༧གཉིས་པ་གཞོག་ཅིང་སྦྱོང་ལ་རྣམ་པ་གཉིས། །ཐོགས་སུ་ཕུབ་དང་གང་མཁོ་སྤྱོད། །ཐོགས་ཕུབ་ལ་ཡང་རྣམ་པ་བདུན། །གདུགས་སུ་ཕུབ་དང་བླ་གུར་དབུབ། །བླ་རེ་བེག་རྩེ་དིང་ཁྱིམ་བཟོ། །པ་ཏྲ་བཟོ་དང་རང་མཐུན་བཟོ།། །ཞེས་དང༌། །གང་མཁོ་སྤྱོད་ལ་རྣམ་པ་བཞི། །གདན་ཁྲི་བཟོ་དང་ཡོལ་བ་བཟོ། །གླེགས་བམ་བཟོ་དང་འདོད་ཡོན་བཟོ། །གང་དག་དགོས་པའི་སྤྱོད་ཡུལ་ལོ། །ཞེས་དང༌། །སྟ་རེས་བཅད་ཅིང་སྟེ་འུས་བཞོག །གཤག་བྱིན་བྱད་ལེན་སོག་ལེས་འདྲ། །གཟོང་གིས་འབུག་ཅིང་སྐྱུང་གིས་བྲུ། །ནེ་ཙ་རྣོན་པོས་རི་མོ་བརྐོ། །གང་ལ་དགོས་པའི་མཁོ་བཟོ་ཡིན། །བཞོག་ཅིང་སྦྱང་བ་ཤིང་གི་བཟོ། །ལྷ་གསས་གར་མའི་ཐུགས་ལ་ཞོག་ཞེས་སོ།།
༧ གསུམ་པ་བཞུ་བ་དང་བླུག་པའི་སྡེ་ལ་རྒྱུ་ནི་མདོ་ལས། །གསེར་གཡུ་ཟངས་ལྕགས་མུ་ཏིག་ཤེལ། །ཁྲོ་ཆུ་ཞུན་དཀར་འཁར་བ་ལྗོན། །ཨུ་བྷི་ཏ་དང་གྷི་བྷི་ར། །དངུལ་དང་མུ་མེན་མཐིང་ལ་སོགས། །ཞེས་སོ།། ༧བཞི་པ་བརྡུང་ཞིང་འཐར་བ་ལ། མདོ་ལས། ཐོག་མར་མཛེས་པའི་ལྷ་རྫས་ལ། །གསེར་དངུལ་ཟགས་ལྕགས་ར་གན་དང་། །ལི་དང་འཁར་བ་དོང་ཙེ་དང་། །གདུགས་དང་རྒྱལ་མཚན་མཆོད་རྟེན་དང་། །སྟོང་གསུམ་དཔེར་བཞག་མཎྜལ་དང་། །དྲག་པོ་དབལ་གྱི་ཕུར་པ་དང་། །གཡུང་དྲུང་འཁོར་ལོ་པདྨ་དང་། །ཡིད་བཞིན་ནོར་བུ་རྡོ་རྗེ་དང་། །གཤང་དང་ཁོལ་མ་དྲིལ་ཆེན་དང་། །ཅིང་དང་ཅོག་ཆེན་ལྕགས་པར་དང་། །ཁ་དོག་གསལ་བྱེད་མེ་ལོང་དང་། །ཏོག་དང་ཁྱུང་གུར་ཁྱུང་མགོ་དང་། །བྱ་འདབ་ཆུ་བཟར་ཆུ་སྲིན་ཞལ། །པ་ཏྲ་ཨ་ལོང་ཙི་པིར་གདོང་། །རིན་ཆེན་རྐོང་བུ་བཤོས་སྣོད་དང་། །མཛེས་ཤིང་ཡིད་དུ་འོང་བར་གཟབས།། །ཞེས་དང་། དེ་ཉིད་ལས། གོ་ལ་རྣམ་པ་གསུམ་ཡིན་ཏེ། །ཞོག་ཞུན་རྨོག་དང་འབུབ་དབྱེལ་ཁྲབ། །ལྕགས་ཀྱི་འཕྲུལ་ལྷམ་མོ།། །ཞེས་དང༌། །མཚོན་ལ་རྣམ་པ་གསུམ་ཡིན་ཏེ། །ཡེ་ཡི་མཚོན་དང་ངམ་གྱི་མཚོན། །གང་ལ་གང་དགོས་རྣམ་པ་གསུམ།། །ཞེས་དང༌། ཡེ་ཡི་མཚོན་ལ་རྣམ་པ་གསུམ། །ཡ་ཙ་ཤང་ལང་སྐྱ་འགམ་གསུམ།། །ཞེས་དང༌། ཡ་ཙ་ཆབ་རོམ་ཟ་མ་འདྲ། །རྩེ་མོ་ནོར་བུའི་ཏོག་དང་འདྲ།། །ཞེས་དང༌། སྐྱ་འགམ་སྣམ་ཤར་རྐྱང་པ་འདྲ། །རྩེ་མོ་པྲི་ཤའི་ལོ་མ་འདྲ། །ཞེས་དང༌། ཤང་ལང་ཆུ་ལ་ཉི་ཤར་འདྲ། །རྩེ་མོ་མྱུ་གུ་གསེག་པ་འདྲ།། །ཞེས་དང༌། འགྲོ་བ་མི་དང་བསྟུན་པ་ཡི། །གང་ལ་གང་དགོས་མཁོ་སྤྱད་རྫས། །མ་ཚང་མི་ཚང་མེད་པ་སྟེ། །སེམས་ཅན་རང་རང་འདོད་དང་རྫས། །བརྡུང་ཞིང་འཐར་བའི་རིམ་པའོ། །ཞེས་སོ༌།། ༧ ལྔ་པ་འབྲི་ཞིང་བཀོད་པ་ལ། དེ་ཉིད་ལས། །གསས་མཁར་སུམ་བརྒྱ་དྲུག་ཅུ་ལ། །སོ་སོ་བཟོ་སྣ་མང་ལགས་ཀྱང་། །ཕྱི་ཁྱམས་ནང་གླིང་བར་ཁྱམས་གསུམ། །ཁྱུང་གུར་ཁྱུང་མགོ་ཁྱུང་འདབ་གསུམ། །ཐོག་ཕུབ་ཡང་ཕུབ་དབུ་རྩེ་གསུམ། །ཡ་གད་ཟར་ཚགས་དར་ཁད་གསུམ། །ཆ་གསུམ་ཆ་གཉིས་ལྡབ་འགྱུར་རོ། །ཀ་བ་ཀ་ཞུ་ཀ་གདན་གསུམ། །གདུང་མ་གདུང་ལེན་གདུང་སྐྱོར་གསུམ། །དཔྱམ་དང་དཔྱམ་ལེན་དཔྱམ་བར་གསུམ། །རྒྱ་ཁྱོན་རང་རང་འདོད་དང་སྦྱར། །བརྩེགས་གསེབ་ཀ་བ་གྲུ་བཞིར་གཟུག །བར་ཁྱམ་ཀ་བ་ཟླུམ་པོ་གཟུག། །ནང་གླིང་ཀ་བ་བཟོ་ཁྱད་ཅན།། ཞེས་དང༌། བར་ཁྱམས་དག་ལ་རྣམ་པ་ལྔ། །ཞི་བ་འདོད་ཡོན་ར་བ་དང་། །མཆོད་འབུལ་ལྷ་མོས་རྒྱན་པར་བྱ། །རྒྱས་པ་འདོད་ཡོན་དམར་པོ་ལ། །འཇིག་རྟེན་སྐྱོང་བ་ལ་སོགས་ཏེ། གནོད་སྦྱིན་ཚོགས་ཀྱིས་བརྒྱན་པར་བྱ། །དབང་ལ་མེ་རི་ཁྲག་མཚོ་སྟེ། །དབལ་མོ་སྤར་མ་གྱད་དམག་རྒྱལ། །དྲག་པོ་དུར་ཁྲོད་གཅལ་བཀྲམ་པ། །དྲེགས་པ་ཚོགས་སྐྱོང་ལས་མཁན་ཚོགས། །རྒྱན་ནི་རིན་ཆེན་ནོར་བདུན་དང་། །བཀྲ་ཤིས་རྟགས་ཀྱིས་བརྒྱན་པར་བྱ་་ཞེས་དང༌། སྒོ་ནི་ཀུན་ལ་སྤྱི་རུ་རྒྱུག །ལོགས་ལ་འབུར་བཞི་རྟ་བབ་བཞི། །སྒོ་རྒྱན་མཆོད་རྟེན་སྒོ་སྲུང་བཞི། །ནང་སྒོ་རང་རང་སྒོ་བས་སྲུང༌། །ཕྱི་སྒོ་རྒྱལ་ཆེན་སྡེ་བཞིས་སྲུང་། །ཡུལ་སྲུང་བོན་འཕགས་སྤྱན་མིག་བཟང༌། །རྣམ་སྲས་དག་དང་བཞི་ཡི་སྲུང༌།། །ཞེས་དང༌། མཆོད་པའི་གནས་དང་བཀུར་བའི་ཞིང་། །མཆོད་རྟེན་སུམ་བརྒྱ་དྲུག་བཅུ་སྟེ།།ཞེས་པའི་ལུང་ཕྱི་མར་གསལ་བའི་བོན་ཉིད་དབྱིངས་ཀྱི་མཆོད་རྟེན་བརྒྱ་དང་ཉི་ཤུ་དང་རང་བཞིན་ལྷུན་རྫོགས་ཀྱི་མཆོད་རྟེན་བརྒྱ་དང་ཉི་ཤུ་གཉིས་ལ་འབྲི་བཀོད་མེད་ལ། ཀློང་དུ་ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ལ་འབྲི་བཀོད་མཆིས་ཀྱང་ད་ལན་འདིར་ལོ་རྒྱུས་ཙམ་ལས་མ་བྲིས། འབྲི་བར་འདོད་ན་མདོ་དྲི་མེད་དང་གཡུང་དྲུང་ལས་དག་སོགས་ལས་གསལ་བས་དེར་གཟིགས། ༧ རི་མོ་ཅན་ནམ་ལྷ་སྐུ་འབྲི་ལུགས་ཀྱི་ཐིག་རྩ་ནི། དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། དང་པོ་ལྷ་ཡི་ཆགས་ཚད་ལ། །དབུ་ཡི་གཙུག་གཏོར་མན་ཆད་དང་། །ཞབས་ཀྱི་ལོང་བུ་ཡན་ཆད་ལ། །ཁྲུ་དགུ་སྐུ་ཡི་རི་རབ་སྟེ། །སོར་མོ་བརྒྱ་དང་ཉི་ཤུ་འདོད། །དབུ་ཡི་གཙུག་གཏོར་མཐོ་སོ་ནས། །དབུ་སྐྲའི་མཚམས་ནས་སྨིན་མཚམས་མཛོད། །སྨིན་མཚམས་མཛོད་དང་ཤངས་ཀྱི་རྩེར། །ཤངས་ཀྱི་རྩེ་ནས་ཨོག་ཀའི་བར། །བཞི་བཞི་སོར་དུ་གཞལ་བར་བྱ། །མགུལ་ནི་སོར་མོ་བཞི་རུ་ཤེས། །མགུལ་ནས་ཐུགས་ཀར་ཞལ་གང་ངོ་། །ཐུགས་ནས་ལྟེ་བར་ཞལ་གང་ངོ་། དེ་ནས་གསང་བར་ཞལ་གང་ངོ་། སྟར་ཟུར་ནས་ནི་པུས་མོའི་བར། །ཞལ་དོ་སོར་མོ་ཉི་ཤུ་བཞི། །པུས་མོ་སོར་མོ་བཞི་ཡིན་ཏེ། །དེ་ནས་ལོང་བུ་ཞལ་དོ་ལ། །ལོང་བུའི་ཞབས་སུ་སོར་བཞི་དང་། །དེ་ལྟར་བརྒྱ་དང་ཉི་ཤུ་སྟེ། །དེ་ནས་དཀྱུས་ཀྱི་ཆག་ཚད་དོ།། །གཉིས་པ་ཞེང་གི་ཆགས་ཚད་ལ། །སྐུ་སྟོད་ཞེང་ལ་ཞལ་དོ་འོ། །སྐད་སྐབས་ཞལ་གང་ཤེས་པ་སྟེ། །ཞེང་ཁ་དག་ཀྱང་ཞལ་དོ་ལ། །བརླ་ལ་ཞལ་གང་ཕྱག་ཞབས་འགྲེས། །ལག་ངར་ཞལ་གང་དཔུང་པ་འགྲེས། །ཚིག་པ་གཉིས་པ་སོར་བཞི་རེ། །ཞེས་དང༌།། ༧ །གསུམ་པ་རང་བཞིན་ཆག་ཚད་ལ། །ཞལ་ལ་དཀྱིལ་འཁོར་ཐིག་རུ་གཞལ། །ཚངས་ཐིག་གཞུང་ལ་སྤྱན་མིག་ཞལ། །སྤྱན་དཀྱུས་སོར་མོ་བཞི་རུ་ཤེས། །སྙན་ཀྱང་སོར་བཞི་སྙན་ཤལ་ལྷག །ཤངས་རྒྱུད་སོར་བཞི་ཞལ་ཡང་འགྲེས། །དབུ་སྐྲ་ཞལ་གང་སོར་བཞི་སྟེ། །མགུལ་ནས་དཔུང་མགོར་སོར་བརྒྱད་དོ།། །ཞེས་དང༌།།