གཞན་རྒྱུད་བཞི་གསུང་མཁན་རྙིང་མའི་གཡུ་ཐོག་འདི་ལ་ཡང་གསུང་ཚུལ་འགའ་ཡོད་པ་ཡིན་པས་ཡིད་རྟོན་ཕེར་བ་ཞིག་དཀའ་ཡང་། མཁས་པ་ཁོང་རྣམ་པ་ལ་ཁག་མེད་པ་ཞིག་ལ། སྔར་བོན་ལ་གསོ་རིག་སོགས་གཞུང་ལུགས་ཟབ་མོ་ཡོད་པ་ལབ་ན་སྐབས་དེའི་ཆབ་སྲིད་དང་འགལ་བས་དེ་ལྟར་ངག་ནས་ཐལ་བ་ལས་གསུང་མ་ཤེས་པ་ཞིག་མ་ཡིན་པ་ནི། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་དཔལ་བློའི་དཔྱད་རྩོམ་ལས། འོན་ཀྱང་དུས་རབས་བཅུ་གཅིག་པའི་རྗེས་ཀྱི་མཁས་པ་རྣམས་ཀྱི་ལོ་རྒྱུས་རྩོམ་སྐབས་ཤིག་ན། སྲོང་བཙན་གྱི་དང་ཐོག་གི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་ཉུང་བའམ། ཉམས་པ་ནི་དུས་ཀྱིས་གནོད་སྐྱོན་དང་། གཉིས་ནས་སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་ཁོ་ཚོས་དམངས་ཁྲོད་དུ་ཕྱིན་ན་སྲོང་བཙན་སྔོན་གྱི་ལོ་རྒྱུས་ཡིག་རིགས་དག་བསྡུ་ཉར་དང་ཕྱོགས་སྒྲིག་བྱེད་མི་ནུས་པ་ནི་སྤྱི་ཚོགས་ཀྱི་གནོད་སྐྱོན་དང་། གསུམ་ནས་དམ་པའི་ཆོས་ལ་མོས་པའི་མཁས་པ་དག་ལ་མཚོན་ན། ནང་པའི་བསྟན་པ་དང་སྟོན་པ་ལ་འགྱུར་མེད་རྡོ་རྗེ་ལྟར་གྱི་གུས་སེམས་ལྡན་པས། ཁོ་རང་ཚོའི་གཙོ་སེམས་ཐོག་ནས་རང་གི་གྲུབ་མཐའི་ལྟ་བ་དགྲ་རུ་འཛིན་པའི་བོན་ཆོས་ཀྱིས་བོད་སྡེ་དབང་འཛིན་བྱས་པའི་དུས་སྐབས་ཀྱི་ལོ་རྒྱུས་རྣམས་ཇི་མ་ཇི་བཞིན་བརྗོད་མི་འདོད་པ་ནི་གང་ཟག་གི་སྐྱོན་ནོ་། །ཞེས་དང་། དཔྱོད་ལྡན་མགར་རྩེ་རྟ་མགྲིན་རྒྱལ་གྱི་བོད་ཡིག་གི་འབྱུང་ཁུངས་ལ་དཔྱད་པའི་རྩོམ་ལས། རང་རེ་བོད་གནའ་རབས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་ཞན་ཆ་ཞིག་ཡོད་པ་ནི། ཁོ་ཚོས་དད་མོས་བྱེད་སའི་ཆོས་ལུགས་དེ་དང་དེ་ལ་འབྲེལ་བ་ཡོད་པའི་ལོ་རྒྱུས་མ་གཏོགས་གཞན་པའི་ལོ་རྒྱུས་རྣམས་བྲིས་པ་མེད་པ་དེ་རེད། ཅེས་དང་། ང་ཚོས་ནང་བསྟན་པའི་ལ་རྒྱ་དང་མཚན་སྙན་ལ་དམིགས་ནས་བོད་ཀྱི་ལོ་རྒྱུས་ལས་བྱུང་བའི་དངོས་དོན་དེ་རྣམས་ཁས་མ་བླང་བ་གྲུབ་མཐའི་ཕྱོགས་ལྷུང་གི་སྐྱོན་དུ་གྱུར་ཅིང་། མ་མཐའ་ཡང་དངོས་འབྲེལ་གྱི་ཚན་རིག་ཞིབ་འཇུག་པ་གཤའ་མ་ཞིག་མ་ཡིན་ནོ། །ཞེས་དང་། ཐུབ་བསྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ལས། དེང་དུས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་རྒྱ་བོད་གང་གི་ཡི་གེ་ཡིན་ཡང་། ཕལ་ཆེ་ཤོས་ཀྱི་སངས་རྒྱས་ཆོས་ལུགས་པའི་མི་སྣ་རྣམས་ཀྱིས་རྩོམ་འབྲི་བྱས་པའི་ཡི་གེ་རྙིང་པ་ཁ་ཅིག་དཔྱད་གཞིར་བཟུང་ནས་ཞིབ་འཇུག་བྱས་པ་ལས། གནའ་བོའི་བོན་ལུགས་ཡིག་ཆ་རྙིང་པ་དང་བོན་ལུགས་མི་སྣས་བྲིས་པའི་ཡིག་ཆའི་སྐོར་སྣང་མེད་དུ་དོར་བཞིན་པ་ཡོད་པ་འདི་ནི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལྟ་བ་ཤན་ཞུགས་པ་དེ་གཙང་སེལ་བྱེད་མ་ཐུབ་པའི་སྐྱོན་དུ་སྣང་ཞེས་པའི་དོན་ལས་མ་འདས་སོ།། སྤྱིར་སྨན་གྱི་རིག་པ་ཙམ་འཛམ་གླིང་ཐོག་ཆེས་སྔ་མོ་ཞིག་ནས་དར་བ་སྟེ་མ་ཞུ་བ་ལ་ཆུ་ཁོལ་དང་ཁྲག་གཅོད་ཐབས་ལ་སྣུམ་ཞུན་མ་བླུགས་པའི་རིག་པ་བཅས་མི་ཉུང་བ་ཞིག་རིག་པའི་གཞུང་ལ་མ་ལྟོས་པར་སྤྱི་ཚོགས་ཀྱི་ཁྲོད་དུ་དཀའ་ཚེགས་འཕྲད་པ་ལ་བརྟེན་ནས་ལྷན་སྐྱེས་སུ་བྱུང་བ་ཡང་མང་དག་ཞིག་ཡོད་ཀྱང་། སྐབས་འདིར་གླེང་རྒྱུ་གཙོ་བོ་ཞང་བོད་ཀྱི་སྨན་གཞུང་བྱུང་རིམ་གྱི་ལོ་རྒྱུས་དེ་ཡིན། དེ་ཉིད་དང་པོ་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བདུད་རྩི་སྨན་གཞུང་མདོ་དགུ་སྟེ། བདུད་རྩི་མུ་ཏྲ་གཞུང་ཆེན་མདོ། །བདུད་རྩི་འཁོར་ལོ་ཆེན་པོའི་མདོ། །བདུད་རྩི་བང་མཛོད་འབུམ་བཞིའི་མདོ། །བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་སྒོས་བཅོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། །བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། །བདུད་རྩི་ཤེལ་དཀར་མེ་ལོང་མདོ། །བདུད་རྩི་མན་ངག་འཕྲུལ་གྱི་མདོ་བཅས་གཏན་ལ་ཕབ་ནས་དཔྱད་བུ་སོགས་ལ་གཉེར་དུ་གཏད་ནས་སློབ་མ་དེ་རྣམས་ཀྱིས་བཀའ་བསྡུ་ལེགས་པར་བྱས་པ་མ་ཟད། དཔྱད་བུ་ཉིད་ཀྱིས་དུག་བཅོས་གཡུང་དྲུང་འཁྱིལ་བ་བཅས་དཔྱད་རྩོམ་ཡང་སྤེལ་མྱོང་།། ༧དེ་ནས་འཛམ་གླིང་མཁས་པའི་རྒྱན་དྲུག་དང་མཁས་པ་མི་བཞི་སོགས་བོན་གཤེན་རྣམས་ཀྱིས་འཆད་སྤེལ་བྱས། འགའ་ཞིག་ནས་བོན་གཤེན་དེ་རྣམས་ཀྱིས་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལས་སྨན་གཞུང་འཆད་སྤེལ་བྱས་པ་མི་རིགས་བསམ་མཁན་ཡོད་ཀྱང་། དོན་དུ་གཞུང་ཆེན་དང་མཉམ་དུ་སྨན་ཡོད་པ་ནི། བོན་གྱི་ཡི་དམ་གསས་མཁར་མཆོག་ལྔའི་ཆ་ལག་སྨན་སྒྲུབ་འོད་ཟེར་འཁྱིལ་བ་དང་། ཨ་མ་ར་ཡ་སོགས་བོན་གཤེན་དེ་རྣམས་ཀྱིས་མཛད་ནས་སུམ་བརྒྱ་དྲུག་ཅུའི་སྨན་གྱིས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོ་བྱས་པ། དེང་སྨན་སྒྲུབ་ཞེས་བོད་མི་ཀུན་གྱི་ཡིད་ཆེས་གནང་སའི་གནས་སུ་གྱུར་ཡོད། དེ་ཡང་གཞུང་ཆེན་དེ་རྣམས་ལ་སྨན་གྱི་སྒྲུབ་པ་འཛུགས་པའི་ལམ་སྲོལ་བར་མ་ཆད་པར་མི་རིགས་ཀྱི་གོམས་གཤིས་སུ་གྱུར་པ་མ་ཟད་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་ནང་དུ་ཕན་ཤེས་སྨན་དཔྱད་ཡོད་པ་སོགས་ཀྱིས་ཤེས་ཐུབ།། གཞན་ཡང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་འབུམ་བཞི་གཏེར་དུ་སྦས་དགོས་བྱུང་ཡང་། ཕྱིས་བུ་འཚོ་སྲིད་པའི་རྒྱལ་པོས་བཏོན་པར་བཤད་པ་མ་ཟད། དར་རྒྱས་གསལ་སྒྲོན་ལས་ཀྱང་། བསམ་ཡས་ཅ་ཏི་མཆོད་རྟེན་དཀར་པོ་ནས་ཏྲེའུ་རྒྱ་ར་ཛ་དང་། སད་དགུ་རིན་ཆེན་གྲགས་པ་གཉིས་ཀྱིས་བཏོན་པའི་གསོ་དཔྱད་རྩ་འགྲེལ་གཉིས་ལག་ལེན་དང་བཅས་པ། ཤིང་སྦྱོར་རྡོར་སྦྱོར་སྡེབ་བཅས་གསུམ་དང་། དཔྱད་བུ་ཁྲི་ཤེས་ཀྱི་སྨན་མདོ་སོགས་བྱུང་ངོ་ཞེས་གསུངས། དུས་རབས་བདུན་པའི་ནང་ཁུ་ཚ་ཟླ་འོད་ཞེས་བོན་གྱི་འབུམ་བཞི་མཁས་ཅན་གྱི་སྨན་པ་ཞིག་བྱུང་བ་དང་། སྨན་པ་དེས་རྒྱུ་མ་སྨས་སྐྱོན་སོང་བ་འོ་མས་བཀྲུས་ནས་རྟ་དཀར་པོའི་རྒྱུད་པས་བཟོས་ནས་སོས་ཐུབ་པར་བཤད་ཚུལ་ཡོད། ལུང་འགའ་རེ་ནས་གཡུ་ཐོག་ཁུ་ཚ་ཟླ་འོད་ཅེས་བཤད། དེས་ན་བན་དེ་རྙིང་མས་འདོད་པའི་གཡུ་ཐོག་ཟེར་བ་དེ། ཁུ་ཚ་ཟླ་འོད་ལས་གཞན་པ་ཞིག་མེད་པ་འདྲ་མོ་ཆགས་ཡོད། གཡུ་ཐོག་གི་རྣམ་ཐར་ལ་བཀག་རྒྱ་བྱེད་དགོས་དོན་དང་། གཡུ་ཐོག་གསར་རྙིང་ཞེས་སོགས་གཡུ་ཐོག་ལ་དེང་དུས་ལབ་གླེང་མང་པོ་ཆགས་པ་བཅས་ལ་གཞིག་དགོས་པ་གལ་ཆེ། དེའི་རྗེས་སུ་བན་དེའི་ནང་ལ་རྒྱུད་བཞི་སློབ་སྦྱོང་བྱས་པའི་སྨན་རམས་པ་ཟུར་མཁར་བ་དང་། བྱང་པ་རྣམ་རྒྱལ་གྲགས་དབང་། བྱམས་པ་འཕྲིན་ལས། ཚེ་རྣམ་རིན་པོ་ཆེ་དང་། བོན་པོའི་ནང་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས། སྐམ་གཡུང་དྲུང་ཉི་རྒྱལ། ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེ་སོགས་འབུམ་བཞི་མཁས་ཅན་གྱི་སྨན་པ་ཆར་ཤུལ་གྱི་མྱུ་གུ་བཞིན་བྱུང་བའི་སྐྱེས་ཆེན་དམ་པ། དེ་རྣམས་ཀྱི་བཀའ་དྲིན་ལས་དེང་དུས་བོད་ཀྱི་སྨན་གཞུང་ཞེས་འཛམ་གླིང་སྟེང་སྐད་གྲགས་ཆོད་བསྡད་པ་འདི་རེད།། ཀྲུང་གོའི་ནང་དུ་ཡང་བོད་ལྗོངས་སྨན་རྩིས་ཀྱི་སློབ་གྲྭ་ཆེན་མོ་ཞེས། བོད་ཀྱི་ཐུན་མིན་རིག་གཞུང་བསླབ་ས་འཛུགས་རྒྱུའི་གོ་སྐབས་འདི་ཡང་སྔར་ཕ་མེས་དེ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལས་བྱུང་བར་བསམ་འོས་སོ།། །།