒྱས་དང་་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཤུགས་ཆེ་རུ་སོང་ནས་་རང་གཞན་གང་ལ་ཡང་འཐབ་འཁྲུག་གི་་རྒྱུ་རྩ་བྱས་བསྡད་པ་ཞིག་ལས་མེད་པས། ཆོས་ལུགས་པས་བདག་འཛིན་འགོང་པོ་ཞེས་པའི་དོན་དེ་ལས་མ་འདས་པའི་ཚུལ་ལ་བསམ་ནས། ལྟོ་གོས་སོགས་འབྱོར་བ་རྒྱས་པ་ཙམ་གྱི་བདེ་བ་ལ་ཡིད་གཏན་མེད་པའི་བློ་སྦྱོང་ཐབས་ཞིག་སྟེ།། ༧ མདོར་ན་འཇིག་རྟེན་འཁོར་བའི་བདེ་སྡུག་ཡོངས་རྫོགས་ལ་སྡུག་བསྔལ་དུ་ཤེས་པའི་བློ་སྦྱང་ནས་་འཇིག་རྟེན་ཁམས་ལ་་ཞེན་་བློ་ལྡོག་ཐབས་ལ་བློ་ལྡོག་ཅེས་བརྗོད།།
༧ གཉིས་པ་སྔོན་འགྲོ་འབུམ་དགུས་རྒྱུད་ཀྱི་སྡིག་སྒྲིབ་སྦྱོང་ཞེས་པས། ༡སེམས་བསྐྱེད། ༢སྐྱབས་འགྲོ། ༣ ཕྱག ༤ ཨ་དཀར། ༥ མ་ཏྲི། ༦ ས་ལེ་འོད། ༧ ཡིག་བརྒྱ། ༨ མནྡལ། ༩ བླ་མའི་རྣལ་འབྱོར་བཅས་འཇིག་རྟེན་བྱ་སྤྱོད་ཀྱིས་མ་སླད་པ་འབུམ་རེ་འགྲོ་ངེས་པར་བྱ། དེ་ནས་ཞི་གནས་སྦྱང་ཐབས་སུ། ཨའམ་ལྷ་སྐུ་གང་རུང་ལ་སེམས་གཏད་དེ་བྱིང་རྒོད་རྨུག་འཐིབ་ཀྱིས་མ་བསླུས་པ་ཞི་གནས་ཚད་ལོན་པར་བྱེད་ནས། དངོས་གཞི་ངོ་སྤྲོད་འགོ་ཚུགས་པ་ཡིན། ངོ་སྤྲོད་པ་པོ་བླ་མ་ནི་གཞུང་འདིའི་གདམས་རྒྱུད་ལ་མཁས་པར་མ་ཟད། ཉམས་མྱོང་གི་མན་ངག་ལྡན་པ་གཉིས་འཛོམས་ཞིག་ལས་གཞན་གྱིས་དཀའ། ངོ་འཕྲོད་སྟངས་ལ་མངོན་གསུམ་ཙམ་པོ་བ་དང་། ཕྱེད་པོ་བ་་མཐར་ཐུག་པ་ཞེས་་གནས་ལུགས་ངོ་ཕྱོགས་ཙམ་འཕྲོད་པ་་ཕྱེད་ཀ་འཕྲོད་པ་་མཐར་ཐུག་པ་སོགས་བརྒྱུད་དགོས། འདིའི་གནས་ལུགས་རྟོགས་བྱེད་ནི་བོད་བརྒྱུད་ནང་བསྟན་ལྟར་བློའམ་ཤེས་པ་ཞིག་མ་ཡིན་པར། གནས་ལུགས་ཀྱིས་གནས་ལུགས་རྟོགས་དགོས་པས་་དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས་དང་། བོན་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་གནས་ཞེས་པ་དེ་རྣམས་ཚིག་གིས་མཛེས་ཆོས་ཙམ་གྱིས་མ་བསླད་པར། གནས་ལུགས་ངོ་མ་བློ་ཡི་ཡུལ་ལས་འདས་པས་་རྟོགས་བྱ་རྟོགས་བྱེད་ཀྱི་དོན་གཉིས་སུ་མེད་པར་རྟོགས་བྱ་རྟོགས་བྱེད་གཉིས་དོན་གཅིག་ཏུ་སོང་བ། དཔེར་ན་་མེ་གང་ཡིན་པ་དེ་ཚ་བ་དང་ཚ་བ་གང་ཡིན་པ་དེ་མེ་ཡིན་པ་བཞིན་ནོ། །དེས་ན་རྟོགས་བྱེད་ལ་གསལ་ཆ་དང་་རྟོགས་བྱ་ལ་སྟོང་ཆ་ཞེས་ལྡོག་ཆའི་མིང་བཏགས་ཙམ་ལས་དོན་གཅིག་ཡིན་པའི་ཚུལ་གྱི་རིག་གཞུང་རྣམས། བོད་ཀྱི་ཐུན་མིན་གྱི་རིག་པ་ཡིན་ཞེས་སྨྲས་ན་མི་སྤོབས་པ་ཅི་ཡང་མེད་དེ། བན་ཆོས་ཀྱི་རིག་པའི་དཔའ་བོ་རྗེ་བློ་བཟང་གྲགས་པས་མདོ་སྔགས་གང་གི་ནང་དེ་གཉིས་ངོ་བོ་གཅིག་པ་ཙམ་ལས་དོན་གཅིག་པ་ཁས་ལེན་མེད་པས་གྲུབ་བོ།།
༧དེར་བརྟེན་རྫོགས་ཆེན་གྱི་གནས་ལུགས་རྟོགས་བྱེད་བློ་ལ་མ་ལྟོས་པས་ས་བཅུ་ལམ་ལྔའི་རྣམ་བཞག་མེད་ཀྱང་། ལམ་ལྔའི་ཚུལ་དུ་ཉམས་ལེན་ལ་འཕེལ་རིམ་ཡོད་དེ། ༡བོན་ཉིད་མངོན་སུམ་དང་། ༢ཉམས་གོང་འཕེལ།༣ རིག་པ་ཚད་ཕེབས། ༤ བོན་ཉིད་ཟད་པའི་སྣང་བ་བཞི་ལ་ལྟོས་པ་དེ། སྤྱིར་བློ་ཡི་ཡུལ་ལ་མ་དག་པའི་སྣང་བ་དང་། རིག་པའི་ཡེ་ཤེས་ཀྱི་ཡུལ་ལ་དག་སྣང་བཞག་པས། དག་སྣང་དང་པོ་ངོ་འཕྲོད་པ་དང་། གོང་འཕེལ་དང་། ཚད་ལ་ཕེབས་པ། བློ་ཡི་མ་དག་པའི་སྣང་བ་གཞི་ཡི་ཀློང་དུ་ཟད་པ་དང་བཞི་ལ་ལྟོས་ནས་གྲུབ་པ་ཡིན། བློ་ལྡོག་དང་འབུམ་དགུའི་བསགས་སྦྱང་ནི་རྫོགས་ཆེན་གཅིག་པུ་མ་ཡིན་པར་ཨ་དཀར་དང་ཡེ་གཤེན་སོགས་ཀྱི་སྔོན་འགྲོ་ཐུན་མོང་ཡིན། ༧ གཞན་བོན་ལུགས་ཀྱི་མཆོད་ཡུལ་ཙམ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཅི་རིགས་ཡོད། འཇིག་རྟེན་པ་ནི་གནས་ཚུལ་འགའ་ཞིག་ལ་བརྟེན་ནས་ཡེ་ཤེས་པའི་ཟུར་མགྲོན་གྱི་མཆོད་ཡུལ་བཟུང་ཙམ་ལས་སྐྱབས་ཀྱི་ཡུལ་མཆོག་མ་ཡིན། འཇིག་རྟེན་དཔལ་མགོན་མཆོད་ཡུལ་བཟུང་བའི་དགོས་པ་ནི། གནས་སྐབས་འགལ་རྐྱེན་བསལ་ཐབས་ཙམ་སྟེ། མི་རྣམས་ཀྱི་་ཀླུང་རྟ་དར་བ་དང་ནད་གདོན་བསལ་བ། སངས་རྒྱས་བསྟན་པ་སྲུང་བ་སོགས་ཀྱི་ཆེད་དུ་མཆོད་པ་ཡིན། དཔེར་ན་ནད་བསལ་བའི་དོན་དུ་སྨན་པར་རེ་བལྟོས་འཆའ་བ་བཞིན་ནོ།།
༧ འཇིག་རྟེན་ལས་འདས་པའི་མཆོད་ཡུལ་ནི་འདི་ཕྱིའི་སྡུག་བསྔལ་ཡོངས་རྫོགས་སྐྱབས་ཐུབ་པའི་གཏན་གྱི་བློ་གཏད་བཅའ་ས་ཡིན་པས་སྐྱབས་ཀྱི་ཡུལ་མཆོག་ཅེས་བརྗོད། ཡུལ་མཆོག་དེ་ལ་ནང་གསེས་མདོ་ལུགས་ལ་དཀོན་མཆོག་གསུམ་དང་། སྔགས་ལུགས་ལ་ཡུལ་མཆོག་གནས་བཞི་བརྗོད་སྲོལ་ཡོད། དཀོན་མཆོག་རྣམ་བཞི་འམ་གཡུང་དྲུང་གནས་བཞིའི་དང་པོ་བླ་མ་དཀོན་མཆོག་ནི། ༡ ཐོས་གསུམ་སྒོམ་པའི་ཉམས་ལེན་གྱིས་ཕྱུགས་ཅིང་མདོ་སྔགས་རྫོགས་གསུམ་་གྱི་རྒྱུད་པ་འཛིན་ཞིང་། ལས་ལྡན་རྣམས་དབང་ལུང་གིས་སྨིན་གྲོལ་ནུས་པའི་བྱིན་རླབས་ཅན་དེའོ།། ༢ གཉིས་པ་སངས་རྒྱས་དཀོན་མཆོག་ནི། ཚོགས་བསགས་སྒྲིབ་པ་སྦྱངས་ནས་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་པའི་སྤང་རྟོགས་མཐར་ཐུག་གི་བདེ་བར་གཤེགས་པ་ལྟ་བུའོ། །སེམས་དཔའ་དཀོན་མཆོག་ནི། ༣ཚོགས་བསགས་སྒྲིབ་སྦྱངས་ལ་བརྩོན་བཞིན་པའི་ས་ལམ་གྱི་རྟོགས་པ་རྒྱུད་ལྡན་སྐྱེས་བུ་བཞིན་ནོ། །བོན་དཀོན་མཆོག་ནི། ༤ རྒྱལ་གཤེན་གྱི་གསུང་རབ་དང་། སྐུ་གཟུགས་དང་། སྐུ་གདུང་བཅས་རྟེན་གསུམ་རྣམས་དང་། དེ་བཞིན་ཐར་ལམ་དང་འགོག་བདེན་བསླབ་པ་རྣམ་གསུམ་སོགས་བསྟན་འཛིན་སྐྱེས་ཆེན་རྣམ་པའི་ཉམས་རྟོགས་བཅས་པ་ལྟ་བུའོ། །གཞན་ཡང་བོན་ལུགས་ཀྱི་ཐེག་པ་དགུ་རེ་རེ་ལ་་རྟོགས་པའི་ལྟ་བ་བགྲོད་བྱེད་ཀྱི་ལམ་ཐོབ་བྱའི་འབྲས་བུ་བཅས་ཐུན་མོངས་་མ་ཡིན་པ་རེ་་འཇོག་རྒྱུ་ཡོད་པས་་ཐེག་པ་དགུར་སོང་བ་ཡིན་ལ། བན་ལུགས་ལ་དབུ་མ་ལས་ལྷག་པའི་ལྟ་བ་མི་འདོད་པས་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་གཅིག་ཏུ་སོང་བས། ཐེག་པ་གསུམ་དང་གྲུབ་མཐའ་བཞིར་གྱུར་པ། ཆོས་གཞུང་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ནི་བཞི་པ་སྟེ། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་པའི་ལུང་གིས་ཐག་བཅད་ཡོད། །
༧ འོ་ན་བཀའ་རྒྱུད་་རྙིང་མ་བཅས་ནས་་དེ་དང་མི་འདྲ་་བར་བཤད་པ་གང་ཡིན་ཞེ་ན། དེ་ནི་བོན་ལུགས་དང་འདྲེས་པ་ཡིན་ཞེས་སྔ་རབས་ཀྱི་མཁས་པ་མང་པོས་གསུངས་མྱོང་ཡོད་པ་མ་ཟད་་བོད་བརྒྱུད་ནང་བསྟན་ལ་དེ་འདྲར་འཇོག་དཀའ་བ་སྟེ། བོད་བརྒྱུད་ནང་བསྟན་གྱི་རིག་པའི་དཔའ་བོ་རྗེ་བློ་བཟང་གྲགས་པས་་རྒྱ་གར་ཆོས་ལ་དག་ཐེར་གྱི་ཚུལ་དུ་བོད་སྔ་རབས་ཀྱི་ལྟ་བ་འདྲེས་པ། ས་སྐྱ་དང་བཀའ་རྒྱུད་རྙིང་མ་གསུམ་ལོག་ལ་བཀར་ཏེ། ཚུལ་མཐུན་དགེ་ལུགས་པའི་གྲུབ་མཐའ་གསར་འཛུགས་གནང་བ་མ་ཚད། ཕ་བོང་ཁས་དར་ལྕོགས་དང་ལག་འཁོར་་གཤིན་གྱི་འཕོ་ཆོག་སོགས་རྒྱ་གར་ཆོས་དང་མི་མཐུན་པ་གསུངས་བ་དང་། བན་ལུགས་ཀྱི་བཀའ་འགྱུར་དག་ཐེར་བྱས་པ་སོགས་ཀྱིས་གསལ་ལ། དེ་བཞིན་་བན་དེ་རྙིང་མ་དང་་བཀའ་བརྒྱུད་ས་སྐྱ་དགེ་ལུགས་ཕ་བོང་ཁ་ཡི་ཆོས་ལུགས་རྣམས་གཅིག་གི་རྗེས་སུ་གཅིག་འགྲོ་མ་ཐུབ་པར། ཁག་སོ་སོའི་གྲུབ་མཐའ་སྤེལ་དགོས་དོན་ནི། ཁྲི་སྲོང་སྐབས་ཨོ་རྒྱན་རིན་པོ་ཆེས་སྲོལ་ཕྱེས་པའི་བོད་བརྒྱུད་ནང་བསྟན་དེ་ཉིད་བོན་ལུགས་དང་འདྲེས་ཆེ་བར་དགོངས་ཏེ་ས་སྐྱ་དང་བཀའ་རྒྱུད་གཉིས་རིམ་བཞིན་མཆེད་ཡོད་ལ། ལྷག་པར་དུ་རྗེ་ཙོང་ཁ་བས། རྙིང་མ་དང་ས་སྐྱ་་བཀའ་རྒྱུད་་སོགས་ལ་ཡང་། བོན་པོའི་ཤན་ཞུགས་པ་དེ་དག་གཙང་སེལ་གྱི་ཁུལ་དུ་དགེ་ལུགས་པ་ཞེས་པའི་གྲུབ་མཐའ་གསར་པ་ཞིག་སྲོལ་ཕྱེས། ད་དུང་དེ་ཡིས་མ་ཚིམས་ནས་་ཕ་བོང་ཁས་བན་ཆོས་ནང་ནས་་ལག་འཁོར་དང་་་དར་ལྕོགས་་འཕོ་བ་་འདུལ་དཀར་ནག་དང་། ཐུན་མིན་རྗོགས་ཆེན་གྱི་ལྟ་སྤྱོད་སོགས་ལ་བློ་མ་བབ་ནས་་སྐྱོན་བརྗོད་བྱས་པ་མ་ཟད། བན་དེའི་བཀའ་བརྟེན་འགྱུར་ལ་བསྒྱུར་བཅོས་ཀྱི་ལས་དོན་སྒྲིག་འཛུགས་ཐོག་རྙོགས་འཛིངས་བྱུང་བའི་ཚུལ་ལ་བསམ་ན། བོད་བརྒྱུད་ནང་བསྟན་བོད་ལ་ཐོག་མར་འབྱོར་སྐབས་བོན་གྱི་རྨང་གཞིའི་སྟེང་ནས་དར་རྒྱས་བཏང་བ་ལས། ཁོ་རང་ཁེར་ཐུབ་ཀྱི་རང་འགྲོས་མ་ཕེར་བའི་ཚུལ་བརྟག་ཙམ་གྱིས་གསལ་པོར་ཧ་གོ་རྒྱུ་ཡོད་པ་ཞིག་རེད། དེང་དུས་ཞིབ་འཇུག་པ་འགའ་རེས་བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་གཉིས་ཕྱོགས་མང་པོ་ཞིག་འདྲ་བའི་རྒྱུ་མཚན་བྱས་ཏེ། བོན་པོས་བན་དེའི་ལན་མོ་བྱས་པ་ཡང་བཤད། དོན་དུ་བོད་བརྒྱུད་ནང་བསྟན་ཁག་མི་འདྲ་བ་མང་པོ་ཆགས་པའི་རྒྱུ་མཚན་དང་རྒྱ་གར་དང་རྒྱ་ནག་ལ་ཡོད་པའི་མ་བཅོས་པའི་བཅོམ་ལྡན་འདས་ཀྱི་ཆོས་དང་མི་འདྲ་བར་བོད་ཁོ་ན་ལ་ཡོད་པའི་བན་དེའི་ཆོས་ལུགས་དམིགས་གསལ་བ་འདི་དང་། ཇོ་བོ་རྗེ་ཐོག་མར་བོད་དུ་འབྱོར་སྐབས་བསམ་ཡས་ལ་ཡོད་པའི་བོད་ཀྱི་དཔེ་ཆ་མཐོང་ཚེ། སྔར་རྒྱ་གར་ལ་དར་མ་མྱོང་བའི་བོད་ལ་དཔེ་གཞུང་ཟབ་མོ་འདི་འདྲ་འདུག་ཟེར་བའི་ཚུལ་ལ་དྲང་བཞག་གིས་ཞིབ་མོར་དཔྱད་ན། ད་ལྟ་བོད་ལ་ཡོད་པའི་བན་དེའི་ཆོས་ཀྱི་ཁུངས་གསལ་པོ་ཞིག་མངོན་ཐུབ་ངེས་རེད། དེ་བཞིན་བོད་ལ་སྔར་ནས་རྙིང་མ་ལ་བོན་ཚ་ཟེར་བའི་་ཁ་དཔེ་ཞིག་ཡོངས་སུ་་གྲགས་ཡོད་པས་ཀྱང་ཤེས།།
༧གཞན་དེང་དུས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་འགའ་ཞིག་གིས་ཁྲི་སྲོང་སྐབས་བོད་ལ་རིག་གཞུང་ཕུན་སུམ་ཚོགས་པ་ཞིག་ཡོད་ན་རྒྱ་གར་ནས་བན་དེའི་ཆོས་གདན་འདྲེན་དགོས་པའི་རྒྱུ་མཚན་མེད། དེས་ན་སྐབས་དེར་ཡོད་པའི་ཆོས་ནི་གདོད་མའི་ཆོས་ལྟ་བུ་ཁོ་ན་ཡིན་སྙམ་པ་ཡང་ཡོད། དེ་ནི་ཆོས་ལུགས་ལ་ཕྱོགས་ཞེན་དང་། གྲུབ་མཐའི་ལ་རྒྱའི་དབང་གིས་མ་ཡིན་པར་ལོ་རྒྱུས་ལ་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་དོགས་པ་ཤར་བ་ཞིག་རེད། །དེའི་སྐོར་མདོར་བསྡུས་ཞུས་ན། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་གླང་དར་མ་ཡན་བོད་རྒྱལ་བཞི་བཅུ་བྱུང་བའི་ནང་ནས་ཆོས་ལུགས་ལ་ཚོད་འཛིན་བྱ་སྟེ་བོད་ཀྱི་ཆབ་སྲིད་ལ་རྒྱ་བསྐྱེད་བཏང་བསམ་མཁན་ནི། གྲི་གུམ་བཙན་པོ་དང་། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེའུ་བཙན་གླང་དར་མ་དང་བཞི་ཡིན། སྤུ་རྒྱལ་དེ་བཞི་དང་སྐབས་དེའི་ཆོས་ལུགས་མི་སྣ་བར་ལྟ་སྤྱོད་མ་མཐུན་པའི་དབང་གིས་འགལ་ཟླ་བྱུང་བ་མཁས་པ་ཕལ་ཆེ་བས་ལབ་ཀྱི་ཡོད་པ་མ་ཚད་སྲོང་བཙན་ཡན་ཆོད་ཀྱི་སྤུ་རྒྱལ་རིམ་བྱོན་ཕལ་ཆེ་བས་བོན་གཤེན་རྣམས་ཀྱི་མཐུ་རྩལ་དང་ཡོན་ཏན་ལ་ཡིད་ཆེས་བྱས་པར་བརྟེན་། བོན་གཤེན་ལ་གོ་གནས་ཀྱི་ཐོབ་ཐང་དང་་བོན་འབངས་རྣམས་ཀྱིས་དཔྱ་ཁྲལ་འཇལ་དགོས་པ་བཅས་ཀྱི་གུས་བཀུར་ཆེ་དྲགས་པས་གནས་ཚུལ་དེ་ལྟར་་བྱུང་བར་གསུངས་པ་ནི། བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས། མངའ་རིས་ནི་རྒྱལ་པོའི་མངའ་རིས་སུ་བསྒྱུར་ནས། དེའི་དུས་སུ་བོད་དང་ཞང་ཞུང་གི་སྐོར་འདིར། མི་རྗེ་ལྷ་ཡིས་མཛད་པས་དཔལ་མཐོ། སྐུ་སྲོག་གཤེན་གྱིས་བཙས་པས་ཚེ་རིང་། ལས་སྤྱོད་དགེ་བར་སྤྱད་པས་ལམ་རྒྱུད་གཙང་། དམུ་ཐག་གནམ་ནས་དྲངས་པས་འཛེགས་སྐས་བཟང་། གཙང་རིགས་ལྷ་རུ་བསྟེན་པས་སྡོང་གྲོགས་ཆེ། རྒྱལ་གྱིས་བོན་གཤེན་བཀུར་བའི་དོན་སྒོམ། །ཞེས་དང་། གྲུབ་པ་ཐོབ་པའི་གཤེན་དགུས་ནི་འགྲོ་དོན་མཛད། མཁས་པ་ཉི་ཤུས་བཤད་ཉན་གྱི་རྐང་བཙུགས། མཐུ་ཆེན་མི་དགུས་བསྟན་པ་བསྲུངས། བོན་ཆེན་བཞི་བཅུ་རྩ་གཉིས་ནི་ལྷ་གཤེན་གྱི་ཕྲིན་ལས་བསྒྲུབས། དྲང་སྲོང་རྣམས་ནི་ཕྱི་ཚུལ་དང་ནང་ཁྲིམས་ལ་ཉེས་སྐྱོན་མེད། སྒོམ་ཆེན་རྣམས་ནི་སྐྱེ་མེད་ཀྱི་དོན་བསྒོམས། སྒྲུབ་པ་པོ་རྣམས་ནི་གསང་སྔགས་ཀྱི་དོན་བསྒྲུབས། དེ་དུས་གཤེན་པོ་མཐུ་རྩལ་ཅན་རྣམས་ཀྱི་གྲུབ་རྟགས་ལ་དབུ་ཡི་རྒྱལ་པོ་ཡང་ཐུགས་དགྱེས་ཏེ། རྒྱལ་གྱི་གོང་ན་གཤེན་མཐོ་བའམ་བཙུན་པའི་ཆེ་རྟགས་ཕུལ་ཏེ། སྐུ་ལ་གཙིགས་བྱིན་ཏེ། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ་བཅད་ཅིང་བཏུབ་ཏུ་མེད་པ་དང་དར་ལ་སེང་དཀར་མོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང། གཡི་དཀར་སྤྱང་དཀར་གྱི་སླག་པ་ལ། སྟག་གཟིག་གུང་གསུམ་གྱི་ ༼ཐོང་ཁ་༽གོང་ལག་བཏགས་པ་དང་། ཟ་འོག་གི་ལྷམ་ལ་དངུལ་དཀར་གྱི་ཆག་སྒྲོག་བཏགས་ཏེ། གདན་ཁ་ནས་ཆིབས་ལ་འབབ་འཛེགས་བྱེད་དོ། །གསུང་ལ་གཙིགས་བྱིན་པ་ནི། གཤེན་ངག་ཚིག་གསུམ་མ་སྨྲས་བར་དུ། རྒྱལ་བློན་སྨྲ་བརྗོད་བྱེད་པ་མེད། ནང་པར་གྲོ་ལ་གཤེགས་ཙམ་ན། རྔ་གཤང་ཐང་གསུམ་མ་བསྒྲགས་ཚེ། རྒྱལ་བློན་གྲོ་ལ་འབྱོན་དབང་མེད། གཤེན་གླུ་ཐང་གསུམ་མ་བླངས་བར། རྒྱལ་བློན་བྲོ་གླུ་ལེན་དབང་མེད། ཐུགས་ལ་གཙིགས་བྱིན་པ་ནི། ལྷ་རིགས་་གཤེན་གྱི་གདུང་རྒྱུད་ལ། ཁ་གཉེར་བྱས་ན་ཁ་བཀྲལ། མིག་ཟུར་བལྟས་ན་མིག་བྲུ། སྣ་གཉེར་བྱས་ན་སྣ་བཅད། སྐུ་ལ་བསྡོས་ན་སྟོང་ཐང་དགུ་བརྒྱ། ལག་དམར་དངོས་སུ་འབུས་ན། བརྐོས་ནོར་ནི་ར་འགྱུར་དགུ་རུ་གཅོད། དཔྱ་ཁྲལ་རྒྱལ་པོ་དང་མཉམ་པར་བྱས་སོ། །བར་གྱི་གོང་ལ་བཙན་པོའི་གདན། གཡས་གྲལ་ལ་བོན་དང་གཡོན་གྲལ་ལ་བློན་སྡོད་པ་དང་། རྨོངས་ཕལ་པ་ནི་འོག་ནས་བཀའ་སྡོད་དོ། །བདེ་སྐྱིད་ཕུན་སུམ་ཚོགས་ཏེ། རྒྱལ་གྱི་སྐུ་འཚོ། བློན་གྱི་བུ་གསོ། ཤི་བ་གནས་སུ་འདུར་། དད་པ་ཅན་ལྟ་སྤྱོད་ཀྱིས་འདྲེན། ཤིན་ཏུ་དར་ཞིང་གཉེན་པར་བཞུགས་སོ། །ཞེས་དང་་ཡང་དེ་ཉིད་ལས་ལྡེའུ་བོན་གྱིམ་ཚ་རྨ་ཆུང་གིས་བསྟན་སྲུང་མཐུ་ཆེན་བསྒྲུབས་ཏེ། མཐུ་ཡི་དྲེགས་པ་སྐྱེས། །ཞེས་པའི་ལུང་དོན་ལྟར་སྔར་བཞིན་བོན་གཤེན་ལ་གུས་བཀུར་བྱ་རྒྱུ་ལ་རྒྱལ་པོ་ཐུགས་མ་མཉེས་པ་དང་། དེ་བཞིན་བོན་པོ་འགའ་ཞིག་ནས་སྒོམ་སྒྲུབ་ཁོ་ན་ལ་བརྩོན་ནས་གསང་སྔགས་རྫོགས་ཆེན་གྱི་ལྟ་སྤྱོད་ལས། གཞན་ལ་མ་རངས་པའི་རྣམ་འབྱོར་བསྟན་པ་དང་། འགའ་རེས་སྲོང་བཙན་དང་ཁྲི་སྲོང་གཉིས་ཀྱིས་ཆབ་སྲིད་རྒྱ་བསྐྱེད་བཏང་བས་བོན་གྱི་རིག་གཞུང་ལ་གནོད་ཀྱི་དོགས་ནས་འགོག་རྐྱེན་བཟོས་པ་དང་། འགའ་ཞིག་ནས་རྒྱལ་པོ་བས་བོན་གཤེན་གོང་དུ་བཀུར་དགོས་པ་སོགས་ཆབ་སྲིད་ཀྱི་ཐོབ་ཐང་ལ་འགྲན་རྩོད་བྱས་པའི་རྐྱེན་དང་། །མདོར་ན་སྐབས་དེར་བོན་གྱི་རིག་གཞུང་དར་སྤེལ་གཏོང་རྒྱུ་ལ་བརྩོན་ཆེ་ནས་ཆབ་སྲིད་ལ་འབད་པ་ཞན་པས་ཆོས་དང་ཆབ་སྲིད་རྒྱ་ཆེ་ཆུང་ཤོར་བ་བཅས་ཀྱིས་སྐབས་དེའི་ཆོས་ལུགས་སྐྱོང་སྟངས་ཆབ་སྲིད་དང་མ་འཚམས་པས་རྒྱལ་པོའི་ལྟ་བ་དང་མ་མཐུན་ནས་་བོན་ལ་འགལ་རྐྱེན་སོང་བ་མཁས་པ་མང་པོས་བཞེད་ཀྱི་ཡོད། དེ་དང་མཐུན་པ་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས། བོན་འདི་རྒྱ་ཆེ་ལ་གཏིང་ཟབ་པས། ཤེས་པའི་དུས་མི་འོང་དེ་བས་ཆོས་བྱ་སླ་ལ་ཐུན་མོང་ངོར་གཙང་བ་ཞིག་ཡོད་པ་དེ་གདན་འདྲེན་དགོས། ཞེས་དང་། ཆེ་གསུམ་དབང་གིས་མེ་འབར། ཆུང་གསུམ་ཕྲ་མའི་ཤིང་བསྣན། ཞེས་དང་། རྒྱལ་པོ་ནི་མངའ་ཐང་གི་དྲེགས་ཆེ་སྟེ་ཞེ་སྡང་གི་མེ་འབར། གཤེན་པོ་རྣམས་མཐུ་དང་ཡོན་ཏན་གྱི་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར། བློན་པོ་རྣམས་ནི་བློ་ཡི་དྲེགས་ཆེ་སྟེ་ཕྲག་དོག་གི་མེ་འབར། ཆུང་གསུམ་བན་དེ་དང་། བཙུན་མོ། བློན་པོ་གསུམ་གྱིས་ཕྲ་མ་བཅུག་སྟེ་ཞེས་པས།༼དེའི་ཕྲ་མ་བྱེད་རྒྱུ་གཙོ་བོ་ནི་་རྒྱལ་པོ་ལ་བོན་འདི་ཡུན་རིང་གནས་ན་བོད་ཀྱི་ཆབ་སྲིད་བོན་གཤེན་ལག་ཏུ་ཤོར་བའི་ཉེན་ཁ་འདུག་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་འཆིས་ཀྱང་སྲས་དབོན་རྣམས་ཀྱི་སྐུ་རིང་ལ་དཀའ་ལས་འབྱུང་ཚུལ་གྱི་ཕྲ་མ་ཞུས་པ་རེད།༽དེ་འདྲ་བྱུང་རྐྱེན་ནི་་བོན་པོ་་འགའ་རེས་་ཆོས་ལུགས་ཚུལ་བཞིན་མ་སྤྱོད་ནས་་སྲིད་ལ་ཐེ་གཏོགས་བྱས་པ་དང་། རྒྱལ་པོས་ཆབ་སྲིད་རྒྱ་བསྐྱེད་གཏོང་རྒྱུ་འགོག་རྐྱེན་བཟོས་པའི་རྐྱེན་ལས་བྱུང་བ་ཡིན་པ་ལས། ཆོས་ལུགས་ཚད་ལྡན་སྤྱད་ན་དེ་འདྲའི་གནས་ཚུལ་ལྷག་མི་སྲིད་པ་ཞིག་རེད་སྙམ། དེས་ན་སྟོན་པ་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན་གྱི་གཞུང་ལུགས་མ་དག་པའི་དབང་གིས་གནས་ཚུལ་དེ་ལྟར་བྱུང་བ་མ་ཡིན་ཀྱང་། རྒྱུད་འཛིན་ཁག་ཅིག་་གིས་རིག་གཞུང་འཆལ་སྤྱོད་བྱས་པའི་དབང་གིས་ཉམས་ཕྲ་སོང་བ་ཡིན་པ་ནི། བོན་གྱི་སྤྱན་ལྡན་ཆེན་མོ་མཉམ་མེད་ཆེན་པོས།༼འདུལ་འགྲེལ་ལས་༽རྒྱུད་འཛིན་གྱི་གོ་མ་ཆོད་པའམ་རྨོངས་པ་རྣམས་ཀྱིས་དམན་ལ་མཆོག་ཏུ་འཛིན་པའི་དབང་གིས་བསྟན་པ་ཉམས་པ་མངོན་ནོ། ཞེས་གསུང་པ་ལྟར་རེད། དེ་འདྲའི་ལམ་སྲོལ་ད་སྐབས་ཀྱང་ཡོད་དེ། གྲྭ་བཙུན་འགའ་རེས་གྲོང་ཁྱེར་ནང་སྤྱོད་པ་ངན་པ་་བྱས་པ་ལ། ཡུལ་མིས་ཆོས་ལུགས་དེ་དང་དེའི་དགོན་པ་དམའ་འབབ་བྱ་རྒྱུ་ལས་དབྱེ་འབྱེད་བྱས་ནས་ལབ་རྒྱུ་ཉུང་ཉུང་ཡིན་པ་ལྟ་བུའོ།།
༧འཛམ་གླིང་ས་ཁྱོན་སྟེང་སྔར་བྱུང་ཟིན་གྱི་ལོ་རྒྱུས་ལ་ཕྱི་མིག་ཞིབ་ཏུ་བལྟས་ན་ཆོས་ལུགས་འགའ་ཞིག་དམངས་ཀྱིས་འགང་ཆེན་གནང་སྟེ་འཕེལ་རྒྱས་བཏང་་དྲགས་ནས། སྲིད་དང་མ་མཐུན་ནས་ཆེད་དུ་ཆབ་སྲིད་ཀྱི་སྟོབས་ཤུགས་ཀྱིས་་མེད་པར་བཟོས་པ་ཡོད་ལ། འགའ་ཞིག་རིག་གཞུང་དམན་པའི་དབང་གིས་རང་བཞིན་གྱིས་ཉམས་རྒུད་དུ་སོང་བ་ཡང་ཡོད། གཡུང་དྲུང་བོན་ཉམས་རྒུད་བཏང་ཚུལ་ལ་གཅིག་བལྟས་ན། ཁྲི་སྲོང་ནས་ད་བར་སྲིད་ཀྱིས་རྒྱུན་ཆགས་སུ་གནོད་སྐྱོན་བཏང་བ་ནི། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་འཁོད་བསྡད་པ་ཞིག་ཡིན་པ་མ་ཟད། རྒྱ་གར་བན་དེའི་ཆོས་བོད་ལ་འཕེལ་རྒྱས་བཏང་ཚུལ་གྱི་་བརྒྱུད་རིམ་ནང་། བོན་གྱི་ཆོ་གའི་ཕྱག་ལེན་དང་རིག་གཞུང་གི་ནང་དོན་་སྔར་རྒྱ་གར་ལ་དར་མ་མྱོང་བ་མང་པོ་ཞིག་དེང་གི་བོད་ཀྱི་བན་དེའི་ཆོས་གཞུང་ནང་བཞུགས་ཡོད་པ་མཁས་པ་མང་པོས་གསུངས་མྱོང་། དེ་ལྟར་ན་དེང་བོད་ལ་ཡོད་པའི་བན་དེའི་ཆོས་འདི་ནི། བོན་གྱི་རྨང་གཞིའི་ཐོག་ནས་དར་སྤེལ་བཏང་་བསྡད་པ་ཞིག་ལས་རྒྱ་གར་བན་དེའི་ཆོས་ཁེར་རྐྱ་ཐུབ་པ་ཞིག་མེད་པ་འཛམ་གླིང་མཁས་པ་ཕལ་ཆེ་བ་ཞིག་གིས་ཞིབ་འཇུག་བྱས་པའི་རྙེད་དོན་དུ་གྱུར་པས་ཤེས། རང་ལྟ་བུ་ཞིག་གི་ངོས་ནས་གཅིག་བལྟས་ན་་བོད་སྔ་མའི་ལུང་པ་དེ་ཆེས་མུན་ནག་དང་ཀླ་ཀློ། དེ་བཞིན་སྲོང་བཙན་ཁྲི་སྲོང་གཉིས་ལས་གཞན་པའི་སྤུ་རྒྱལ་རིམ་བྱོན་རྣམས་གླན་པ་ཞིག་ཡིན་པ་དེ་བས་བཤད་དཀའ། དེ་འདྲའི་གླེང་གཏམ་ནི་བོད་མི་རིགས་ཀྱི་མགོ་བོ་རྡོག་པས་མནན་བྱེད་ཀྱི་རྒྱུ་རྩའམ་གནོན་པའི་ཐོ་བ་ཞིག་ལས། ལྟ་བ་དེའི་ཐོག་ནས་བོད་མི་རིགས་ཀྱི་ལ་རྒྱ་བརྗོད་ན་བགད་མོ་སློང་བས་རྐྱེན་ཞིག་ལས་མི་ཡོང་། །དེས་ན་བན་བོན་གཉིས་བར་བཟང་ངན་གྱི་དབྱེ་འབྱེད་སུས་ཀྱང་བཤད་དཀའ་ཡང་། བོད་ཀྱི་ལོ་རྒྱུས་གང་ཞིག་བཤད་ན། བོད་ཀྱི་ཆེ་དགུའི་མངའ་དབང་ལྡན་པ་སྤུ་རྒྱལ་རིམ་བྱོན་དང་། བོད་ཀྱི་ཐོག་མའི་རིག་པས་སྲོལ་གཏོད་པ་རྒྱལ་བ་གཤེན་རབ་ནས་འགོ་བཟུང་སྟེ་བཤད་མ་ཐུབ་ན། འགོ་མེད་མཇུག་མའི་གླེང་མོལ་གྱིས་ས་ཆོད་དཀའ་སྟེ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་མཁས་དབང་ནམ་མཁའི་ནོར་བུས། བོད་ཀྱི་ལོ་རྒྱུས་གང་ཞིབ་བཤད་ན་བོན་གྱི་ལོ་རྒྱུས་སྟེང་ནས་བཤད་མ་ཐུབ་ན། ལོ་རྒྱུས་ཀྱི་རྐང་པ་བརྟན་པོ་འཛུག་མི་ཐུབ་པ་ནི། དཔེར་ན་རྨིང་གདན་བརྟན་པོར་མ་ལོན་པའི་མཁར་རྫིག་པོ་ཇི་འདྲ་ཞིག་བརྩིགས་ཀྱང་མཐར་རྨིང་མེད་ནས་འཇིག་འགྲོ་རྒྱུ་ཤ་སྟག་རེད་གསུངས་པ་ལྟར་རོ། བཤད་པ་འདི་ལྟར་བྱས་ན་གཞན་འགའ་ཞིག་གི་བསམ་ངོ་ལ་ཁྱོད་བོན་ལ་དགའ་དྲགས་ནས་ལབ་པ་ལས་བོད་ཀྱི་ལོ་རྒྱུས་ལ་ཕན་ཐོག་མེད་བསམ་མཁན་ཡོང་སྲིད་ཀྱང་། ངེས་པར་བརྟག་ན་དེ་ལྟར་ཡོང་དོན་མེད་དེ། རང་ནས་བོད་ཀྱི་ཆོས་ལུགས་ཀྱི་ཕུགས་བོད་རང་གི་རིག་གཞུང་སྲོལ་བཏོད་པ་སྟོན་པ་གཤེན་རབ་ལ་གཏུག་ནས་བོད་ཀྱི་སྤུ་རྒྱལ་རིམ་བྱོན་དང་འབྲེལ་བས་ཁོག་དབུབ་སྟེ་བཤད་དགོས་པ་གཙོ་བོར་བྱས་པ་ལས། རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་ཆོས་ལུགས་ཡག་པོ་མིན་པ་དང་། གཞན་མུན་ནག་དང་ཀླ་ཀློའི་ལུང་པ་ཡིན་པ་སོགས་ཆགས་སྡང་གི་གཏམ་དེ་བས་ལབ་མེད་པ་མ་ཟད་མི་རིགས་གཞན་མ་ལ་མཉེས་བཅོས་ཀྱི་གཏམ་དང་། མི་རིགས་གཞན་མའི་་རིག་གཞུང་སོགས་ཐུན་མིན་ཁྱད་ཆོས་ཀྱི་ཕུགས་རང་ཕྱོགས་ལ་གཏུག་མེད་པས་དགོངས་འགལ་འབྱུང་རྐྱེན་མེད། འོན་ཀྱང་ཁོང་རྣམ་པས་བཤད་ཚད་དགོས་གལ་མི་ཆེ་བས་ཁས་ཀྱང་བླང་མ་ཐུབ། དེས་ན་སྤྱིར་འཛམ་གླིང་ཐོག་གི་མི་རིགས་སུ་འདྲ་ཞིག་གིས་ལོ་རྒྱུས་ལྡན་པའི་རིག་གནས་ལ་མཐོང་ཆེན་བྱ་རྒྱུ་ནི་གལ་ཆེའི་ལས་འགན་ཞིག་ཡིན་ལ། ཁྱད་པར་དུ་རང་རང་གི་ཕ་མེས་ཀྱི་རིག་གཞུང་དང་ལོ་རྒྱུས་རང་རང་གིས་དོན་གཉེར་བྱ་རྒྱུ་ནི་ཆེད་དུ་སྤྲད་མ་དགོས་པ་རང་བཞིན་གྱིས་འཁྲི་བའི་་འོས་འགན་ཞིག་ཡིན་པ་ལ་བརྟེན་རྩོམ་ཐུང་འདི་བྲིས་པ་ཡིན།།
རྣམ་དཔྱོད་ཆེ་བས་གསར་རྙེད་བྱས་མིན་ལ། །
གཡེང་སྐྱོན་ལེ་ལོས་བདེ་སྡོད་ག་ལ་སྟེ། །
མེས་པོ་བཀའ་དྲིན་ཅན་གྱི་རིག་གཞུང་འགར་། །
རྒྱུད་མེད་གསར་བུའི་ལམ་སྟོན་ཡིན་ཁུལ་བྱས། །
༧ ཞེས་པ་འདི་ཉིད་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་རྩེ་དྲུག་བཤད་སྒྲུབ་སློབ་གླིང་ནང་བཤད་ཁྲིད་ཀྱི་བར་གསེང་རྣམས་སུ་བྲིས་པའོ།། །།