སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༡༧ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/11/11 19:13:00 | By: dengbijiangcun ]
 

  གཞན་ཕྱི་རིག་པ་ལ་ཤེས་པ་ཅན་བཅུ་གཉིས་ཀྱི་སྡེ་ཚན་ཕྱེས་པ་དེ་ཉིད་ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་པད་མ་ར་གའི་ལྡེ་མིག་ལྟར་ན།    དང་པོ་མགོན་ཤེས་ལྷ་བོན་ཞེས་པ་ལྷ་ཡར་གསོ་བས་མི་ལ་མགོན་བྱེད་ཚུལ་སྟོན་པའི་ཤེས་རིག གཉིས་པ་གཡང་ཤེས་ཕྱྭ་བོན་ཞེས་པ་གཡང་ཚུར་བླངས་པས་ནོར་ཕྱུགས་འཕེལ་བར་སྟོན་པའི་ཤེས་རིག གསུམ་པ་འགྲོ་ཤེས་གླུད་གཏོང་ཞེས་པ་གླུད་ཕར་བཏང་བས་འདྲེ་ཚིམས་ཏེ་ལོགས་སུ་འགྲོ་བའི་ཚུལ་བཤད་པའི་ཤེས་རིག  བཞི་པ་འདུར་ཤེས་སྲིད་གཤེན་ཞེས་པ་ཤི་བའི་བླ་འདུར་བས་བདེ་འགྲོ་ཐོབ་ཚུལ་བཤད་པའི་ཤེས་རིག ལྔ་པ་གཙང་ཤེས་སེལ་བྱེད་ཅེས་པས་གཙང་སྨེ་ཕྱེ་ནས་སྨེ་བཙོག་ཐམས་ཅད་སེལ་བའི་ཐབས་སུ་ཁྲུས་དང་བསང་ལ་སོགས་པའི་སྒོ་ནས་ལྷ་སྲུང་རྣམས་བསྐངས་ཚུལ་སྟོན་པའི་ཤེས་རིག དྲུག་པ་འགྲོལ་ཤེས་གཏད་བྱད་ཅེས་པས་ཕ་རོལ་དགྲ་ཕྱོགས་ཀྱིས་བཏང་བའི་མཐུ་བྱད་ཀྱི་གཏད་རྒྱ་བྱུང་ན་དེ་དག་དཀྲོལ་ནས་དགྲ་བགེགས་ཀྱི་གནོད་འཚེ་སེལ་བའི་ཚུལ་བཤད་པའི་ཤེས་རིག བདུན་པ་ཕན་ཤེས་སྨན་དཔྱད་ཅེས་པ་འབྱུང་ཁམས་འཁྲུགས་པའི་ནད་རིགས་སེལ་བྱེད་དེ་ཚེ་ཡི་བར་ཆད་བསལ་བའི་ཐབས་བཤད་པའི་ཤེས་རིག བརྒྱད་པ་སྐོས་ཤེས་རྩིས་མཁན་ཞེས་པ་ཕྱི་ནང་གི་དངོས་པོའི་ཁམས་ལ་དཔྱད་ནས་སྔ་ཕྱིའི་ལྟས་བཟུང་བའི་རིག་པ། དགུ་པ་སྨྲ་ཤེས་གཏོ་དགུ་ཞེས་པ་ཁམས་སའི་གླུད་བསྔོས་པས་འདྲེ་ལ་ཤགས་འདེབས་པའི་ཤེས་རིག བཅུ་པ་ལྡིང་ཤེས་ཤ་བ་ཞེས་པ་བག་ཕྱེ་ཡིས་ཤ་བ་བཅོས་ནས་བཏང་བ་ཙམ་གྱིས་ཡུལ་དུ་འཕུར་ཚུལ་བཤད་པའི་ལག་རྩལ་གྱི་ཤེས་རིག བཅུ་གཅིག་པ་འཕུར་ཤེས་ཇུ་ཐིག་ཅེས་པ་མོ་ལྷ་བདར་ཏེ་ཐབས་ཤེས་མི་འདྲ་སྣ་ཚོགས་ཀྱི་རྟེན་འབྲེལ་ལ་བརྟག་ནས་ལེགས་ཉེས་ཀྱི་ཚུལ་བཤད་པའི་ཤེས་རིག བཅུ་གཉིས་པ་སྒྲོལ་ཤེས་འཕྲུལ་བོན་ཞེས་པ་རྩི་ཤིང་བན་བུན་བསྔོས་པས་ལྷ་འདྲེའི་གནོད་པ་ལས་སྒྲོལ་བར་བྱེད་པའི་ཤེས་རིག་སྟེ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་གཉའ་ཁྲི་བཙན་པོའི་སྐབས་སུ་ཤེས་རིག་གི་སྐོར་རྣམས་སྡེ་ཚན་དུ་དབྱེ་བའི་ལམ་སྲོལ་བྱུང་བ་དེ་རེད་ཅེས་གསུངས་ཡོད།།
  སྤྱིར་རྒྱུ་བོན་གྱི་སྐོར་ནི་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོ་སྐབས་ནས་བོད་ལ་དར་ཡོད་པ་ཡོངས་སུ་གྲགས་ཡོད་པ་མ་ཟད་དེང་སྐབས་བན་བོན་ཐུན་མོང་དུ་ཞང་བོད་ཀྱི་རྒྱུ་བོན་དེ་རྣམས་ཐུན་མོང་དུ་བེད་སྤྱོད་གནང་བཞིན་ཡོད་པ་རེད། དེ་ལ་ཡང་སྔར་གདོད་མའི་བོན་གྱི་དམར་མཆོད་ཕུལ་བའི་ལུགས་སྲོལ་དང་གཤེན་རབ་ཀྱིས་དེ་དགག་ནས་དེ་ཡི་ཚབ་ཏུ་བྱ་གཅན་རི་གཡུང་ཟན་ལ་པར་གདབ་པའམ་རི་མོ་བྲིས་ཏེ་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ནས་མི་མ་ཡིན་གྱི་རིགས་ལ་བསྔོས་པའི་སྲོལ་གཉིས་དབྱེ་འབྱེད་བྱ་རྒྱུ་གལ་ཆེ། མཁས་པ་འགའ་རེས་དེང་དུས་གངས་རིའི་རྒྱུད་ཀྱི་བྲག་རི་མང་པོ་ཞིག་གི་ངོས་སུ་བྱ་གཅན་རི་དྭགས་ཀྱི་གཟུགས་རིས་བྲིས་པ་མཐོང་བ་འདིས་གཤེན་གྱི་རྒྱུ་བོན་ལ་སེམས་ཅན་གྱི་གཟུགས་རིས་བསྔོས་པས་དཔང་རྟགས་བྱས་ན་མི་འགྲིག་རྒྱུ་མེད་པ་ཡང་གསུངས། དེ་བཞིན་སྔར་གཤེན་རབ་ཀྱི་སྐབས་སུ་གདོད་མའི་བོན་ལུགས་ཀྱི་དམར་མཆོད་བྱས་པས་སྡིག་ཆེན་མི་དགུ་དམྱལ་བར་ལྟུང་ལུགས་ཀྱི་དཔེ་མཚོན་དང་། རྒྱུ་བོན་གྱི་དམ་ཚིག་ནང་དུ་ཡང་། །རྒྱུ་ཡི་མཆོད་པ་སྡིག་མ་འདྲེས། །སྡིག་འདྲེས་མཆོད་པས་ལྷ་མི་མཉེས། ཅེས་དང་། ཆབ་ནག་རྒྱུ་ཡི་བོན་ལ་སྤྱོད་པ་ན།   །སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྲོག་མི་གཅོད། །ཅེས་གསུངས་པས་ཀྱང་། གཤེན་རབ་ཀྱི་བོན་ལ་དམར་མཆོད་དགག་ཡོད་པ་ཤེས་ཐུབ། དེ་རྣམས་ཀྱི་ལོ་རྒྱུས་ཀྱི་དར་རིམ་གཞན་སླ་ལ། རྩིས་རིག་པ་ནི་དང་པོ་སྟོན་པ་གཤེན་རབ་ཀྱིས་གཏན་ལ་ཕབ་ནས་ཀོང་ཙེ་འཕྲུལ་རྒྱལ་དང་ཀོང་ཙེ་འཕྲུལ་བུ་གཉིས་ལ་གཉེར་གཏད་བྱས། དེ་ནས་ཞང་བོད་ཙམ་མ་ཚད་རྒྱ་ནག་དང་སྟག་གཟིག་སོགས་ལ་གཙུག་ལགས་བུ་བཞི་དང་། ཀོང་ཙེ་བཅས་ཀྱིས་སྤེལ་བར་གསུངས་པས་ཚུལ་ལ་དཔྱད་ན་རྒྱ་ནག་གི་ཀོང་ཙེའི་ལུགས་ཀྱི་རྩིས་དང་ཞང་བོད་ཀྱི་རྩིས་གཉིས་ཁུངས་གཅིག་ལས་ཆད་པ་མངོན་པ་མ་ཟད་མདོ་དྲི་མེད་གཟི་བརྗིད་སོགས་ལས་ཀྱང་གསལ་ཡོད།    
    ༧དེ་བཞིན་སྡེ་སྲིད་སངས་རྒྱས་རྒྱལ་མཚོས་མཛད་པའི་གཡའ་སེལ་ནང་དུ་ཡང་གནམ་རི་སྲོང་བཙན་གོང་དུ་ཀོང་ཙེའི་རིང་ལུགས་ཀྱི་རྩིས་ཡོད་པ་གསུངས།  ད་ལྟ་ཡང་ཞང་བོད་རིང་ལུགས་ལྟར་གྱི་རྩིས་གཤེན་མཁས་གྲུབ་དང་། མཁན་ཆེན་ཉི་མ་བསྟན་འཛིན་། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། ག་རྒྱ་ཁྱུང་སྤྲུལ་སོགས་ཀྱིས་མཛད་པའི་རྩིས་གཞུང་དང་དེ་དག་ལས་བོན་ལུགས་ཀྱི་ལོ་ཐོ་དང་། ཚེ་རབས་ལས་རྩིས། གཤིན་རྩིས་སོགས་དམངས་ཁྲོད་དུ་བེད་སྤྱོད་བཞིན་མཆིས་སོ།།
    །།

 ཞང་བོད་རིག་གཞུང་ཟབ་མོའི་ཡིན་ཚུལ་རྣམས། །
བོད་མིས་བཤད་པ་ཟབ་པས་མ་ཤེས་ཀྱང་།།
གོམས་གཤིས་རང་མལ་ལྡན་པའི་ངང་ཚུལ་འདིས།།

ལོ་རྒྱུས་རྣལ་མར་མཇལ་བའི་གོ་སྐབས་ཐོབ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.