༈ལེའུ་བདུན་པ་ནང་རིག་པའི་སྐོར།
༧ནང་རིག་པ་ཞེས་པ་ཕྱི་རིག་པ་འདྲ་མོ་སྣོད་བཅུད་ཀྱི་འབྱུང་ཁམས་མཐུན་མིན་དང་། ལོ་ཁམས་དང་སྤར་ཁ་སྨེ་བ་སྲོག་ལུས་དབང་ཐང་སོགས་འགལ་བའི་རྐྱེན་ལས་བྱུང་བའི་གནས་སྐབས་ཀྱི་སྡུག་བསྔལ་དེ་རྣམས་སེལ་ཐབས་ཙམ་བསྟན་པ་མ་ཡིན་པར། འགྲོ་བ་རང་རང་སོ་སོའི་རྒྱུད་ལ་ཐོག་མ་ཉིད་ནས་ལྷན་སྐྱེས་སུ་མངའ་བའི་ལས་དང་ཉོན་མོངས་པ་འདིས་མཐའ་མེད་དུ་སྡུག་བསྔལ་གཏད་པའི་ཚུལ་ལ་གཟིགས་ནས། དེ་རྣམས་འདུལ་བའི་ཆེད་དུ་གཤེན་རབ་ཉིད་ཀྱིས་བཀའ་འཁོར་ཐོག་མཐའ་བར་གསུམ་དུ་བསྐོར་ནས་ནང་རིག་པ་གཏན་ལ་ཕབ། དེ་གཏན་ལ་འབེབས་ཐབས་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་སོགས་དང་། ཐེག་པ་རིམ་དགུ་ལ་ཡང་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་དང་། མདོ་དྲི་མེད་ལྟར་གྱི་ཐེག་དགུའི་གཞུང་མི་འདྲ་བའི་ཚུལ་གཉིས་ཡོད། །༧དང་པོ་ལ། ལྷ་མི་གཞན་རྟེན་གྱི་ཐེག་པ། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའི་ཐེག་པ་བཞི་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་ཐེག་པ་ལྔ་ལ་ནང་གསང་སྔགས་ཀྱི་ཐེག་པ་སྟེ་དགུ་ལ་བཞག །
༧ མདོ་སྡེ་དྲི་མེད་གཟི་བརྗིད་ལྟར་ན། ཕྱ་གཤེན། སྣང་གཤེན། སྲིད་གཤེན། འཕྲུལ་གཤེན། བཞི་ལ་རྒྱུ་ཡི་ཐེག་པ། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན། བླ་མེད་ལྔ་ལ་ནང་འབྲས་བུའི་ཐེག་པ་དང་དགུ་ལ་བཞག་པ་ཡིན། དེ་རྣམས་ཀྱི་དོན་འཇོག་སྟངས་ལ་བན་བོན་གཉིས་མིང་མཐུན་པ་འགའ་ཡོད་ཀྱང་དོན་མི་འདྲ་བ་སྟེ། བོན་ལུགས་ཀྱི་ཐེག་པ་དགུ་ལ་རྟོགས་པའི་ལྟ་བ། སྲུང་བའི་དམ་ཚིག བསྒོམ་པའི་རིམ་པ། སྒྲུབ་པའི་ཐབས། སྤྱོད་པའི་འཕྲིན་ལས། གྲུབ་པའི་འབྲས་བུ་བཅས་ཐེག་དགུ་རེ་རེ་ལ་ཐུན་མོང་མ་ཡིན་པ་རེ་འཇོག་རྒྱུ་ཡོད་ལ། བན་ལུགས་ལ་དབུ་མའི་གོང་ན་ལྟ་བ་མེད་པས་ཐེག་པ་གསུམ་དང་གྲུབ་མཐའ་བཞི་ཟེར་གྱི་ཡོད།
༧ འོ་ན་རྙིང་མ་བའི་ཐེག་པ་རིམ་དགུ་གསུངས་པའི་ཕྱིར་ཞེ་ན། དེ་ནི་དགེ་ལུགས་དང་ས་སྐྱ་བཅས་ནས་བོན་པོའི་ལད་མོ་བྱས་པ་ལས་བན་དེའི་ལུགས་མིན་པར་བཞད་ཀྱི་ཡོད། ཡོངས་གྲགས་སུ་རྙིང་མ་ལ་བོན་ཚ་ཟེར་དོན་དེ་རྣམས་ལ་ཐུག་ཡོད་པར་གསུངས། །ཕྱི་མ་དྲི་མེད་ལས་གསུང་པ་འདི་བོན་ལུགས་ཀྱི་ཐུན་མོངས་མ་ཡིན་པར་འདོད། ཐེག་དགུའི་གཞུང་དེ་རྣམས་ཆེས་སྔ་མའི་དུས་ནས་དར་བའི་རྟགས་སུ་ཁྲི་སྲོང་ཡར་སྔོན་ནས་བོན་ལུགས་ཀྱི་ཐེག་རིམ་ལ་དགོངས་འགྲེལ་འདེབས་མྱོང་ཡོད་ལ། ལྷག་པར་དུ་དུས་རབས་བཅུ་གཉིས་པའི་ནང་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་སྐབས་སུ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་༼གལ་མདོ་དྲི་མེད་གསལ་སྒྲོན་༽དང་། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་༼ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་༽དང་། དེ་རྗེས་སུ་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་ཐེག་རིམ་གྱི་འགྲེལ་བ་སོགས་མང་པོ་མཛད་ཡོད། བཀའ་འཁོར་བར་པའི་སྐབས་སུ་སྒོ་བཞི་མཛོད་ལྔ་གསུངས་པས་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ནི་དབལ་མོ་ལས་ཐིག་དང་འཕྲུལ་གཤེན་ཐེག་པའི་བོན་ལྟ་བུ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་ནི་སྐུ་དབལ་གསས་རྔམ་པ། གསུང་ལྷ་རྒོད་ཐོག་པ། ཐུགས་གཙོ་མཆོག་མཁའ་འགྱིང་། ཡོན་ཏན་དབལ་ཆེན་གེ་ཁོད། ཕྲིན་ལས་འབྲུག་གསས་ཆེམ་པ། དེ་བཞིན་ཁྲོ་བོ་རམ་པ། རོལ་པ། འབུམ་པ་སོགས་ཡི་དམ་བཀའ་ཆེན་སྡེ་དགུའི་རྒྱུད་དང་སྒྲུབ་སྐོར་རྣམས་སོ། །དེ་རྣམས་རྒྱ་གར་ལ་དར་བའི་བན་དེའི་སྔགས་གཞུང་གིས་ཚད་བསྡུར་རྒྱུ་མེད་པ་སྔར་ཞང་བོད་ལྗོངས་སུ་དར་བས་རྒྱུ་མཚན། དེང་བོན་ལུགས་ལ་ཡི་དམ་སྒྲུབ་སྐོར་མི་འདྲ་བ་བརྒྱ་ཕྲག་ལས་བརྒལ་བར་ཡོད་པ་མ་ཟད་དེ་རྣམས་ཀྱི་དགོངས་འགྲེལ་གསང་སྔགས་ཀྱི་བཀའ་དང་བཀའ་བརྟེན་པོད་ཉིས་བརྒྱ་ལྷག་དེང་སྐབས་བཞུགས་པ་བཅས་ཀྱིས་ཤེས། ཁ་དཔེ་ལ་ཡང་རྒྱ་གར་ལྷ་གཅིག་དང་། བོད་ལྷ་བརྒྱ་བཅས་ཀྱི་གླེང་བརྗོད་ད་ལྟ་ཡང་ཡོད།།
༧ འཕན་ཡུལ་རྒྱས་པ་འབུམ་གྱི་བོན་ནི། འབུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་སྟེ། རྒྱས་པ་བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་པོད་བརྒྱ་རྩ་བརྒྱད་པ་སྔར་ཡོད་ཀྱང་ཕྱིས་སུ་སོག་དམག་གི་མེས་འཇིག་པར་གྲགས། རྒྱས་པ་ཙམ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་པོད་བཅུ་དྲུག་པ་དང་། འབྲིང་པོ་འཕྱོང་འབུམ་དུམ་པ་བརྒྱད་པ་དང་ཁམས་ཆུང་དུམ་བུ་དྲུག་པ་རྩ་འབུམ་ལྟ་བུ་དང་། གཞན་འབུམ་ཕྲན་སོགས་འབུམ་གྱི་སྐོར་པོད་གྲངས་དྲུག་བཅུ་ཡར་ལྷག་ད་ལྟ་བཞུགས་ཡོད། འབུམ་གྱི་དགོངས་འགྲེལ་སྔ་ཤོས་གཤེན་གྱི་དངོས་སློབ་ཚངས་པ་གཙུག་ཕུད་ཀྱིས་མཛད་པའི་༼འབུམ་ཏིག་དང་།༽ དྲན་པ་ནམ་མཁས་མཛད་པའི་༼ས་ལམ་དོན་གསལ་སྒྲོན་མ་༽བཅས་དང་། དེ་རྗེས་དུས་རབས་བཅུ་གཅིག་པའི་ནང་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་དང་། དུས་རབས་བཅུ་བཞི་པའི་ནང་མཉམ་མེད་ཀྱི་ཁམས་བསྡུས་ཀྱི་འགྲེལ་བ་སོགས་ཡོད། འབུམ་གྱི་སྐོར་འདི་ལ་གསང་སྔགས་ནང་བཞིན་བཀའ་འགྲེལ་རྒྱས་པ་མ་གྲུབ་ཀྱང་། བཀའ་དང་བཀའ་བརྟེན་གྱི་ལམ་སྲོལ་དོད་ཡོད་པ་ནི་གོང་མའི་ཚུལ་ལས་ཤེས།།