༧ དེ་རྗེས་དུས་རབས་༡༠པའི་ནང་བླ་མ་གཤེན་ཆེན་པོས་འགྲིགས་མཚམས་ནས་གཏེར་ཞལ་ཕྱེས་པའི་གཞུང་ཆེན་ཁག་ལ་བྲུ་ཞུ་སྤ་རྨེའུའི་མཁས་པ་རྣམས་ཀྱིས་འགྲེལ་བཤད་བསྐྱོན་པ་མ་ཟད། བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་གཡས་རི་དབེན་ས་ཁའི་དགོན་སྡེ་བཏབ། དེ་བཞིན་སྤ་ལ་ཕུག་དང་། ཞུ་དབང་ལྡན་ལྷུན་གྲུབ་སྒང་། རྨེའུ་བཟང་པོ་རི། སྟོད་ལུང་འབྲི་ལུང་དགོན་སོགས་གཅིག་རྗེས་གཉིས་མཐུད་དུ་ཕྱག་བཏབ་ནས་གཤེན་དབུས་པའི་བོན་གྱི་གྲྭ་ས་ཡ་བཞིར་གྱེས། དེ་རྣམས་ལ་འདུས་སྡེ་མང་པོར་འཕེལ་ནས་སྒྲ་ཚད་ཀྱི་རིག་པ་སྔར་ལས་ལྷག་པ་བྱུང་། དེ་དག་ནང་ནས་བཤད་གྲྭ་རྒྱས་ཤོས་གཡས་རུ་དབེན་ས་ཁ་ཡིན། སྐབས་དེར་ཐོས་པ་གབ་མཛོད་ས་གསུམ་ལ་སྦྱོང་ཞེས་པས་༡གབ་པ་ནི་སྒྲ་ཚད་ཀྱི་ལམ་ནས་མདོ་སྔགས་རྫོགས་གསུམ་གྱི་ནང་དོན་གལ་པོ་ཆེ་གབ་པའི་ཚུལ་དུ་གནས་པ་རྣམས་མངོན་མཐོང་དུ་སྟོན་པའི་་རིག་གཞུང་ཁྱད་པར་ཅན་མཁས་བཞིའི་གབ་འགྲེལ་ལྟ་བུ་དང་། ༢མཛོད་ཞེས་པ་སྣོད་བཅུད་དང་ལས་འབྲས་གཙོར་བཏོན་གནང་བའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་གི་གཞུང་ལྟ་བུའོ།། ༣སེམས་ཕྱོགས་ཞེས་པ་གསང་སྔགས་དང་རྫོགས་ཆེན་གྱི་གཞུང་རྣམས་ཡིན། གཞན་སྐབས་དེའི་སྦྱང་བརྩོན་གནང་རྒྱུའི་ཡིག་ཆ་སྔར་མཁས་པ་མི་བཞི་དང་། ལི་ཤུ་སྟག་རིང་། དྲན་པ་ནམ་མཁའ་བཅས་དང་། ཁྱད་པར་དུ་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱིས་གབ་མཛོད་ལ་འགྲེལ་བ་བཏབ་པའི་དཔེ་ཆ་རྣམས་ཡིན། སྐབས་དེ་དུས་བོན་གྱི་འདུས་སྡེ་གྲྭ་རྒྱས་པོ་དང་སྒྲ་ཚད་འཕེལ་རྒྱས་སྔར་ལས་ལྷག་པར་བྱུང་ཡང་། རྗེས་སུ་བོད་པའི་མི་ཆེན་རྣམས་ཀྱིས་ཕྱི་ཕྱོགས་སོག་པོས་དམག་ནང་དུ་དྲངས་ནས་རྙིང་གཏོར་གསར་འཛུགས་ཀྱི་ལྟ་བ་སྔར་ལས་རྒྱ་བསྐྱེད་བཏང་སྟེ། བོད་སྔ་མའི་ལོ་རྒྱུས་རྣམས་རིམ་བཞིན་ཉམས་སུ་བཅུག་པས་མཐའ་འབྲས་བོད་རྙིང་པའི་རིག་གཞུང་གླེང་བརྗོད་མི་ཤེས་པ་བྱུང་ཡོད་པ། དཔེར་ན་གཡས་རུ་དབེན་ས་ཁ་ལྟ་བུར་མཚོན་ན་བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་ཕྱག་བཏབ་ནས་བཟུང་སྟོན་པ་བཅོ་བརྒྱད་རིང་དར་རྒྱས་སོང་ཡང་མཐར་ཆོས་ལུགས་ནང་ཕན་ཚུན་ངན་བསྐུལ་འོག་མེ་ཆུའི་དབལ་རུམ་དུ་འཇིག་པ་མ་ཟད། གཤེན་དང་སྤ་རྨེའུ་ཞུ་ཚང་བཅས་ཀྱི་འདུས་སྡེ་རྣམས་རིམ་བཞིན་སོག་དམག་གིས་གཏོར་ནས་ལོ་རྒྱུས་ཙམ་ལས་མེད་པར་བྱས་པ་སྟེ། དེང་མདོ་དབུས་ཁམས་གསུམ་ན་ཡོད་པའི་བན་དེའི་དགོན་ཆེན་རྣམས་བོན་དགོན་བན་དགོན་མ་བསྒྱུར་བ་འགའ་མེད། ཁ་མང་དཔུང་མང་གིས་མ་ནོན་ན་ཡུལ་མིའི་ངག་ནས་ཡོངས་སུ་གྲགས་པར་ལབ་འདུག་རྒྱུ་འདི་རེད།། ༧ དེ་རྗེས་དུས་རབས་བཅུ་བཞི་པའི་ནང་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གཙང་སྨན་རི་དགོན་ཕྱག་བཏབ་ནས་འདུས་སྡེ་བསྐྱངས། དེ་རྗེས་དུས་རབས་བཅུ་བདུན་པའི་ནང་སྣང་ཞིག་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་ར་ལག་གཡུང་དྲུང་གླིང་དགོན་པ་བཏབ་ཏེ་སྒྲ་ཚད་ཀྱི་སློབ་གཉེར་གནང་ས་ཅུང་རྒྱས་སུ་གཏོང་ཡང་གྲ་རྒྱས་པོ་ཞིག་བྱུང་མེད་པ་ནི་སྐབས་དེའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་བོད་སྔ་མའི་ལམ་སྲོལ་ལ་འགོག་རྒོལ་བཟོ་རྒྱུ་དེ་ཡིན་པས་དབང་གིས་ཡིན་པར་བཤད།། ༧གཞན་བོན་གྱི་དགོན་སྡེ་ཁག་ལ་སྒྲ་ཚད་ཀྱི་རིག་པ་སློབ་གཉེར་གནང་ས་འགའ་ཡོད་ཀྱང་གཙོ་བོ་གྲྭ་ས་གོང་འོག་གཉིས་ཡིན། དེ་གཉིས་ཀྱི་ཡིག་ཆ་གཙོ་བོ་ནི་མཁས་པ་མི་བཞིའི་ཡིག་ཆ་དང་གྲྭ་ས་ཡ་བཞིའི་སློབ་དཔོན་རྣམས་ཀྱིས་མཛད་པའི་ཡིག་ཆ། མཉམ་མེད་ཤེས་རབ་རྒྱལ་མཚན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མཁན་ཆེན་ཉི་མ་བསྟན་འཛིན་རྣམས་ཀྱིས་མཛད་པའི་གཞུང་ཆེན་ཁག་ཡིན། །གཞན་ངེས་ཤེས་སྐྱེ་ཕྱིར་བོན་གཞུང་ལས་བྱུང་བའི་ཚད་མའི་ཚིག་དོན་འགའ་ཞིག་བཀོད་ན། རྣམ་རྒྱལ་ལས། སོ་སོ་རང་རང་སྒྲ་སྐད་ཅི་བཞིན་དུ། །འགྲོ་བ་རྣམས་ལ་བོན་གྱི་ཆར་འབེབས་ཤོག །ཅེས་དང་། མདོ་དྲི་མེད་ལས། གང་དག་བཀའ་ལས་འབྱུང་གྱུར་པ། །དེ་དག་རིག་པས་གཞལ་མིན་ན། །དོན་གྱི་སྙིང་པོ་ག་ལ་མཆིས། །ཞེས་དང་། མ་རྒྱུད་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། རྗེས་དཔག་ཚད་མའི་མཛོད་ལ་རྣམ་དཔྱོད་ན། །ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། །ཞུགས་པ་ཡུལ་ལ་ཕྱོགས་ཀྱི་བོན་དུ་བཟུང་། །འཇུག་པ་དཔེ་ལ་གོམས་པའི་རྗེས་སུ་ངེས། །ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། །ཞེས་དང་། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས། དེ་ལ་རིགས་འགྲོས་ཀྱི་ངོ་སྤྲད་དེ། །དམ་བཅའ་གསུམ་གཏན་ཚིགས་བདུན་དགོས་དགོངས་དགུ། །ཞེས་དང་། དྲན་པས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་ལྡེ་ལས། སྒྲུབ་དང་སུན་འབྱིན་ཤན་འབྱེད་པ། །བརྗོད་པ་གཙོ་བོ་ཁས་ལེན་པ། རྒོལ་དང་ཕྱི་རྒོལ་དཔང་པོའོ། །ཞེས་སོགས་དུ་མ་ཡོད། དེས་ན་ཚད་མ་རིག་པ་ཞེས་པ་ནི། བསྟན་བྱའི་དོན་ལ་ཧབ་འཇོག་ཙམ་མ་ཡིན་པར། རྒྱུ་མཚན་ཁྱད་པར་ཅན་ལ་བརྟེན་ནས་ངེས་ཤེས་འཁྲུལ་མེད་ཚད་ཐུབ་ཏུ་སྐྱེ་དགོས་པའི་ཆེད་ཡིན་པར་གསུངས། སྒྲ་ཚད་བསྟན་པའི་དགོས་པ་ནི་ཚད་མ་གསུམ་དང་མ་བྲལ་བར་ཐལ་ངག་ཚིག་གི་ལམ་ནས་རིག་པ་ཚད་མས་དོན་གྱི་གདར་ཤ་གཅོད་ནས་ཕྱིན་ལོག་དང་ཡིད་དཔྱོད་བློ་ཡིས་འཛིན་སྟངས་སུན་འབྱིན་ཏེ། དོགས་ངན་གྱི་ཐེ་ཚོམ་དང་ལོག་རྟོག་རྣམས་ཁོང་ནས་ཕྱུང་སྟེ། ཡང་དག་པའི་དོན་ལ་ཚད་མ་འམ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཐབས་ཡིན་པ་དང་། མ་ཟད་རྒྱལ་བའི་བཀའ་ལུང་དང་མཐུན་པའི་དོན་རང་ལུགས་སུ་སྡེབ་ཅིང་གཞན་གྱིས་བཤིགས་མི་ཐུབ་པའི་གོ་ཆ་དང་། བར་དུ་དཔྱོད་ལྡན་རིག་འཕྲུལ་འབུམ་གྱི་རྩོད་ངག་གལ་པོ་ཆེས་སྨྲ་ངན་གྱི་རྒོལ་བ་རྣམས་ཚར་གཅོད་ཅིང་བསྒྲུབ་བྱའི་དོན་རིག་པའི་སྲང་ལམ་ནས་ཚུལ་བཞིན་མཐོང་བའི་ཆེད་དེ། ལི་ཤུ་སྟག་རིང་གིས་མཛད་པའི་གལ་མདོ་ཚད་མ་ལས། སུན་དབྱུང་བ་རུ་མཚོན་ཆ་དགྲ་དབུག་དང་། །གཞུང་སྒྲུབ་ཚུལ་མི་ཚུགས་པའི་གོ་ཆ་གདེང་ཤུགས་དང་། །བར་དུ་སྐྱེས་བུ་འཕྲུལ་སྒྱུར་ཚིག་ཤུགས་གསུམ། །རྩོད་པ་ཀུན་ལ་འཇུག་ཕྱིར་སྦྱར། །ཞེས་པས་གསལ་བར་བསྟན། རྒྱུ་མཚན་དེ་ལྟར་ན། སྒྲ་ཚད་གྱི་སྐོར་ལ་གོ་བ་ལེགས་པ་ཞིག་ཆགས་ཐུབ་ན། ཆོས་སྲིད་གང་ལ་ཡང་ཕན་ཐོག་ཡོད་ངེས་པ་ཅན་ཞིག་རེད། ། ༧དེང་དུས་ཁ་ཅིག་གིས་སྒྲ་ཚད་ཀྱི་རིག་པ་རྗེ་བློ་བཟང་གྲགས་པས་སྲོལ་གཏོད་པ་ཡིན་པ་འདྲ་མོ་བཤད་པ་ནི་ཆེས་ནོར་བ་ཞིག་ཡིན། འཛམ་གླིང་ཐོག་ནང་པའི་སྟོན་པ་གཉིས་མ་བྱོན་པའི་གོང་ནས་སྒྲ་ཚད་རིག་པ་དར་མྱོང་བས་ཁ་སྔུན་ཁོ་ནས་འགྲིག་ཐབས་དང་བྲལ། འོན་ཀྱང་སོ་སོའི་གྲུབ་མཐར་དམིགས་གསལ་ཁྱད་ཆོས་མེད་པ་ཞིག་མ་ཡིན་པས་དབྱེ་འབྱེད་བྱ་རྒྱུ་གལ་འགངས་ཆེའོ།