སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༦ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད། 
[ 2011/9/12 19:41:00 | By: dengbijiangcun ]
 

༈ལེའུ་གསུམ་པ་བཟོ་རིག་པའི་སྐོར།

  ༧ སྤྱིར་བཟོ་རིག་ཙམ་ནི་ལོ་ངོ་ཆིག་ཁྲི་གོང་ནས་ཞང་བོད་ཀྱི་ས་ཡི་གོ་ལའི་ཐོག་བྱུང་མྱོང་བ་ནི་ཆེས་སྔ་མའི་རྡོ་ཆས་རྙིང་པ་དང་རུས་ཆས་རྙིང་མ་རྫ་མའི་བཟོ་ལས་སོགས་ལས་ཤེས་ལ། ལྷག་པར་དུ་ཞང་བོད་ས་མཐོའི་སྟེང་འགྲོ་བ་མི་རིགས་བྱུང་ནས་བཟུང་དེང་དུས་ནང་བཞིན་ཁྲ་ཆེམ་ཆེམ་དང་འོད་ལྟེམ་ལྟེམ་གྱི་བཟོ་རྩལ་མེད་ན་ཡང་། མི་རིགས་རང་གི་སྡོད་ཁང་དང་གྱོན་ཆས་ཟ་མ་བཟོ་སྣོད་ཀྱི་མཁོ་ཆས་སོགས་མེད་ཐབས་མེད་པའི་རིགས་རྣམས། མི་རིགས་དང་མཉམ་དུ་བྱུང་བ་སྟེ་སྨྲ་ཤེས་ཤིང་དོན་གོ་བའི་མིས་དཔྱད་ན་ཤེས་ནུས་པ་མ་ཟད་དོན་ཐོབ་རིག་དངོས་ཀྱི་དཔང་རྟགས་འཛིན་དུ་ཡོད་པ་སྟེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་པདྨ་རྭ་གའི་ལྡེ་མིག་ལས། སྤྱི་ལོ་༡༩༥༦ལོར་ནག་ཆུའི་ས་ཁུལ་དུ་གནའ་བོའི་མི་རིགས་ཤུལ་ལུས་རྡོ་ཆས་རྙིང་པའི་རིགས་གཉིས་རྙེད་པ་དང་དེ་རྗེས་གཉའ་ལམ་དང་་དེང་རི་ཤན་ཙ་སྤུ་ཧྲེང་་སུམ་མདོ་རྣམ་གླིང་སོགས་ཀྱི་ཡུལ་ནས་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་རྫས་རྣམ་པ་སྣ་ཚོགས་ཤིག་རྙེད་པར་བརྟགས་ན། བོད་འདི་ལོ་ངོ་ཁྲི་ཕྲག་གོང་དུ་རོང་འབྲོག་གཉིས་ཀའི་ཡུལ་དུ་མི་རྣམས་འཚོ་ཞིང་གནས་པར་ངེས་ཏེ། འདི་ནས་ལོ་ངོ་ཁྲི་ཕྲག་ཙམ་གྱི་གོང་དུ་འཇིག་རྟེན་འདིར་མཚོན་ཆ་དང་ལག་ཆ་བཟོ་རྒྱུའི་ལག་རྩལ་ཡར་རྒྱས་བྱུང་བའི་དུས་རབས་ཤིག་ཏུ་སླེབས་ཡོད་པ་ལོ་རྒྱུས་རིང་བའི་ཆོད་རམས་པ་རྣམས་ཀྱིས་བཞེད་པ་གཅིག་ཏུ་མཐུན། ཨེ་ལྗིབ་ཕུ་ཐི་ཡུལ་དུ་ཡོད་པའི་ལོ་ངོ་འབུམ་གསུམ་ཙམ་གྱི་ལོ་རྒྱུས་ཡོད་པའི་རྡོ་ཆས་རྙིང་བ་དེ་དག་དང༌། ང་ཚོ་བོད་ཡུལ་གྱི་རྡོ་ཆས་རྙིང་པ་དེ་དག་བཟོ་དབྱིབས་རྣམ་པ་ཀུན་ཏུ་མཚུངས་པས་དེ་ལྟར་ན་བོད་ཀྱི་རྡོ་ཆས་རྙིང་པ་དེ་དག་ལའང་ལོ་ངོ་འབུམ་གཉིས་དང་གསུམ་ཙམ་གྱི་ལོ་རྒྱུས་ཡོད་པར་སེམས་སོ། །ཞེས་དང༌། །ནམ་མཁའི་ནོར་བུས་མཛད་པའི་ཏི་སེའི་འོད་ལས། ཞང་ཞུང་རི་ཐོག་གི་ཡུལ་འཁོར་ལོའི་འགྲུལ་ལམ་དང་ཉེ་བའི་བྲག་ངོས་ཤིག་ཏུ་ཆེས་རྙིང་མའི་རི་མོ་མི་ཉུང་བ་ཞིག་རྙེད།    བྲག་བརྐོས་ཀྱི་རི་མོ་དེ་རིགས་ནི། ཨོ་ཏུ་ལི་ཡའི་གཉུག་གནས་མི་རིགས་དེའི་མི་རིགས་ཀྱི་ཡ་ཐོག་གི་མི་བརྒྱུད་ཆེས་བྲག་རྡོའི་ངོས་སུ་བྲིས་པའི་རི་མོ་མི་ཉུང་བ་ཞིག་ཡོད་འདུག་པ་དེ་རིགས་ལ་དུས་ཕྱིས་་དབྱིན་ཡུལ་གྱི་གནའ་བོའི་རིགས་རྫས་རྟོགས་ཞིབ་མཁན་པོ་འགས་ཞིབ་འཇུག་བྱས་འབྲས་སུ་ཁོང་རྣམ་པས་གཏན་འབེབས་བྱས་ཡོད་པ་ནི།  ཨོ་ཏུ་ལི་ཡའི་གཉུག་གནས་མི་རིགས་ཀྱི་ཡ་ཐོག་གི་ལོ་རྒྱུས་ལོ་གྲངས་སྟོང་ཕྲག་བཞི་བཅུའམ་བཞི་ཁྲིའི་གོང་དུ་འགྲོ་ཐུབ་ཀྱི་ཡོད་པར་བརྟེན།   མི་རིགས་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཁྲོད་དུ་ཆེས་རྙིང་ཤོས་ཡིན་པ་ངོས་འཛིན་བྱས་ཡོད། ཞང་ཞུང་རི་ཐོག་གི་བྲག་བརྐོས་རི་མོ་འདི་ཚོ་ལའང་རྙིང་མའི་རང་གཤིས་ཅན་ཞིག་ཡོད་པ་མངོན་སུམ་དུ་མཐོང་ཐུབ་པ། དེ་ལྟར་ན་ལོ་གྲངས་བཞི་ཁྲི་ཙམ་བརྒལ་ཡོད་མེད་བཤད་མོད་ཞང་ཞུང་དུས་རིམ་གོང་མ་ལས་ཆེས་སྔ་བའི་དུས་ཀྱི་རི་མོ་ཡིན་པ་ནི་བློ་སྟོབས་ཆེན་པོའི་སྒོ་ནས་བཤད་ཐུབ་པ་ཡིན་ཞེས་དང་། །གཞན་ཆབ་མདོ་ཁ་རུབ་ནས་ཐོན་རྫས་མང་དུ་རྙེད་པ་ཁང་བའི་རྗེས་ཤུལ་དང་ཁང་པའི་དབུས་སུ་སྒྱེད་རྡོ་རྐང་གསུམ་འཛུགས་སའི་ཐབ་ཀྱང་ཡོད་ལ་རུས་དང་རྡོ་ཡི་ཁབ་དང་རྟ་རེ་རུས་ལེབ་སོག་ལེའི་ཁ་ཅན། རྫ་ཆས་ཀྱི་ཁོག་མ་སླ་ང་ཕོར་བ་སོགས་ཡོད་པ་བཅས་ལ་གཞིག་ན་ཆེས་སྔ་མོའི་དུས་ནས་བཟོ་ཡི་རིག་པ་དར་མྱོང་ཞེས་ལབ་ཐུབ་ངེས་རེད།།   ༧སྐབས་འདིར་བཤད་རྒྱུ་གཙོ་བོ་ནི་ཞང་བོད་རིག་གཞུང་སྲོལ་གཏོད་པ་སྟོན་པ་གཤེན་རབ་ཀྱིས་མཛད་པའི་བཟོ་རིག་སྐོར་ཡིན། གཤེན་རབ་མ་བྱོན་པའི་སྔོན་སྤྱིར་བཟོ་ཡི་རིག་པའི་ལག་རྩལ་ཡོད་པ་གོང་དུ་བཤད་ཡོད་ལ། གཤེན་རབ་ཉིད་ཀྱིས་གཏན་ལ་ཕབ་པའི་བཟོ་རིག་ནི་དཀྱིལའཁོར་བརྒྱ་རྩའི་བཀོད་པ་ཚང་པའི་གཞལ་ཡས་ཁང་དང་བདེ་བར་གཤེགས་པ་ཞི་དྲག་གི་སྐུ་གཟུགས་དང་མཆོད་རྟེན་ཡི་གེའི་གཟུགས་རིས། དེ་བཞིན་ལྷ་ཁྲི་རྒྱབ་ཡོལ་དང་བཀྲ་ཤིས་རྟགས་བརྒྱད་སོགས་མཆོད་རྫས་ཀྱི་རིགས་དང་། གྲི་མཚོན་སོགས་སྒྲ་བླའི་འཁོར་རྟེན། གོས་རྒྱན་སོགས་འགྲོ་བ་མི་ཡི་འཁོ་སྤྱད་དང་གླིང་བཞི་གླིང་ཕྲན་སོགས་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་དེ་དག་གང་བྱུང་བྱུང་དུ་བྲིས་བཟོ་བྱས་བསྡད་པ་མ་ཡིན་པར། ཐིག་དང་ཆགས་ཚད་ཀྱི་དྲྭ་བར་བཙུད་ནས་ཡིན་མིན་རྣམ་བཞག་གི་གྲུབ་མཐའ་ངེས་ཅན་གྱི་སྒྲིག་ལམ་འཐུས་སྒོ་ཚང་བར་བྱས་ནས་བཟོ་རིག་འཁོར་གྱི་དམ་པ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་དུ་གཏད་པའི་བཟོ་རིག་པའི་འབུམ་སྡེ་གསུམ་སྟེ། ༡བསྐལ་པ་སྣང་སྲིད་འཁོར་ལོའི་འབུམ། ༢སྲིད་པ་མིའུ་རྒྱུད་ཀྱི་འབུམ། ༣འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ༌སོགས་བཟོ་རིག་གི་གཞུང་མང་པོ་ཞིག་གཏན་ལ་ཕབ། ༧ དེ་ཡང་མདོ་དྲི་མེད་ལས། བཟོ་རིག་པ་ནི་བཟོ་རྒྱལ་གར་མ་ཁྱོད་དང་བདག་ནི་སྔོན་གྱི་སྨོན་ལམ་མཐུན་པས་ཁྱེད་ཀྱི་ཐུགས་སུ་ཆུད་པར་གྱིས་ཤིག་ཅེས་དང་། མདོ་དྲི་མེད་ཀྱི་བཟོ་རིག་བསྟན་པའི་གཞུང་ལས། ད་ལྟའི་གནས་འདིར་ཤེས་རབ་ཀྱི་བློ་སྦྱོང་ཞིང་རིག་པའི་གནས་ལྔ་ལ་བསླབ་དགོས་པ་ཡིན།  །ཞེས་དང༌། བཟོ་ལ་རྣམ་པ་ལྔ་ཡིན་ཏེ། །དྲ་ཞིང་དྲུབ་དང་་བཞོག་ཅིང་སྦྱང༌། །བཞུ་ཞིང་བླུག་དང་བརྡུང་ཞིང་འཐར། །བྲིས་ཞིང་བཀོད་དང་རྣམ་པ་ལྔ།། །ཞེས་དང་། ཐོག་མ་ཀུན་གྱི་སྔ་མ་ལས། །དྲ་ཞིང་དྲུབ་པའི་ན་བཟའ་སྔ། །སྒྱུ་ལུས་གཟུགས་ཀྱི་ཕུང་པོ་ལ། །ལྷབ་ལྷུབ་ན་བཟས་མ་རྒྱན་ན། །རོ་ལངས་འཇིགས་པའི་དུར་ཁྲོད་འདྲ། །གོས་མེད་རྣམ་པ་མི་ཡི་ཞན། །དེ་ཕྱིར་རྒྱན་དང་ན་བཟའ་སྔ།། །ཞེས་དང་། དེ་ཡང་རྣམ་པ་བཞི་ཡིན་ཏེ། །གདུགས་སུ་དབུབ་དང་གདན་དུ་འདིང་། །ཡོལ་དུ་བྲེ་དང་ལུས་ལ་གསོལ།།  །ཞེས་དང་། །གདུགས་སུ་ཕུབ་པ་རྣམ་པ་གསུམ། །ནམ་མཁའི་རྒྱན་དང་ཉི་ཟླའི་གུར། །གྲུ་བཞིར་བཅད་དང་རྣམ་པ་གསུམ།།    །ཞེས་དང༌། །ནམ་མཁའི་རྒྱན་ལ་སྤྲིན་དཔུང་བཟོ། །ཉི་ཟླའི་གུར་ལ་འོད་ཟེར་བཟོ། །གྲུ་བཞི་བཅད་ལ་དཀྱིལ་འཁོར་བཟོ།།   །ཞེས་དང༌། །གདན་དུ་འདིང་ལ་རྣམ་པ་གསུམ། །རྐྱང་པ་སྦྲག་དང་བརྩིག་པ་ཁྲི།། །ཞེས་དང༌། །རྐྱང་པ་རི་མོ་ལྔ་རུ་ཤེས། །མི་ཤིག་རྡོ་རྗེ་བརྟན་པའི་གདན། །མི་འགྱུར་གཡུང་དྲུང་འགྱུར་མེད་གདན།   །སྐྱོན་བྲལ་པདྨ་མཛེས་པའི་གདན།  །རྩིབས་རྒྱན་འཁོར་ལོ་དབང་བསྒྱུར་གདན། །ཡིད་བཞིན་ནོར་བུ་འདོད་འབྱུང་གདན། བཀུར་ཞིང་མིན་པས་མི་ཁྱགས་སོ། །རྒྱལ་པོ་མིན་པས་མི་འགྲུབ་བོ།། །ཞེས་དང༌། །སྦྲག་ལ་གསལ་མཐོང་མུ་ཁྱུད་ཅན། །རི་མོ་ཅན་དང་ཐིག་ལེ་ཅན།    །ཝ་འོལ་དྲ་མའི་གསལ་མཐོང་ལ། །ཁ་དོག་སྣ་ལྔའི་མུ་ཁྱུད་མཛེས། །བློན་དང་དེད་དཔོན་བཙུན་མོར་དབང་།།   །ཞེས་དང༌། །བརྩེགས་ལ་ཤི་ཤོན་ཟ་འོག་འབོལ། །རྒྱལ་པོ་མིན་པས་མི་ཁྱགས་སོ། །དགུ་བདུན་ལྔ་གསུམ་སྐབས་དང་སྦྱར།།   །ཞེས་དང༌། ཡོལ་དུ་བྲེ་ལ་རྣམ་པ་བཞི།   །རྐྱང་དང་སྦྲག་དང་འཆོལ་དང་གསུམ། །གཞལ་ཡས་ཁང་དང་བཞི་རུ་ཤེས།། །ཞེས་དང༌། །ལུས་ལ་གསོལ་ལ་རྣམ་པ་དྲུག །འགྱིང་དང་འཇོལ་དང་སྒེག་དང་ཕུལ། །སྟོད་གཡོག་སྨད་ཤམ་གཉིས་དང་ལྔ།།   །ཞེས་དང་། །གཤེན་པོའི་ན་བཟའ་བརྗིད་དང་ཆས། །བློན་པོའི་ན་བཟའ་བེར་དང་ཆས། །བཙུན་མོའི་ན་བཟའ་སྒེག་དང་ཆས།        །བློན་པོའི་ན་བཟའ་ལྷུབ་དང་ཆས། །ཚོང་དཔོན་ན་བཟའ་བཀྲག་དང་ཆས། །འབང་གི་ན་བཟའ་ཡང་ལ་དྲོ། །ཆགས་ཚད་རང་རང་ལུས་དང་སྦྱར། །མིག་ལ་མཛེས་ན་ཐུགས་ལ་རན། །དྲ་ཞིང་དྲུབ་པ་བཟོ་ཡི་རིགས། །ལྷ་གསས་གར་མའི་ཐུགས་ལ་ཞོག །སེམས་ཅན་འགྲོ་ལ་ཕན་པར་མཛོད།   །ཞེས་སོ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.