༈ ལེའུ་ལྔ་པ་གསོ་རིག་སྐོར།
ཞང་བོད་མཐོ་སྒང་གི་ཡུལ་འདིར་རིག་གཞུང་དང་པོར་གླེང་བའི་སྟོན་པ་གཤེན་རབ་མཆོག་ནས། སྤྱིར་ནི་འགྲོ་བའི་སྡུག་བསྔལ་བསལ་ཐབས་བོན་སྒོ་བསམ་གྱིས་མི་ཁྱབ་པ་གསུངས་ལ། ལྷག་པར་དུ་རྒྱུ་དུག་ལྔའི་རྐྱེན་ལས་བྱུང་བའི་འབྱུང་ཁམས་མཐུན་མིན་གྱིས་སྐྱེ་འགྲོ་རྣམས་ནད་རིགས་བཞི་བརྒྱ་རྩ་བཞིས་མནར་བ་ལ་བརྟེན། གཤེན་རབ་ཀྱིས་སངས་རྒྱས་སྨན་ལྷའི་དགོངས་པ་བཞིན་བདུད་རྩི་སྨན་གྱི་མདོ་དགུ་དང་དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་གསུངས་པ་སྟེ། བོན་དཔེ་སྨན་ལྷའི་རྒྱལ་པོའི་ཆོ་ག་བསྟན་པའི་མདོ་ལས། སྟོན་པ་དེ་ཉིད་རི་གཡུང་དྲུང་དགུ་བརྩེགས་ཀྱི་བྱང་ནུབ་བདུད་རྩི་སྨན་གྱི་ཚལ་གྱི་དབུས། བྱང་ཆུབ་ཤིང་གི་སྐྱིལ་མོའི་ནང་ནས། འཁོར་དུ་གཏོགས་པའི་གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ་རྨ་ལོ། གཡུ་ལོ་དང་། གཏོ་བུ་འབུམ་སངས་དང་། ཡིད་ཀྱི་ཁྱེའུ་ཆུང་། དཔྱད་བུ་ཁྲི་ཤེས་དང་ཞེས་པ་ནས། དྲང་སྲོང་ཆེན་པོ་བརྒྱད་དང་། སྨན་གྱི་ལྷ་མོ་བཅུ་དྲུག་དང་དེ་ལ་སོགས་ཕྱི་འཁོར་དང་། ནང་འཁོར་དང་བར་འཁོར་བསམ་གྱིས་མི་ཁྱབ་པ་ལ། ཉོན་མོངས་ནད་སེལ་རྒྱལ་པོ་སྨན་གྱི་མདོ་འཆད་ཅིང་བཞུགས་ཞེས་དང་། འབུམ་བཞིའི་རྩ་བ་ཐུགས་འབུམ་མཁའ་སྔོན་ལས་། དྲང་སྲོང་ཆེན་པོ་བརྒྱད་དང་། སྨན་གྱི་ལྷ་མོ་བཅུ་དྲུག །ཞེས་དང་། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །བོན་དང་ནོར་དང་བདེ་སྐྱིད་འདོད་པའི་གང་ཟག་གིས་མན་ངག་འདི་ལ་བསླབ་པར་བྱའོ། །ཞེས་དང་། འབུམ་ནི་ཐུགས་འབུམ་སྨན་འབུམ་དཔྱད་འབུམ་ནད་འབུམ་བཞི་རུ་སྟོན་ཞེས་དང་། དྲི་མེད་གཟི་བརྗིད་ཐབས་ཤེས་སྲས་སྤྲུལ་གྱི་མདོ་ལས། འཁོར་བའི་སེམས་ཅན་ཉོན་མོངས་མ་རིག་པ། །མི་བདེ་སྡུག་བསྔལ་རྒྱུ་རྐྱེན་གཉིས་ཡིན་ཞིང་། །རྒྱུ་ནི་ནད་དང་རྐྱེན་ནི་བགེགས་ཡིན་ན། །དེ་ལ་ཕན་ཐབས་གཏོ་དཔྱད་གཉིས་གསུངས་ཤིང་། །གཏོ་ནི་གཏོ་བུ་དག་ལ་གོང་དུ་བསྟན། །དཔྱད་ནི་བདག་ལ་གནང་བར་ཞལ་བཞེས་པས། །དང་པོ་ནད་ཀྱི་རྒྱུ་རྐྱེན་འདུ་བ་ནི། །ནད་དེ་དངོས་པོ་གང་ལས་བྱུང་བ་ལགས།། །ཞེས་གསོལ་ཏོ། །དེ་ལ་སྟོན་པས་བཀའ་སྩལ་པ། །ཉོན་ཅིག་སྐལ་ལྡན་རིགས་སྲས་འགྲོ་བའི་དཔལ། །འཁོར་བའི་སེམས་ཅན་ཉོན་མོངས་མ་རིག་པ། །འདུ་བའི་ནད་ཀྱིས་རྒྱུ་རྐྱེན་ལུས་སེམས་འཁྲུག །མི་བདེ་སྡུག་བསྔལ་རབ་ཏུ་སྦྱོང་བྱེད་པ། །དེ་ཡི་རྒྱུ་རྐྱེན་དང་པོ་བྱུང་ཚུལ་ནི། །དངོས་པོ་ནད་ཀྱི་རྒྱུ་ནི་མ་རིག་པ། །མ་རིག་ཉོན་མོངས་དུག་ལྔ་དུག་གསུམ་སྟེ། །དུག་གསུམ་རྒྱུ་ལ་ནད་ཀྱི་རྒྱུ་བཞི་ལྡང་། །རླུང་མཁྲིས་བད་ཀན་འདུ་བ་ཁྲག་ནད་བཞི། །ཞེ་སྡང་མེ་ལྟར་འབར་བའི་རྒྱུ་རྐྱེན་ལས། །བད་ཀན་ལས་གྱུར་བརྒྱ་དང་རྩ་གཅིག་ལྡང་། །ང་རྒྱལ་རླུང་ལྟར་འཚུབ་བའི་རྒྱུ་རྐྱེན་ལས། །རླུང་ལས་གྱུར་པ་བརྒྱ་དང་རྩ་བརྒྱད་ལྡང་། །གཏི་མུག་མུན་ལྟར་འཐིབས་པའི་རྒྱུ་རྐྱེན་ལས། །ཁྲག་ལས་གྱུར་པ་བརྒྱ་དང་རྩ་གཅིག་ལྡང་། །དེ་ལྟར་འདུ་བ་བཞི་བརྒྱ་རྩ་བཞི་སྟེ། །རྒྱུ་བཞི་ཕུང་པོ་འཇིག་སྐྱེད་གསོ་བའི་རྒྱུ། །མ་རིག་ཉོན་མོངས་ནད་དུ་ལྡང་བའོ། །ཞེས་དང་། ༧ །གཉིས་པ་སྨན་ལ་རྣམ་པ་བཞི་སྦྱར་ཏེ། ཐང་སྨན་ཕྱེ་མ་རིལ་བུ་འདེ་གུ་བཞི། །རྩ་ལག་གཏར་བྱུགས་མེ་བཙའ་འབུག་པ་བཞི། །སྦྱོར་སྡེ་ཆེན་པོ་བརྒྱད་དུ་དབྱེ་བ་སྟེ། །དེ་ཡང་གང་ལ་གང་དགོས་སྦྱོར་བ་ནི། །ཚ་བའི་ནད་ལ་བསིལ་བའི་སྦྱོར་སྡེ་བྱ། །གྲང་བའི་ནད་ལ་དྲོད་ཀྱི་སྦྱོར་སྡེ་བྱ། །རླུང་ནད་ཅན་ལ་བཅུད་ཀྱི་སྦྱོར་སྡེ་བྱ། །མཁྲིས་པ་ཅན་ལ་སྙོམས་ཀྱི་སྦྱོར་སྡེ་བྱ། །བད་ཀན་ཅན་ལ་གསེང་བའི་སྦྱོར་སྡེ་བྱ། །ཁྲག་ནད་ཅན་ལ་གསོ་བའི་སྦྱོར་སྡེ་བྱ། །དང་པོ་རྩ་དཔྱད་རིག་པས་གཏན་ལ་ཕབ། །རྩ་ཆུ་ཁམས་དང་སྐྱེ་མཆེད་ཐིགས་པར་བྱ། །བར་དུ་སྦྱོར་སྡེ་མན་ངག་གནད་དུ་བསྣུན། །ཞེས་པའི་ལུང་གིས་སྨན་གྱི་རྒྱུད་སྡེ་གསུང་མཁན་གྱི་སྟོན་པ་དང་གསུང་སའི་འཁོར་གཡུང་དྲུང་སེམས་དཔའ་བསྟན་བྱེད་ཀྱི་གཞུང་གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ། དག་པའི་སྨན་འབུམ་དཀར་པོ་སོགས་དཔྱད་རྒྱུད་ཆེན་པོ་དུ་མ་ཞིག་གཏན་ལ་ཕབ་ནས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་པའི་སྐོར་གསལ་པོར་གསུངས་ཡོད།།
༧འོན་ཀྱང་བར་སྐབས་ཤིག་ལ་བོད་ཀྱི་མཁས་པ་རྣམ་པས་ལོ་རྒྱུས་བཤད་པའི་ཚེ་ན་རང་རང་གི་གྲུབ་མཐའ་དང་ཆོས་ལུགས་ལ་ཆེ་བསྟོད་དང་། གཞན་གྱི་ཡིག་ཆ་ཡང་རང་གི་ཡིན་པར་ལབ་པའི་ལུགས་སྲོལ་མང་པོ་ཆགས་པ་སྟེ། དཔེར་ན་བོན་གཞུང་སྨན་གྱི་འབུམ་བཞི་འདི་ལ་རྒྱུད་བཞི་ཞེས་མིང་གསར་པ་ཞིག་བཏགས་ནས་འགོ་མཇུག་གི་སྟོན་པ་གཤེན་རབ་ཞེས་པ་དང་གཡུང་དྲུང་སེམས་དཔའ་ཞེས་པ་རྣམས་ལ་བཅོམ་ལྡན་འདས་ཞེས་པ་སོགས་ཐ་སྙད་གསར་པ་བཏགས་ཡོད་པ་དེང་མཐོང་བརྡོལ་བ་ནི། བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས། འོ་ན་གསོ་རིག་རྒྱུད་བཞིའི་འབྱུང་ཁུངས་དངོས་གང་ཡིན་ཞེ་ན། གྲུབ་མཐའི་ལ་རྒྱ་དང་། ཕྱོགས་རིས་ཀྱི་ཞེན་པས་མ་བཅིངས་པར་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན། གཡུ་ཐོག་ཡོན་ཏན་མགོན་པོས་དུས་རབས་བདུན་པའི་ནང་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་སྦྱོང་གྲྭ་འཛུགས་སྐབས་དཔྱད་བུ་ཁྲི་ཤེས་ནས་བརྒྱུད་དེ་རིམ་བཞིན་འཕེལ་རྒྱས་བྱུང་བའི་གསོ་རིག་འབུམ་བཞི་ཞེས་པའི་གཞུང་དེ་ལ་ཚིག་རྐང་རྣམས་མཐའ་གཅིག་ཏུ་དགུ་ཚིག་ཏུ་བཅོས་ནས་ཚིག་གི་སྦྱོར་བ་ལ་སྙན་ཆ་གཏད། ལེའུ་དང་ས་བཅད་རྣམས་འོས་ཐོབ་ཀྱི་བཅོས་བསྒྲིགས་བྱས། རྒྱ་དཀར་ནག་ནས་བསྒྱུར་བའི་གསོ་རིག་གིས་གསོས་བཏབ་དབུ་ལ་བོན་ལུགས་ཀྱི་མཆོད་བརྗོད་ཡོད་པ་དེ་དག་དང་། མཇུག་གི་མཛད་བྱང་རྣམས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་སྟེ་གསོ་རིག་རྒྱུད་བཞི་ཞེས་མཚན་གསོལ་བས་སྨན་པ་རྣམས་ཀྱི་གཟིགས་སྟེགས་སུ་གནང་བ་ངེས་ཏེ་ཞེས་གསུངས་པ་ལ། བོད་ཀྱི་སྨན་རམས་པ་མང་པོ་ཞིག་གིས་དེ་ལྟར་དུ་མོས་མཐུན་གནང་ཡོད་པ་མ་ཚད་གསོ་རིག་མཁས་ཅན་ཟུར་མཁར་བས་ཀྱང་། སངས་རྒྱས་ཤཱག་ཀྱ་ཐུབ་པ་སྨན་གྱི་གནས་ན་ལོ་བཞི་བཞུགས་ཀྱང་རྒྱུད་བཞི་གསུངས་པའི་ལོ་རྒྱུས་མེད་པར་ཐག་བཅད་ཡོད་པ་དང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ། བོན་ལ་གསོ་དཔྱད་ཡོད་པའི་རྒྱུ་མཚན་ཡང་བཤད་ཡོད་པས་ཤེས།།