|
|
སྤྱི་བསྒྲགས། |
སྒྲིག་འཇུག... |
|
|
ཆེད་སྒྲིག་རྣམ་དབྱེ། |
སྒྲིག་འཇུག... |
|
|
ཟིན་ཐོ་གསར་བ། |
སྒྲིག་འཇུག... |
|
|
|
ཆེམས་གསར་བ། |
སྒྲིག་འཇུག... |
|
|
|
|
|
|
|
༨ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གགངས་རིའི་རང་འོད། |
[ 2011/9/22 19:43:00 | By: dengbijiangcun ] |
༧༼ལྷ་འབྲིའི་ཆ་བཀོད་ལུགས།༽ མདོ་དྲི་མེད་ལས། དེ་ཡང་གཞལ་ཡས་ཁང་ལས་སུ། །གཡས་ལོགས་ལྷོ་ལ་གཡོན་ལོགས་བྱང་། །རྒྱབ་ལོགས་ནུབ་ལ་མདུན་ལོགས་ཤར། །ཤར་ནས་མངོན་རྟོགས་སྒོ་འབྱེད་པའི། །དཔོན་གསས་རིག་འཛིན་མཁའ་འགྲོ་དང༌། །དམ་ཅན་རྒྱལ་མཚོའི་ལྷ་ཚོགས་བཀོད། །བྱང་ནས་ངན་སོང་སྒྲིབ་སྦྱོང་དང་། །ཡོངས་ཁྱབ་རྒྱས་པའི་ལྷ་ཚོགས་བཀོད། །ནུབ་ན་དུས་གསུམ་བདེར་གཤེགས་དང་། །སངས་རྒྱས་སེམས་དཔའ་སེམས་མ་དང་། །འཕྲུལ་ཆེན་ཞི་བའི་ལྷ་ཚོགས་བཀོད། །ལྷོ་ནས་གང་ལ་ཅི་འདུལ་གྱི། །དབང་དྲག་འབར་བའི་ལྷ་ཚོགས་བཀོད།། །ཞེས་དང་། བར་ཁྱམས་མཆོད་འབུལ་ལྷ་མོ་དང་། །སྲིད་པ་རྫུ་འཕྲུལ་འཁོར་ལོ་དང་། །སྟོང་གསུམ་སྟོང་གི་འཇིག་རྟེན་བཀོད། །ཅེས་སོགས་ཀྱིས་ལུང་ནས་ལྷ་ཡི་ཐིག་རྩ་དང་ཆ་བགོ་ལུགས་ཙམ་མ་ཟད་སྲིད་པ་འཁོར་ལོ་དང་། འོལ་མོ་ལུང་རིང་གི་ཞིང་བཀོད་སུམ་ཅུ་རྩ་གསུམ་ཚངས་རྒྱུང་འཇིག་རྟེན་སོགས་ཀྱི་བཀོད་པ་ཡང་གསལ།། གཞན་དྲི་མེད་ལས། གཉིས་པ་ཡིག་འབྲུའི་ཆག་ཚད་ཀྱང་། །དང་ཐོག་ཤད་དང་ཚིག་ལ་སོགས། །འཕྲུལ་གྱི་ཡི་གེ་སུམ་བཅུ་ལས། །གུག་འགྲེང་ན་རོ་ཡ་སྟ་དང་། །ར་སྟ་ཞབས་ཀྱུས་བརྒྱན་པ་སྟེ། །གྲུ་བཞི་ཆག་ཚད་ལྡན་པར་བྱ། །སྨྱུ་གུ་གཟུགས་མོ་བྱི་ཐུར་ལ། །འཛིན་དང་ཆུ་འབུབ་སྒྲོ་དང་བཅས། །དུང་ཤོག་དཀར་ལ་གཡུ་རིས་སྔོ། །གསུང་གི་བསྟན་པའི་དུས་ལ་དར། བཻཌཱུརྱ་ཡིས་ཤོག་གུ་ལ། །རིན་ཆེན་སྣ་ལྔའི་གླེགས་བམ་བརྩམས། །འཁོར་ལོ་སྒྱུར་བའི་རྒྱལ་པོ་ཐོབ། །ཞེས་སོགས་ཀྱིས་ལུང་རྣམས་ནས་སྟོན་པ་གཤེན་རབ་ཀྱིས་བཟོ་རིག་ཆ་ཚང་གཏན་ལ་ཕབ་ནས་བཟོ་རིགས་འཁོར་གྱི་གཙོ་བོ་བཟོ་རྒྱལ་གར་མ་ལི་ཤོ་དང་། སློབ་མ་འཛམ་གླིང་གསལ་བར་བྱེད་པའི་བཟོ་རིག་མཁས་པའི་རྒྱན་དྲུག་སྟེ། ༡བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་། ༢ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག ༣བླུག་ལ་མཁས་པ་བླུག་ཐོག་སྤ་བ། ༤མགར་ལ་མཁས་པ་མགར་ལྷ་ཡུག་པ། ༥ལྷ་ལ་མཁས་པ་ལྷ་སྲས་པདྨ། ༦བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་ངམ་བྲིས་ཆུང་དང་དྲུག་ལ་གཉེར་དུ་གཏད་ནས་སངས་རྒྱས་ཀྱི་བསྟན་པའི་ཁྱད་པར་བྱས་པའི་བཟོ་རིག་སྲོལ་གཏོད་པར་གྲགས།། ༧སྤྱིར་བཟོ་རིག་ཞེས་པ་དེ་གོང་ཞུས་ལྟར་ཆོས་ལུགས་ཁོ་ནའི་བེད་སྤྱོད་གཏོང་རྒྱུ་མ་ཡིན་པར་འབངས་ཀྱི་སྡོད་ཁང་དང་། འཚོ་བའི་ཡོ་ཆས་གོས་གདན་སོགས་འགྲོ་བ་མི་རིགས་ཤིག་གྲུབ་པ་ནས་བཟུང་རང་རང་ལ་དགོས་པའི་མཁོ་ཆས་བཟོ་རྒྱུའི་ལག་རྩལ་པ་འོས་འཚམས་ཆགས་ཡོད་པ་ནི། དཔེར་ན་རྒྱབ་འཁྱག་པ་ལ་བརྟེན་ནས་རྡོ་བརྩེགས་དང་སྦྲ་གུར་སོགས་སྡོད་ཁང་དང་གོས་གདན་བཟོ་རྒྱུའི་རིག་པ་དང་། བཀྲེས་པ་ལ་བརྟེན་ནས་བཟའ་རྒྱུ་བཀོལ་སྣོད་གཉེར་བའི་རིག་པ། སྲ་མཁྲེགས་ལྡན་པའི་ས་བྲག་འདུལ་ཐབས་ལ་རྡོ་ལྕགས་ཀྱི་ལག་ཆ་དང་ཤིང་བཟོ་ཐབས་ལ་སྟེའུ་དང་གཟོང་། རིན་ཆེན་ཞུན་བརྡུང་བྱེད་ཐབས་བླུག་དཔེ་སོགས་ཇེ་ཟབ་ཇེ་ལེགས་སུ་གྲུབ་པ་སྟེ། སྤྱི་ཚོགས་ཤིག་ཆགས་པ་ནས་དེ་རྣམས་གྲུབ་དགོས་པར་གསལ་བ་མ་ཟད། ལོ་རྒྱུས་ཐོག་ལྡན་པའི་རིག་གཞུང་སོགས་དོན་གང་ཞིག་ཡིན་ན་དང་པོ་འགོ་ཚུགས་པ་ནས་མཐར་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་དགོས་པ་ཞིག་ཡིན་པས་གོང་དུ་བསྟན་པའི་བཟོ་རྩལ་གྱི་དངོས་པོ་དེ་རྣམས་ཀྱང་ངང་ཚུལ་དེ་ལས་མ་འདས།། ༧ ཞང་བོད་ལྗོངས་འདིར་བཟོ་རིག་པའི་གཞུང་དར་རིམ་ཇི་ལྟར་ན། ཐོག་མར་རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་ཀྱིས་བཟོ་རིག་གཏན་ལ་ཕབ། དེ་ནས་ཞང་བོད་ལྗོངས་སུ་ཕེབས་པའི་བཟོ་རིག་མཁས་ཅན། བཟོ་རྒྱལ་གར་མ་དང་། དམུ་ཙ་ཏྲ་ཧེ་སོགས་བསྟན་པ་སྤེལ་བའི་གཤེན་པོ་འཛམ་གླིང་མཁས་པའི་རྒྱན་དྲུག་དང་། །ཞང་བོད་མཁས་པ་མི་བཞི་སྟེ། ༼༡སྟོང་རྒྱུང་མཐུ་ཆེན། ༢ཤ་རི་དབུ་ཆེན། ༣གྱིམ་ཚ་རྨ་ཆུང་། ༤ལྕེ་ཚ་མཁར་བུ་༽བཅས་དང་། རིག་འཛིན་ལོ་པཎ་གཤེན་བརྒྱད། གཡས་རུའི་སྟོན་པ་བཅོ་བརྒྱད་སོགས་ལ་བརྒྱུད་ནས་དར་བ་མ་ཟད། བསྟན་པ་ཕྱི་དར་གྱི་སྐབས་སུ་བཟོ་རིག་གི་མེ་རོ་གསར་དུ་བསླངས་བའི་རིགས་བརྒྱའི་ཁྱབ་བདག་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པའི་མདོ་དྲི་མེད་གཟི་བརྗིད་གཏན་ལ་ཕབ་པ་ནས་བཟུང་། བདེ་བར་གཤེགས་པའི་སྐུ་གཟུགས་འབྲི་བའི་རིག་པ་དང་། མཆོད་རྟེན་བརྒྱ་དང་ཉི་ཤུ་འབྲི་སྟངས་ཀྱི་ཐིག་རྩ། བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་ཐིག་རྩ། འོལ་མོ་ལུང་རིང་དང་། སུམ་ཅུ་རྩ་གསུམ་སོགས་ཡུལ་ལྗོངས་འབྲི་བའི་ལམ་སྲོལ་སྔར་ལས་ལྷག་པར་བྱུང་བ་ནི། ཉིད་ཀྱིས་ཕྱག་བཏབ་པ་གནམ་ས་བར་གསུམ་ལ་དགོན་པ་གསུམ་སྟེ། ཕུག་དམར་དགོན། བྱ་ཟེ་ཡོང་རྫོང་། ཝ་དགོན་གཡུང་དྲུང་ཕུན་ཚོགས་གླིང་དང་། གཞན་རྗེས་བཞག་བཀྲ་ཤིས་འོད་འབར་དང་མཛོ་སྒང་སོགས་ལ་ཡོད་པའི་དགོན་སྡེ་ཁག་ལ་དམ་པ་ཁོང་གི་ཕྱག་བཟོའི་སྐུ་བྲིས་མ་དང་། འདམ་བཟོའི་ཞལ་འབག འོལ་མོ་ལུང་རིང་གི་ཡུལ་ལྗོངས་ཀྱི་བཀོད་པ། དཀྱིལ་འཁོར་རྒྱ་མཚོའི་ཕྱག་ལེན་དང་། དེ་བཞིན་ཁྱུང་ཡུལ་མཐིལ་ལ་དེང་དུས་དར་བཞིན་པའི་དཀྱིལ་འཁོར་མར་ཕུབ་ཀྱི་ཕྱག་ལེན་འདི་ཡང་ཉིད་ཀྱིས་སྲོལ་གཏོད་པར་གྲགས།། གཞན་ཆེས་སྔ་མའི་དུས་སུ་སྦྲ་གུར་དང་གད་སྐྱིབས་ལས་མཁར་བཟོ་བ་སོགས་བཟོ་རིག་པ་དར་མེད་བསམ་མཁན་ཡོད་ཀྱང་། ངེས་པར་བརྟག་ན་ཞང་བོད་ཀྱི་མི་རིགས་མང་ཆེ་བ་སྦྲ་གུར་དང་། གད་སྐྱིབས་ལ་གནས་བརྟེན་བྱས་པ་དང་། དེ་བཞིན་བོན་གཤེན་མང་པོ་ཞིག་རང་བྱུང་བྲག་ཕུག་ལ་བརྟེན་ནས་རྩ་རླུང་གི་བདེ་དྲོད་སྤར་ནས་ལྟ་བ་ཉམས་ལེན་དང་སྒོམ་སྒྲུབ་ལ་བརྩོན་པ་ཡིན་ཡང་། བོད་ཀྱི་རྒྱལ་བློན་རྣམས་དང་སྐུ་གཤེན་ནམ་བོན་གཤེན་ཁྱད་པར་བ་འགའ་ཞིག་ལ་གསས་ཁང་ཞེས་རྒྱལ་གཤེན་གྱི་སྐུ་མཁར་བཟོ་བའི་ལམ་སྲོལ་ཡོད་པ་ནི། །སྲོང་བཙན་ཡར་སྔོན་བོད་ཀྱི་རྒྱལ་གཤེན་གྱི་སྐུ་མཁར་ཕྱིང་བ་སྟག་རྩེ། རྒྱལ་མཁར་བར་ཆོད། ཡུམ་བུ་བླ་མཁར། གསས་མཁར་གཡུང་དྲུང་ལྷ་རྩེ་སོགས་བོད་ཀྱི་འདུ་གནས་སོགས་ལ་གསས་ཁང་བཞེངས་པའི་སྲོལ་ཡོད་པ་མ་ཚད་ཞང་ཞུང་སྒོ་ཕུག་བར་གསུམ་ལས་ཞང་ཞུང་ཕུག་པའི་སྐུ་མཁར་གཙོ་བོར་རྒྱལ་བ་གཤེན་རབ་སྐུ་འཁྲུངས་ས་མཁར་བར་པོ་སོ་བརྒྱད་དང་། གཞན་རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ཕྱག་བཏབ་པ་གསས་མཁར་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་སོགས་ལ། སྐུ་མཁར་ཕྱི་ནང་བར་གསུམ་གྱི་ཐིག་ཚད་དང་རྒྱ་ཁྱོན་གྱི་ཚད་གཞི་ཡིག་ཐོག་ཏུ་འཁོད་པའི་སྔར་རབས་ཀྱི་དཔེ་རྙིང་མང་པོར་ད་ལྟ་མཇལ་རྒྱུ་ཡོད་པས་དང་། གཞན་བྱ་རུ་ཐོབ་པའི་ཞང་ཞུང་རྒྱལ་པོ་བཅོ་བརྒྱད་གཙོས་པའི་རྒྱལ་གཤེན་རྣམས་ཀྱིས་ཞང་ཞུང་ཕུགས་པར་སྐུ་མཁར་བཞེངས་པ།༼སྐྱབས་སྟོན་ཁྲོ་འགྲེལ་ལས།༽སེ་རིབ་འབྲུག་མོ་རྫོང་། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ་རྫོང་། ཞེས་དང་། མཁར་ཡུག་འདམ་མཁར། གུ་གེ་རྩ་ཧྲེང་མཁར། བྱང་གི་ར་བཞི་མཁར་སོགས་དང་།། ༼༧ཞང་ཞུང་བར་པ་ལ།༽ དང་ར་ཁྱུང་ཆེན་རྫོང་བཅས་དང་།། སྒོ་པའི་ཁྱུང་པོ་རི་བོ་རྩེ་དྲུག་ལ་མཉམ་ཉིད་མཐོན་པོ་ལྡིང་མཆོག་རྫོང་སོགས་ཆེས་སྔ་མའི་ཞང་ཞུང་གི་རྒྱལ་གཤེན་རྣམས་ཀྱིས་ཕྱག་བཏབ་པའི་མཁར་མང་པོ་བཞེངས་པ་དང་དུས་མཚུངས་ཞང་ཞུང་ལི་དམར་ལས་གྲུབ་པའི་སྐུ་གཟུགས་དང་། ས་རྡོ་ལས་སྐྲུན་པའི་མཆོད་རྟེན་བཞེངས་ཚུལ་དང་། སྨར་ཆེ་ཆུང་གི་ཡིག་གཟུགས་འབྲི་བའི་ལམ་སྲོལ་ཡོད་པ་༼ད་ལྟ་མངའ་རིས་བྲག་བརྐོས་རི་མོས་དཔང་རྟགས་ཐོབ་༽ཡོད།། |
|
|
|