༄༅།། ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན།།
༧ ཁྱབ་བདལ་གདོད་མའི་གཤིས་ལས་མ་གཡོས་ཀྱང་། །
མཁྱེན་བརྩེའི་རང་གཟུགས་ཡེ་ཤེས་སྒྱུ་མའི་གར། །
མཐའ་བཀླས་རབ་འབྱམས་རྒྱལ་བའི་ཞིང་ཁམས་ཀུན། །
ཁྱབ་པར་སྤྲོ་བྱེད་ཀུན་སྣང་ཁྱབ་དེར་བསྔགས། །
སྔར་བསགས་བསོད་ནམས་བཟང་པོའི་རླབས་ཕྲེང་གིས། །
ཕུན་ཚོགས་བཅུ་ཕྲག་རིག་པའི་བང་མཛོད་བརྡོལ། །
མཚན་དཔེའི་བརྗིད་ཀྱིས་གདུལ་བྱའི་ཡིད་འཕྲོག་པ། །
གཤེན་རྒྱལ་སྟོན་པ་མཆོག་དེས་དགེ་ལེགས་སྩོལ། །
གང་དེའི་ཞལ་གསུང་གནས་ལྔ་རིག་པའི་སྲོལ། །
རབ་ཡངས་འཛིན་མའི་ཁྱོན་འདིར་སྤེལ་བའི་བཤེས། །
གནས་ལྔའི་རྩལ་རྫོགས་རྒྱན་དྲུག་མཁས་བཞི་སོགས།། །
ཞང་བོད་ལོ་པཎ་ཚོགས་དེར་ཕྱག་བགྱིའོ། །
ཁྱད་པར་སྙིགས་མའི་སྨག་རུམ་བདོ་བའི་སྐབས། །
སྔར་སྲོལ་བསྟན་པའི་མེ་རོ་སློང་བའི་གཉེན། །
ལུང་རིག་མཛོད་འཛིན་བློ་ལྡན་སྙིང་པོ་སོགས། །
འགྲན་བྲལ་བླ་མ་རྣམས་ལ་དད་ཕྱག་བརྩེགས། །
གནས་ལྔའི་ལོ་རྒྱུས་གཏིང་ཟབ་འཛིན་མའི་ཁྱོན། །
རྨོངས་བློས་ཕ་མཐར་གཞལ་བ་དཀའ་མོད་ཀྱང་། །
དམ་པའི་གསུང་སྐུལ་བཟློག་པ་མིན་ཙམ་གྱིས། །
ཕྱོགས་རེ་མཐོང་རྣམས་ཟིན་ཐོའི་ཚུལ་དུ་བྲིས།།
༧ ཞེས་པའི་མཆོད་བརྗོད་སྔོན་དུ་བཏང་སྟེ་རང་གཞན་སེམས་ཅན་ཀུན་གྱི་འདྲེན་པོ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་སྙན་ནམ་མཁའི་མཐར་ཁྱབ་པ་དེ་ཉིད་ཀྱིས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་པའི་མཐར་འོག་མིན་ཞིང་ནས་ལོངས་སྤྱོད་རྫོགས་སྐུ་སྟོན་པ་གཤེན་ལྷ་འོད་དཀར་གྱིས་འགྲོ་བ་འདུལ་བའི་ལུང་བསྟན། ཡས་ནས་མར་སུམ་བཅུ་རྩ་གསུམ་གྱི་གནས་སུ་ཕེབས་ཏེ་ལྷ་མཐུ་བོ་ཆེ་རྣམས་དམ་ལ་བཏགས་ནས་བསྟན་པ་བསྲུང་བའི་མངའ་བདག་ཏུ་བསྐོས།། ༧ དེ་ནས་རི་རབ་ལྷོ་ཕྱོགས་ཀྱི་ཁ་ཁྱེར་རྒྱལ་པོ་འཕགས་སྐྱེས་པོའི་རྒྱལ་ས་གོང་མ་ཕོ་བྲང་ཛ་ལེན་དྷ་རའི་རྩེ་མོར་བྱོན་ནས་གཟིགས་དགོངས་ལྔ་ལྔ་ཐུགས་ལ་བཀྲམ་སྟེ། ངོ་མཚར་གྱི་ཡོན་ཏན་འབུམ་ཕྲག་དུ་མས་བརྒྱན་པའི་རྟག་གཟིགས་འོལ་མོ་ལུང་རིང་གི་མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ། ཡབ་དམུ་རིགས་གཤེན་ལྷའི་གདུང་རྒྱུད་འཛིན་པའི་རྒྱལ་བོན་ཐོད་དཀར་དང་། ཡུམ་ཐུགས་རྗེ་བྱམས་མའི་རྣམ་རོལ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ། ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ར་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ། གསང་གསུམ་ཡིད་བཞིན་ནོར་བུའི་མཚན་དཔེའི་དཀྱིལ་འཁོར་མཁའ་མཉམ་བསྟན་འགྲོ་ཡོངས་ཀྱི་དཔལ་དུ་སྐུ་འཁྲུངས་ཤིང་། དམ་པ་དེ་ཉིད་ལ་ལེགས་པའི་ཡོན་ཏན་དང་འོད་ཟེར་གྱི་སྤྲོ་བསྡུ་མཁྱེན་པའི་ཡེ་ཤེས་སོགས་ལེགས་བྱས་ཡོན་ཏན་འབུམ་གྱི་བཀོད་པ་ལྷུན་ལ་རྫོགས་ཤིང་མཁྱེན་བརྩེ་ནམ་མཁའི་མཛོད་ལ་མངའ་བརྙེས་པའི་རབ་བརྒྱད་སྟོན་པ་དམུ་རྒྱལ་སྲས་པོ་ཞེས་ཀུན་གྱིས་བསྟོད་སྔགས་ཀྱི་སྒྲ་དབྱངས་འཛིན་མའི་ཁྱོན་ལ་ལྡིར་བ། གང་དེའི་ཐུགས་ཀྱི་ཡང་བཅུད་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ་འཕྲུལ་ངག་གཡུང་དྲུང་བོན་མཆོག་རིན་པོ་ཆེ་དེ་ཉིད། ཐུགས་ཀྱི་དཔལ་བེའུ་ནས་དགོངས། མགུལ་གྱི་བུམ་པ་ནས་དྲིལ། ལྗགས་ཀྱི་དབང་པོ་ལ་བཀྲམ། དུང་གི་ཚེམས་བར་ནས་བཏོན་ཏེ་འཁྲུལ་འཁོར་མུན་པའི་སྨག་རུམ་ན་སྡུག་བསྔལ་གསུམ་གྱིས་ནོན་པའི་སེམས་ཅན་མུ་མཐའ་མེད་པ་རྣམས་ལ། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ལམ་སྟོན་དུ་དམིགས་ཏེ། བོན་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སོགས་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་གྲངས་མང་བ་བརྗོད་ཀྱིས་མི་ལོངས་པ་ཞིག་གསུངས་པའི་ནང་ནས།།
སྐབས་འདིར་རིག་གནས་ཀྱི་སྐོར་བསྡུས་ཙམ་ཞིག་གླེང་རྒྱུ་བྱས།། ༧དེ་ཡང་དེང་སང་རྒྱལ་ཕྱི་ནང་གི་མཁས་པ་རྣམས་ནས་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་དང་ལོ་རྒྱུས་ལ་ཁུངས་དཔྱད་ཟབ་རྒྱས་གནང་བའི་ལམ་སྲོལ་བཟང་པོར་ཆགས་པ་དང་བསྟུན། ལོ་ངོ་སུམ་སྟོང་གོང་ནས་ཞང་བོད་དུ་དར་བའི་རིག་གནས་ཀྱི་སྐོར་བོད་སྔ་རབས་ཀྱི་ལོ་རྒྱུས་ལ་གཞི་བཟུང་ནས་བཤད་པ་དེ་ཡིན།།
༈ལེའུ་དང་པོ་རིག་གནས་སྤྱི་ཡི་རྣམ་བཞག
༧ དེ་ཡང་རྒྱལ་བ་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པ་དེ་ཉིད་འགྲོ་བ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ཐབས་སྟོན་པ་ལ་མཁྱེན་པ་མི་མངའ་བ་མེད་པས། ཐོག་མར་བསྟན་སྲིད་སྐྱོངས་ཐབས་ཀྱི་རྨང་གཞི་རིག་པའི་གནས་ལྔའི་བོན་གསུངས་པ་སྟེ། མདོ་དྲི་མེད་ལས། ད་ལྟ་རྒྱལ་པོའི་རྒྱལ་སར་གནས་ཀྱང་། རྒྱུ་འབྲས་བདེན་པའི་བོན་རྣམས་ད་རུང་བསྟན་པའི་དུས་ལ་མ་བབ་ཅེས་དང་། ཁྱེད་རྣམས་ཀྱང་ནམ་ཞིག་དུས་ལ་བབ་ཙམ་ན་རྒྱུ་འབྲས་བདེན་པའི་བོན་བསྟན་གྱི། ད་ལྟའི་དུས་འདིར་ཤེས་རབ་ལ་བློ་སྦྱོང་ཞིང་རིག་པའི་གནས་ལྔ་ལ་བསླབ་དགོས་པ་ཡིན། དེ་ཡང་ཕྱི་རིག་པ། ནང་རིག་པ། གསོ་བ་རིག་པ་རྣམས་ནི་ད་རུང་བསྟན་པའི་དུས་ལ་མ་བབ་ཅིང་མི་འབྱུང་ལ། བཟོ་རིག་པ་ནི་ལྷ་བུ་ཁྱེད་དང་བདག་ནི་སྔོན་གྱི་སྨོན་ལམ་མཐུན་པས་ཁྱེད་ཀྱི་ཐུགས་སུ་ཆུད་པར་གྱིས་ཤིག་ཅེས་དང་།། བསྟན་པ་རྗེས་བཞག་གི་མདོ་ལས། བཀའ་ལ་ཐོག་མཐའ་བར་དང་གསུམ། །དེ་ཡང་སོ་སོར་དབྱེ་བ་ནི། །དང་པོ་ཀུན་རྫོབ་བདེན་པ་གསུང་། །བར་པ་བདེན་གཉིས་དོ་མཉམ་གསུང་། །ཐ་མ་དོན་དམ་བདེན་པ་གསུང་ཞེས་དང་། མདོ་ལས། དེ་ལྟར་གནས་ལྔ་ཐེག་པ་དགུ། །དང་པོ་གསུང་པའི་བཀའ་ལུང་ངོ་། །ཞེས་དང་། རྣམ་རྒྱལ་ལས། རིག་པའི་གནས་ལྔ་ནི་སྲིད་པ་རིགས་ལྔའི་ཐུགས་རྗེ་བྱིན་རླབས་ལས་བྱུང་བའོ།།ཞེས་པའི་གཞུང་རྣམས་ཀྱིས་གསལ་བར་བསྟན་ལ།།
༧ལྷག་པར་ཞང་བོད་ཀྱི་ལོ་རྒྱུས་ཐོག་མངོན་པའི་རིག་གནས་ལྔ་འདི་ལ་ཐུན་མིན་ཁྱད་བོན་མང་པོ་ཡོད་ཀྱང་། སྐབས་འདིར་རིག་གནས་ཀྱི་ལྷ་གཙོ་བོ་སྣང་ཞིང་སྲིད་པའི་འཇིག་རྟེན་ཁམས་ཀྱི་རྗེ་བོ་སྲིད་པ་སངས་པོ་འབུམ་ཁྲི་དེ་ཉིད་དང་། ལྷ་དེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས་འཕྲོས་པའི་ལྷ་ལྔ་དང་་་གསུང་པའི་བོན་ལྔ་བསྟན་པའི་དགོས་པ་ལྔ་རེ་བསྟན་པ་དེ་ཡིན།།
༧ དེ་དག་གི་ངོས་འཛིན་རིམ་པ་ལྟར་ཏེ། དང་པོ་འབྱུང་བའི་ལྷ་ལྔ་ནི། སྲིད་པ་སངས་པོ་འབུམ་ཁྲིའི་ཐུགས་ཀྱི་སྤྲུལ་པ་༡ཡེ་སྲིད་སངས་པོ་འབུམ་ཁྲི་གསུང་གི་སྤྲུལ་པ་༢ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་་་སྐུ་ཡི་སྤྲུལ་པ་༣ཡེ་རྗེ་སྨན་ལྷའི་རྒྱལ་པོ་་་ཡོན་ཏན་གྱི་སྤྲུལ་པ་༤ཡེ་དབང་ས་ཡི་རྒྱལ་པོ་ཕྲིན་ལས་ཀྱི་སྤྲུལ་པ་༥ཡེ་དབལ་མཐུ་སྟོབས་ཀྱི་རྒྱལ་པོའོ།། ༧གཉིས་པ་གསུང་པའི་བོན་ལྔ་ནི། བཟོ་རིག་པའི་བཀའ་དང་སྒྲ་རིག་པའི་བཀའ་དང་། གསོ་བ་རིག་པའི་བཀའ་དང་། ཕྱི་རིག་པའི་བཀའ་དང་། ནང་རིག་པའི་བཀའ་དང་ལྔའོ།། ༧ གསུམ་པ་བསྟན་པའི་དགོས་པ་ལྔ་ནི། ༡སངས་རྒྱས་ཀྱི་བསྟན་པའི་གཞིར་གྱུར་ཅིང་གཞན་རྗེས་སུ་བཟུང་བའི་ཆེད་དུ་བཟོ་རིག་པ། ༢བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་རྣམས་ཚར་གཅོད་ཅིང་ངེས་དོན་ཡང་དག་པར་རྟོགས་པའི་ཆེད་དུ་སྒྲ་ཚད་རིག་པ། ༣ འགྲོ་བ་ནད་ཀྱི་ཟུག་རྔུ་བསལ་ཞིང་ལུས་སྲོག་གསོ་བར་བྱ་བའི་ཕྱིར་དུ་གསོ་བ་རིག་པ། ༤འཇིག་རྟེན་གྱི་བདེ་སྡུག་ལེགས་ཉེས་སྟོན་ཞིང་སྣང་སྲིད་ཞི་བདེར་བཅོས་པའི་ཕྱིར་དུ་ཕྱི་རིག་པ། ༥བགེགས་གདོན་རྣམས་ཐབས་ཀྱིས་བཅོམ་ཞིང་མཆོག་ཐུན་རང་རྒྱུད་ལ་ཐོབ་པའི་ཆེད་དུ་ནང་རིག་པ་དང་ལྔ་རུ་བསྟན།། དེ་ཡང་བྱམས་མ་འབུམ་ལྔ་ལས། ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། །ནད་ཀྱི་གདུང་བ་སྨན་གྱིས་གསོ། །རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། །ཞེས་དང་། ཀུན་འབུམ་རྩ་རྒྱུད་ལས། །ང་ཡིས་བཤད་པའི་བཀའ་རྒྱུད་འདི། །གཡུང་དྲུང་བོན་གྱི་རྒྱ་མཚོ་ལས།། ནོར་བུ་རིན་ཆེན་མཆོག་བླང་ལྟར། །ཡང་སྙིང་དམ་པའི་ཉིང་ཁུ་ཡིན། །དེ་ཡང་གང་གི་ཕྱིར་ཞེ་ན། །རིག་པའི་གནས་ལྔ་མ་སྦྱོང་ན། །ཐམས་ཅད་མཁྱེན་པ་མི་འགྱུར་ཏེ། །ཉི་མའི་དཀྱིལ་འཁོར་འོད་འབར་ཡང་། །སྒོ་འགག་དབང་པོས་མཐོང་བ་མིན།། ཞེས་སོགས་ཀྱི་རིག་གནས་དེ་རྣམས་སྔར་ནས་གཤེན་རབ་ཀྱིས་བསྟན་ཡོད་པ་གསལ་བ་མ་ཚད། གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གང་ཞིག་ཡིན་ན་དེའི་ཚིག་གསེབ་ལ་རིག་གནས་ཀྱི་སྐོར་མ་བསྟན་པ་ཞིག་མེད་པ་སྟེ། དཔེར་ན་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང། སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལྟ་བུའོ།། ༧གཞན་རིག་གནས་ལྔ་རེ་རེ་ལ་གདུལ་བྱ་དང་་འདུལ་བྱེད་ཐུལ་འབྲས་སམ། གཞི་ལམ་འབྲས་གསུམ་དང་སྦྱར་བས་དཀར་ནག་་ཁྲ་གསུམ་གྱི་མིང་གིས་མཚོན་ནས་རིག་གནས་ཀྱི་གཞུང་གཏན་ལ་ཕབ་ནས་ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་བསྟན་པ་རྗེས་བཞག་བྱས་ཚུལ། ཀུན་འབུམ་གྱི་གཞུང་ལས། མ་ཐུལ་བ་འདུལ་བའི་ནག་པོ་དང་། ཐུལ་བ་བཀྲིད་དྲང་གི་ཁྲ་བོ། བཀྲིད་དྲང་རྟོགས་པའི་དཀར་པོ་བསྟན་པའོ། །ཞེས་སོགས་ཀྱིས་གྲུབ་ཡོད། ཁྱད་པར་ཞང་བོད་ཀྱི་རིག་གཞུང་དེ་རྣམས་འཛམ་གླིང་ཐོག་ཡུན་གནས་བྱ་ཐབས་སུ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་རྒྱལ་ས་གླིང་བཞི་དང་གསས་མཁར་དཀར་ནག་བཀྲ་གསལ་སོགས་ལ་འཁོར་གཡུང་དྲུང་སེམས་དཔའ་དང་བཅས་ནས་བཀའ་འཁོར་བསྐོར་བའི་སྨིན་གྲོལ་གྱི་བུ་སློབ་མང་པོར་བྱུང་བའི་ནང་ནས། མཆོག་ཏུ་གྱུར་པ་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་དེ་ཉིད། ཉིད་ཀྱི་རྒྱལ་ཚབ་ཀྱི་དབང་བསྐུར་ནས་བོན་སྒོ་ཕྱི་ནང་གསང་གསུམ་གྱི་བཀའ་རྣམས་བཤད་བཀྲོལ་ལམ་འཆད་ཁྲིད་ཀྱི་བདག་པོར་བསྐོས་པ། གང་དེའི་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་། དེ་རྣམས་ནས་བརྒྱུད་པའི་སྟོད་ཀྱི་བླ་མ་ཆེ་དྲུག་དང་། བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། དྲན་པ་ཡབ་སྲས་སོགས་ལ་བརྒྱུད་ནས་བོད་རྒྱལ་སྲོང་བཙན་དང་ཁྲི་སྲོང་བར་རིག་གཞུང་དེ་རྣམས་ལ་གོད་ཆགས་ཆེན་པོར་སོང་མེད་པ། མ་ཟད་ཁྲི་སྲོང་ཡར་སྔོན་གྱི་མཁས་པ་རྣམས་ཀྱིས་རྒྱ་དཀར་ནག །ཕྲོམ་རྟག་གཟིགས། བོད་ཞང་ཞུང་སོགས་འཛམ་གླིང་ཡུལ་གྲུ་ཁག་ལ་མདོ་སྔགས་རྫོགས་གསུམ་དང་རིག་གནས་བཅས་ཁྱབ་སྤེལ་གནང་བ་དང་ཁྱབ་ཅིག་ཁོང་རྣམ་པས་ཀྱང་གཞུང་དེ་རྣམས་ལ་འགྲེལ་བཤད་ཀྱི་བསྟན་བཅོས་ཀྱང་མང་པོ་གནང་ཡོད།།
༧བོད་རང་ས་ལ་མཚོན་ན་ལོ་ངོ་༣༠༤༠ཡས་མས་ཙམ་ན་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོ་དང་། བོན་གཤེན་ནམ་མཁའ་སྣང་བ་མདོག་ཅན་གཉིས་ཀྱི་དུས་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གཙོས་ཞང་བོད་ཀྱི་མཁས་པ་རྣམས་ཀྱིས། རྟག་གཟིགས་དང་ཞང་ཞུང་གི་ཡུལ་ནས་གསང་སྔགས་སྤྱི་སྤུངས་ཀྱི་སྐོར་དང་། རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་དང་རིག་གནས་བཅས་བོན་སྡེ་དུ་མ་ཞིག་ཞང་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། དུས་མཚུངས་བོད་ཡིག་ཐོག་ཏུ་བོན་སྒོ་པོད་གྲངས་མང་པོ་བྲིས་ཡོད་པ་སྤུ་རྒྱལ་རིམ་བྱོན་དང་འབྲེལ་བའི་བོད་སྔ་རབས་ཀྱི་ལོ་རྒྱུས་ལས་དང་། གཞན་རྒྱུ་བོན་སྐོར་འགའ་ཞིག་སྟོན་པ་གཤེན་རབ་བོད་འདིར་ཞབས་བཅག་སྐབས་གསུངས་པ་མཛད་མདོ་རྒྱས་འབྲིང་རྣམས་སུ་ཡང་གསལ།། །།