ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྒྲོ་བ་ཁྲོ་ཆུས་རྒྱ་ཅན་བརྐུས་པ་ལས་བྱུང་བའི་བོན་གྱི་བཀའ་བསྟན)་ཞེས་པའི་བརྒལ་ལན། | 2011/8/12 17:08:00

རང་དབང་ལུང་པའི་མིང་འཛིན་པ་(སྤོབས་པ་མཐའ་ཡས)ཁྱོད་ཀྱིས་བོན་ལ་སྡང་ཟུག་བྱས་ཚད་ཀྱི་འཇུག་དེ་རིང་ནས་བསྡུ་བའི་རེ་བ་བྱེད་བཞིན་ཡོད།
སྤྱིར་འཛམ་གླིང་གི་ཁྱོན་འདིར་ཞི་བདེ་དང་གྲུབ་མཐའ་ཕན་ཚུན་བར་མཛའ་མཐུན་དང༌། ལྷག་དོན་དུ་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པས་དབུ་ཁྲིད་པའི་བོན་ཆོས་གཉིས་ཀྱི་རྗེས་འཇུག་པ་རྣམས་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་ཚུལ་དུ་གནས་དགོས་པ་ཆོས་ཚོགས་ཐེངས་ཚང་མའི་ཐོག་ཏུ་གསུང་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བྱ་བརྒྱ་ཁ་ཤར་ལ་བལྟ་དུས་ཕ་བོང་སྐྱ་ལེབ་ཁ་ནུབ་ཏུ་ཕྱོགས་པའི་སྐྱེ་བོ་རང་དབང་ལུང་པའི་མིང་འཛིན་པ་ཁྱོད་ལྟ་བུ་འགའ་ཞིག་ལ་གསལ་བཤད་ཚུལ་དུ་ཚིག་ཁ་ཤས་ཞིག་མ་བརྗོད་ན་ཡུང་རུལ་གཅིག་གིས་ཡུང་ཕུང་ཐ་དག་རྫོད་པ་ལྟར་ཅིས་ཀྱང་སྨྲ་དགོས་པར་ངེས། སྤྱིར་ཁྱོད་ལྟ་བུས་བོན་གྱི་གཞུང་ལུགས་ལ་ལྟ་མྱོང་མེད་པ་མ་ཟད་བལྟ་འདོད་ཀྱང་མེད་མཁན་ཞིག་ལ་ངས་གསལ་བཤད་ཇི་ལྟར་བྱས་ཀྱང་ངལ་བ་ཆུད་ཟོས་སུ་འགྲོ་བར་ཤེས་ནའང༌། སྐྱེ་བོ་གང་མང་ཞིག་ཁྱོད་ཀྱི་རྨོངས་གཉིད་ཀྱི་རྗེས་སུ་མི་འགྲོ་བའི་ཆེད་དུ་ཡིན། ཐོག་མར་ཁྱོད་ཀྱིས་བོན་ལུགས་ལ་ཡང་དག་པའི་ལོ་རྒྱུས་དང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མེད་པའི་སྒྲུབ་བྱེད་དུ།
(བར་ཆད་ལམ་སེལ་ལས་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཞེས་པ་སོགས་བཀའ་ཐང་ལ་བོན་པོ་བསྣུབས་ཚུལ་མང་པོ་ཞིག་ཡོད་པ་དེ་ག་རེ་བཤད་རུང་མ་བཤད་རུང་སྟོན་པ་གཤེན་རབ་ཀྱི་ལུགས་ལྷ་གསོལ་འདྲེ་བཀུར་ཙམ་པོ་དེ་ཡིན་པར་སུས་བསྙོན་ནུས། དེ་མིན་ན་བོན་པོ་ཚོས་མཁན་པོ་ཞི་བ་འཚོ་འདྲེ་ཡིན་ཚུལ་སོགས་ཀྱི་འཁོན་འཛིན་དེ་ཡོང་དོན་མེད་པ་རེད།)
ཅེས་པར། བོན་པོའི་ལུགས་ལ་དེ་དག་འགྲེལ་བཤད་ཇི་ལྟར་བྱེད་པར་ཁྱོད་ཀྱིས་ཁས་མི་ལེན་ཡང་སྟོན་པ་ཟས་གཙང་སྲས་ཀྱི་རྗེས་འབྲང་པའི་མཁས་དབང་དུ་མས་འདི་དག་ལ་ཡ་ཐོག་བོན་ཞེས་པའི་ཐ་སྙད་བཀོལ་བའི་ཡུལ་ཆོས་བྱེ་བྲག་པ་ཞིག་ལ་འགྲེལ་གྱིན་ཡོད་པ་ཤེས་པར་གྱིས། དེའང་ཁྱོད་ལྟ་བུའི་རྨོངས་སྒྲུང་བ་དང་ལོག་འགྲེལ་བ་ཚོ་ལྟ་བུ་མིན་པར་རྒྱུ་མཚན་དང་རིགས་པའི་རྗེས་འབྲང་བ་རྣམས་ཏེ། དཔེར་ན། རི་བོ་དགེ་ལྡན་པའི་མཁས་དབང་བེ་རི་བ་སོགས་ཀྱིས་གལ་སྲིད་གདོན་ཀྱི་གཟུགས་སུ་བསྟན་པའི་ཆོས་པ་ཞིག་ཡོད་ན་བོན་ལུགས་ལ་མི་དགོས་བན་དེའི་ལུགས་ལའང་བསྣུབ་དགོས་པ་ངེས་ཅན་རེད། འདི་དག་ནི་ཆོས་ལུགས་ཀྱི་འགལ་ཟླ་བཟོ་བའི་ཆེད་དུ་ཡིན་ཚུལ་གསུངས་པ་འདི་དག་གིས་ཁྱོད་ལ་གོ་བ་ཞིག་སྟེར་བར་སྨོན།
དེ་ནས་ཡང་ཁྱོད་ཀྱིས་བོན་པོ་ཚོས་མཁན་པོ་ཞི་བ་འཚོ་འདྲེ་ཡིན་ཚུལ་སོགས་ཀྱི་འཁོན་འཛིན། ཞེས་པར་འདི་ལྟར་བོན་པོ་ཚོར་ཞེས་ལེབ་བརྒྱག་བྱེད་ཕོད་པ་ཅི་འདྲའི་ཧམ་པ་ཚ་དྲགས་པ་ཞིག་རེད། ཁྱོད་ཀྱིས་བེད་སྤྱོད་བཞིན་པའི་མིང་རྫུན་ཏེ་རང་དབང་ལུང་པ་ལྟར་དྲན་ཚད་སྤྱི་ཚོགས་ཁྲོད་དུ་གཡུག་ཆོག་ཆོག་མིན་པར་རང་གིས་བཤད་པ་ལ་འགན་ལེན་དང་བདག་པོ་བརྒྱག་དགོས་པ་དེ་དབང་རྟུལ་ཁྱོད་ཀྱིས་ཤེས་པར་གྱིས། འདི་ལྟར་བོན་པོའི་གཞུང་ལུགས་ཁག་ཏུ་མཁན་ཆེན་ཞི་བ་འཚོ་འདྲེ་ཡིན་པའི་ལོ་རྒྱུས་མེད་ལ། རེ་འགས་རང་ཆོས་ཀྱི་ཀུན་སློང་དབང་དུ་ཤོར་དྲགས་ནས་དེ་ལྟར་སྨྲ་མཁན་ཡོད་པའི་དབང་དུ་བཏང་ཡང༌། དེ་དག་བོན་པོ་ཚོས་སྨྲ་བ་ཞིག་དང་བོན་པོའི་གཞུང་ལུགས་ལ་ཡོད་པ་ཞིག་ཁྱོད་ཀྱིས་སྲིད་མཐའི་བར་དུ་བསྒྲུབ་ཀྱང་མི་འགྲུབ། དཔེར་ན་ཁྱོད་ཀྱི་ཉོབ་བཤད་འདི་ལ་བརྟེན་ནས་ངས་བན་དྷེ་ཚོས་འདི་ལྟར་དང་དེ་ལྟར་ཟེར་གྱི་འདུག་ཅེས་བསྐལ་མཐའི་བར་དུ་མི་ལབ་པ་ལྟ་བུ་རེད། དེ་ལས་ད་ལྟའི་དུས་འདིར་སྔ་འགྱུར་རྙིང་མ་བ་དང་བོན་པོ་ཕན་ཚུན་ཐུགས་མཐུན་དམ་ཟབ་ཞོ་བཞིན་ཆགས་ཡོད་པར་སྐུ་མཁྱེན་ཁྱོད་ཀྱིས་ཁྲག་ལྟར་མ་དཀྲུག་རོགས་གྱིས།
ཡང་ཁྱོད་ཀྱིས། (གཤེན་རབ་ལ་རྫུ་འཕྲུལ་ཡོད་པའི་དབང་དུ་བཏང་ཡང་ཇག་པ་ལ་ཡང་རྫུ་འཕྲུལ་ཡོད་ན་མ་གཏོགས་ཨ་རབ་ཀྱི་ཡུལ་ནས་ཀོང་པོ་བར་དུ་རྟ་དེད་ནས་ཡོང་བ་ལས་སླ་པོ་མིན་སྟབས་གཤེན་རབ་ཨ་རབ་ཏུ་འཁྲུངས་པ་དེ་ཡང་ཡིད་ཆེས་ཐུབ་པ་ཞིག་མ་རེད།)
ཅེས་པར། བོན་གཞུང་ལས་སྟོན་པ་གཤེན་རབ་མི་བོ་ལ་འགྲན་ཚད་པའི་བདུད་ཁྱབ་པ་ལག་རིང་གི་འཁོར་བདུད་ཕྲུག་ཤོར་བ་སྐྱ་བདུན་གྱིས་གཤེན་ཡུལ་འོལ་མོ་ལུང་རིང་ནས་རྟ་བདུན་བརྐུས་ཏེ་ཀོང་ཡུལ་དུ་བྲོས་པའི་སྐོར་ལ། སྟོན་པ་ཉོན་མོངས་དབང་གིས་རྟ་ལ་ཆགས་པ་མ་ཡིན་ཡང་ལས་དང་དུས་རྐྱེན་དབང་གིས་བོད་ཁམས་དབང་དུ་འདུལ་བ་དང་། མ་འོངས་ཁ་བ་ཅན་དུ་འབྲས་བུའི་བོན་དར་བའི་ཆེད་དུ་ཕེབས་པའི་རྣམ་ཐར་དེ་དག་བོད་ལ་ངོམ་རིན་ཆོག་པའི་ལོ་རྒྱུས་ཀྱི་ཕུགས་རྩ་ཞིག་ཡིན་པ་དེ་ཁྱོས་ཀྱིས་ཤེས་དགོས། ཡ་མཚན་པ་ཞིག་ལ། ཁྱོད་ཀྱིས་ཨ་རབ་ནས་ཀོང་པོ་བར་རྟ་འདེད་རྒྱུར་དཀའ་བའི་རྒྱུ་མཚན་གྱིས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་སྲིད་པའི་ཁམས་འདིར་སྐུ་སྐྱེ་བ་བཞེས་མེད་པ་ལྟ་བུར་འདོད་པ་ནི་ཅི་འདྲའི་ཅོལ་ཆུང་ཞིག་རེད། ལར་ངས་ཇག་པ་དེ་དག་ལ་རྫུ་འཕྲུལ་ཡོད་དེ། བདུད་ཀྱི་ཆོ་འཕྲུལ་དང་ལྡན་པའི་སྐྱེ་བོ་ཤ་སྟག་ཡིན་པའི་ཕྱིར་ཟེར་ན་ཁྱོད་ཀྱིས་ཅི་ཞིག་སྨྲ།
ཡང་ཁྱོད་ཀྱིས། (གཤེན་རབ་འདི་ཨ་རབ་སོགས་ཕྱིའི་ཡུལ་ཞིག་ཏུ་འཁྲུངས་ཤིང་ཡུལ་དེའི་སྐད་དུ་བོན་བསྟན་པ་དང་རྒྱ་དཀར་ནག་སོགས་ཀྱི་སྐད་དུ་བསྒྱུར་བ་སོགས་བོན་གྱི་ལོ་རྒྱུས་ལས་བྱུང་བ་དེ་ལྟ་བུ་ཞིག་བདེན་ན་ཡུལ་དེའི་ལོ་རྒྱུས་ལ་ཡོད་དགོས་ཀྱང་བོན་འདི་བོད་མ་གཏོགས་སུས་ཀྱང་མི་ཤེས་པར་བལྟས་ན་ཡུལ་གཞན་གྱི་སྐད་ལས་བོད་སྐད་དུ་བསྒྱུར་ཚུལ་དེ་ཡང་བདེན་པར་འཛིན་ཐུབ་པར་མ་མཐོང༌།)
ཞེས་པར། ང་ངོ་མ་ཁྱོད་ལ་ཡ་མཚན། ཁྱོད་ཀྱིས་གཤེན་རབ་འདི་ཨ་རབ་སོགས་ཕྱིའི་ཡུལ་ཞིག་ཏུ་འཁྲུངས་སོགས་ནས་བོན་གྱི་ལོ་རྒྱུས་ལས་བྱུང་བ་ཞེས་པའི་བར་ལ། ཧོབ་སྟེ་བལྟས་ན་ཁྱོད་ལ་ཇི་འདྲའི་ལོ་རྒྱུས་ཀྱི་ཕུགས་བགྲང་རྒྱུ་ཡོད་མདོག་ཁ་བ་ཞིག་རེད། འོན་ཀྱང་ཁྱོད་རང་ཡ་ང་བ་ཞིག་ལ་བོན་གྱི་ལོ་རྒྱུས་ནང་ལ་སྟོན་པ་གཤེན་རབ་ཨ་རབ་ཏུ་འཁྲུངས་ཞེས་གསལ་མེད་ལ་ད་དུང་གཤེན་རབ་རྟ་རྗེས་སུ་ཨ་རབ་ནས་ཀོང་པོར་སོང་བའང་དེ་བས་མ་བཤད། འདི་ནི་ཁྱོད་ཀྱིས་ཤེས་དགོས་པ་ཞིག་སྟེ་བོན་གྱི་ལོ་རྒྱུས་ཁག་ལས་འཕྲོས་པའི་དེང་རབས་ཀྱི་མཁས་པ་རྣམས་ཀྱིས་ཨ་རབ་སོགས་ཀྱི་ལུང་པ་འདི་དག་ནི་ཞང་ཞུང་གི་ས་སྡེ་ཆེན་པོ་དེ་དག་ལ་དབྱེ་ན་སྒོ་ཕུག་བར་གསུམ་གྱི་ནང་ཚན་བར་པ་རྒྱལ་མཁར་བར་ཆོད་ཅེས་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་གདུལ་བྱ་གྲངས་མེད་ཐར་ལམ་དུ་བཀོད་པའི་གནས་ཞིག་དུ་ངོས་འཛིན་གྱི་ཡོད་ལ། སྟབས་ལེགས་པ་ཞིག་ལ་དེང་སོང་དེར་ཡོད་ཀྱི་མེས་པོ་རྒན་གྲས་འགས་མི་ལོ་སྟོང་ཕྲག་མང་པོའི་གོང་དུ་ད་ལྟའི་ཁོ་ཚོའི་ཁ་ཆེའི་ཆོས་ལུགས་དེ་མེད་པ་མ་ཟད་ཆོས་ལུགས་གཞན་ཞིག་དང་དེའི་སྟོན་པའི་མཚན་ཡང་ས་མ་ལེགས་ཞེས་དོན་དུ་བསམ་པ་བཟང་བའི་མི་ལྟ་བུར་འབོད་ཀྱི་ཡོད་པ་སོགས་ཨུར་དྷུའི་ཡི་གེའི་སྟེང་བྲིས་པ་དེ་དག་དེང་སྐབས་དབྱིན་སྐད་སོགས་སུ་མཁས་པ་རྣམས་ཀྱིས་སྒྱུར་བཞིན་ཡོད་པས་རིང་མིན་ཁྱོད་ཀྱི་ལོག་རྟོག་དེ་དག་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ལ་ཉེ།
མཁས་དབང་ནམ་མཁའི་ནོར་བུས་གདོད་མའི་བོན་གྱི་ཁུངས་མ་རྙེད་པ་དང༌། ཁོང་བོན་པོ་རེད་ཞུས་ཚེ་ཐུགས་མ་བདེ་བ་སོགས་ཁྱོད་དང་ཁྱོད་ལྟ་བུའི་སེམས་སྦུག་དོག་པའི་མི་དེ་དག་གི་སྣང་ཚུལ་ཙམ་ཡིན་པར་འདོད། ལར་ཁྱོད་དང་ནམ་མཁའི་ནོར་བུའི་བར་གྱི་རྩོད་རྙོག་དེ་དག་ཁྱོད་ཁོ་ནའི་སྡུག་སྐད་ཙམ་ལས་དོན་གནད་ཆེར་མ་མཐོང་བས་ངས་གསལ་བཤད་བྱ་འདོད་ཀྱང་མེད།
ཡང་ཁྱོད་ཀྱིས། (བོན་པོ་འདི་སྟག་གཟིག་གམ་རྟག་གཟིགས་ཀྱི་སྐད་ནས་བསྒྱུར་བ་རེད་ཟེར་བ་ཙམ་ལས་ཡུལ་གཞན་གྱི་ལོ་རྒྱུས་ལ་ཟུར་ཙམ་ཡང་མེད་ཐོག་སྐད་ཡིག་གང་ལས་བསྒྱུར་བའི་ཕྱི་མོ་ཚིག་འབྲུ་གཅིག་ཀྱང་སྟོན་ཐུབ་ཀྱིན་མེད་པ་རེད། དེ་མ་ཟད་དུས་རབས་བཅུ་པ་ཡན་ཆོད་ནས་ཡོད་ངེས་ཅན་གྱི་དཔེ་རྙིང་ལྟ་བུ་ཡང་མེད་པ་རེད།)
ཅེས་པར། ངས་གོང་དུ་ལར་ཁྱོད་ཀྱིས་བོན་གྱི་གཞུང་ལུགས་ལ་ལྟ་མྱོང་མི་འདུག་ཅེས་བཤད་ཡོད། ཁྱོད་ཀྱིས་བོན་དང་བོན་པོ་གཉིས་ཁྱད་པར་འབྱེད་མ་ཤེས་ན་དགག་སྒྲུབ་ཅི་ཞིག་བྱ། ཁྱོད་ཀྱིས་བོན་པོ་འདི་སྟག་གཟིག་གམ་རྟག་གཟིགས་ཀྱི་སྐད་ནས་བསྒྱུར་བ་རེད་ཟེར་བ་ཙམ་ལས། ཞེས་ཁྱོད་ལ་ཅི་ཞིག་གིས་མནོལ། བོན་པོ་ཟེར་དུས་བོན་ལ་ཉམས་ལེན་གནང་མཁན་དང་བོན་གྱི་རྗེས་འཇུག་པ་རྣམས་ལ་ཟེར་བ་ཡིན་པས། ད་ནས་བཟུང་ཁྱོད་ཀྱིས་ལོག་ལྟ་དེ་དག་སྤང་ལ་ངེས་ཤེས་རྙེད་པར་གྱིས་ཤིག དཔེར་ན་ཆོས་པ་འདི་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་རེད་ཟེར་ན་གོ་བ་ཅན་ཚོ་བཞད་མོ་མི་འཆོར་རམ། ད་དུང་ཁྱོད་ཀྱིས་ཁ་ཕོ་ཆེ་མདོག་གིས་ཚིག་འབྲུ་གཅིག་ཀྱང་སྟོན་ཐུབ་ཀྱིན་མི་འདུག་ཅེས་ཚིག་ཐག་ཆོད་པོའི་བཤད་པ་ནི་ངོ་མ་བོན་ཆོས་བར་གྱི་དཀྲུག་ཤིང་ཞིག་མིན་ན་ཁྱོད་གདོན་གྱིས་རློམས་ཡོད་པ་ཁོ་ཐག་རེད། གལ་སྲིད་ཁྱོད་ཀྱིས་གཡག་ཞར་གྱིས་རྩྭ་ཟོས་པ་ནང་བཞིན་བྱས་མེད་ན་བོན་གཞུང་ལ་མཆིས་པའི་རྟག་གཟིགས་དང་ཞང་ཞུང་གི་སྐད་ཤན་སྦྱར་དུ་ཡོད་པའི་སྲིད་པའི་མཛོད་ཕུག་དང་འབྲེལ་བ་སོགས་གཞུང་ཆེན་དང་མདོ་རྒྱུད་དེ་དག་གཅིག་པོས་མཚོན་ནུས། ལྷག་དོན་ཁྱོད་ཀྱིས་དུས་རབས་བཅུ་པ་ཡན་ཆོད་ནས་ཡོད་ངེས་པའི་དཔེ་རྙིང་སྟོན་གྱི་མེད་ཚུལ་བཤད་འདུག་ཀྱང༌། ངས་ཁྱོད་ལ་མཚམས་འདི་ནས་དྲི་བ་ཞིག་འདྲི་སྟེ། ཁྱོད་ཀྱིས་དེ་སྔོན་ཡོད་མེད་ཀྱི་ཐད་ལ་བོན་གཞུང་ཤོག་ལྷེ་གཅིག་ཙམ་ལའང་བལྟས་ཨེ་མྱངས། གལ་སྲིད་མེད་ན་ད་ལྟ་བོན་གཞུང་ལ་ཡོད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བསྟན་པའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་སོགས་ཀྱིས་མཚོན་མདོ་ཕྱོགས་ཀྱི་བོན་དང༌། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱིས་མཚོན་གསང་སྔགས་སྒྱུར་ལམ་གྱི་བོན། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིས་མཚོན་གྲོལ་ལམ་བླ་མེད་ཀྱི་བོན་སྡེ་རྣམས་དུས་རབས་བཅུ་པ་ཙམ་མ་ཟད་གངས་ཅན་ལྗོངས་སུ་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ཏེ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་གཤེན་བསྟན་པ་མཉམ་ཆགས་ནས་ད་བར་ཁྱོད་ལྟ་བུའི་གྲུབ་མཐའི་ཆགས་སྡང་གིས་མྱོས་པའི་ལྟ་ལོག་དམག་ཚོགས་ཀྱི་གཡུལ་ངོ་དུ་མ་ལས་རྒྱལ་ཏེ་འཛམ་གླིང་སྟེང་གི་སྐྱེ་བོ་འབུམ་ཕྲག་མང་པོས་ཉམས་ལེན་དང་སྦྱོང་བརྩོན་བྱེད་བཞིན་ཡོད་པས་གོ་བར་གྱིས། ཨ་ལ་ལ། ཨེ་མ་ཧོ།
ཡང་ཁྱོད་ཀྱིས། (དེ་ལ་དོགས་པ་སྐྱེས་ས་གཙོ་བོ་དེ་སྒྲོ་བ་ལ་ཁྲོ་ཆུས་རྒྱས་བཏབ་པ་དེ་རེད། ་་་་་་དེ་ལྟ་བུའི་ཚ་ཚད་མཐོན་པོ་ཅན་གྱི་ཁྲོ་ཞུན་མ་དེ་ཀོ་བས་བཟོས་པའི་སྒྲོ་བའི་སྟེང་དུ་བླུགས་སྐབས་ཀོ་བ་ཚིག་ནས་བུ་ག་ཕུག་འགྲོ་བ་མ་གཏོགས་རྒྱ་འདེབས་ཚུལ་ཞིག་ག་ལ་ཡོད། སྤྱིར་བཏང་འདི་དང་འདི་ལྟ་བུའི་དོན་གནད་ཆུང་ཚགས་རེར་ཡང་ལེགས་པར་དཔྱད་ནུས་ན་བདེན་རྫུན་ལྷང་ལ་ཕུད་ནུས་པ་རེ་ཡོང་གིན་འདུག) ཅེས་ཁྱོད་ཀྱིས་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ཅ་ཏི་དམར་པོ་ནས་གཏེར་སྟོན་པའི་དཔེ་སྒྲོ་དེ་དག་གི་སྐོར་ཞིག་ཡིན་ཁུལ་རེད། ཧ་ཧ་་་་་་་་ཁྱོད་ཀྱིས་ཚིག་དེ་ཙམ་ཞིག་ལ་གོ་བ་མ་ལོན་ན་དགག་སྒྲུབ་ཇི་ལྟར་བྱ། མ་གཞི་ངས་ཁྱོད་ཀྱི་འཆལ་གཏམ་འདི་གཅིག་པུས་ཁྱོད་ལ་གཞུང་ལུགས་ལ་དཔྱད་རྗོད་ནུས་པའི་རིན་ཐང་ཞིག་ཡོད་མེད་ཤེས་སོང་མོད། འོན་ཀྱང་ཁྱོད་ལ་སྙིང་རྗེའི་ཚུལ་དུ་གོང་གི་སྒྲོ་བ་ལ་ཁྲོ་ཆུའི་རྒྱས་བཏབས་ཞེས་པ་ནི་དཔེ་སྒྲོམ་གྱི་སྒོ་ལྕགས་ལ་ཁྲོ་ཆུའི་ཐེལ་ཙེ་བརྒྱབས་པའི་དོན་ལས་ཀོ་བའི་དཔེ་སྒྲོམ་ལ་ཁྲོ་ཆུ་ཚ་བོ་བླུག་པའི་དོན་ཞིག་གཏན་ནས་མིན། དཔེར་ན་འདི་དག་ནི་ད་ལྟའི་མཐོང་ཐོས་སུ་གྱུར་པའི་ཚོང་ཁང་དང་བཟོ་གྲྭ་གང་ཞིག་གིས་ཁྲིམས་འགལ་གྱི་བྱ་བ་གཉེར་ཚེ་གཞུང་གི་ལས་འཛིན་ཉེན་རྟོག་པས་སྒོ་ལྕགས་ལ་ཐེལ་ཙེ་བཏུག་པ་ལས་སྒོ་ཐོག་ལ་ལཱ་ཆ་མི་བླུག་པ་ལྟ་བུ་རེད། ད་ནི་བོན་པོ་ཚང་གི་ལོ་རྒྱུས་དེ་དག་བདེན་རྫུན་ལྷང་ལ་བུད་པ་ཕར་ཞོག ང་གངས་ཅན་གྱི་བུ་ཕྲུག་ཞིག་གིས་ཕ་སྐད་གཙང་མ་འདི་ཤེས་པ་གཅིག་པུས་ཁྱོད་ཀྱི་ལོག་འགྲེལ་གྱི་ཐན་སྐད་དེ་དག་བསྐལ་པའི་མུན་ཁྲོད་དུ་བསྐྲད་ཨེ་སོང༌།
ཡང་ཁྱོད་ཀྱིས། (གཤེན་རབ་ཟེར་བ་འདི་སྐྱེས་པའི་ཡུལ་གང་ཡིན་ངོས་འཛིན་བྱེད་ཐུབ་ཀྱིན་མེད་པ་རེད། སྟག་གཟིག་འོལ་མོ་ལུང་རིང་ངམ་རྟགས་གཟིགས་འོམ་མོ་ལུང་རིང་ནས་འཁྲུངས་པའི་བཤད་སྒྲོས་ཤིག་ཡོད་མོད་སྟག་གཟིག་གམ་རྟགས་གཟིགས་འོལ་མོ་ལུང་རིང་དེ་གང་ཞིག་ན་ཡོད་མེད་སུས་ཀྱང་ངོས་འཛིན་བྱེད་ཐུབ་ཀྱིན་མེད།)
ཅེས་དང ཡང༌། (ལོང་བའི་འཁར་བ་བཞིན་འཛུགས་ས་ཏན་ཏན་ཞིག་མ་རྙེད་སྐབས་འཇིག་རྟེན་འདི་ལས་འདས་པའི་དག་པའི་ཞིང་ཁམས་ཡིན་ཚུལ་སོགས་གོ་སྐབས་གང་བདེ་ཙམ་མ་གཏོགས་ལོ་རྒྱུས་སུ་འགོད་འོས་པའི་ངོས་འཛིན་གཅིག་གྱུར་དང་ངེས་ཤེས་སྐྱེས་པའི་བཤད་པ་སུས་ཀྱང་བྱེད་ཐུབ་ཀྱིན་མེད།)
ཅེས་པ་སོགས། ཁྱོད་ཀྱིས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཆེ་སྲིད་པའི་ཁམས་འདིར་སྐུ་འཁྲུངས་མེད་པའི་སྒྲུབ་བྱེད་ཡིན་ཁུལ་དུ་བཤད་པ་རེད། འདི་ལྟར་ཁྱོད་ཀྱིས་ཁ་ཕོ་ཆེན་པོའི་སུས་ཀྱང་ངོས་འཛིན་བྱེད་ཐུབ་ཀྱིན་མེད་ཅེས་པར། ངས་ཁྱོད་ལ་འདི་ལྟར་འདྲི། སུས་ཀྱང་ཞེས་པའི་སུ་སྒྲ་དེ་གང་ལ་འཇུག ཁྱོད་ལྟ་བུའི་གྲུབ་མཐའི་གནད་དོན་མི་ཤེས་པར་ཆགས་སྡང་དང་ཕྱོགས་རིས་ཁོ་ནས་བཅིང་བའི་མི་ཞིག་ལ་ཟེར་ན། བསྐལ་པའི་བར་དུ་མ་ཁྱབ། དེ་ལས་ལྡོག་སྟེ་རྟག་གཟིགས་འོལ་མོ་ལུང་རིང་བོན་ཅན། སྐྱེ་བོ་སུ་ཞིག་གིས་ངོས་འཛིན་ཐུབ་པ་ཐལ། གཡུང་དྲུང་བོན་ལ་མོས་པའི་འཛམ་གླིང་གི་སྐྱེ་བོ་འབུམ་ཕྲག་མང་པོས་དེ་ཉིད་བདེ་བ་ཅན་གྱི་ཞིང་མཆོག་ཞིག་ཏུ་ངོས་འཛིན་པའི་ཕྱིར། གལ་སྲིད་ཁྱོད་ཀྱིས་འཛམ་གླིང་གི་ས་སྒང་འདིའི་སྟེང་དུ་རྒྱུ་ལུས་གདོས་བཅས་ཀྱི་མིས་མི་རྙེད་པའི་རྒྱུ་མཚན་གྱིས་བཤད་ཀྱི་ཡོད་ཟེར་ན། འོ་ན་བྱང་ཤམ་བྷ་དང་ནུབ་བདེ་བ་ཅན་གྱི་ཞིང་སོགས་སངས་རྒྱས་ཀྱི་ཞིང་ཁམས་ཡོད་ཅོག་སུས་ཀྱང་ངོས་འཛིན་མི་ཐུབ་པ་ཐལ། ས་སྒང་འདིའི་སྟེང་དུ་གདོས་བཅས་ཀྱི་མི་སུས་ཀྱང་མི་རྙེད་པའི་ཕྱིར། དེ་ལས་ཁྱོད་ཀྱི་མི་འདོད་པའི་ཟུར་ཟ་ལྟར་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་འཇིག་རྟེན་འདི་ལས་འདས་པའི་དག་པའི་ཞིང་མཆོག་འོལ་མོ་ལུང་རིང་ཞེས་རྒྱུ་ལུས་ཀྱི་གདོས་བཅས་ཁུར་ནས་འགྲོ་ས་མེད་པའི་སངས་རྒྱས་ཀྱི་ཞིང་ཁམས་ཞིག་ཏུ་སྐྱེ་བོ་མི་ཡི་གཟུགས་སུ་ཚུལ་བསྟན་པ་ཡིན་པ་དེ་ཤེས་པར་གྱིས་ཤིག ད་དུང་ཁྱོད་ཀྱིས་རྟག་གཟིགས་འོལ་མོ་ལུང་རིང་དེ་འདོད་མཁན་མི་འདྲ་བ་མང་བས་ལོ་རྒྱུས་སུ་འགོད་མི་ལོ་ཟེར་ན། འོ་ན་མཉམ་མེད་ཟས་གཙང་སྲས་ཀྱི་འཁྲུངས་འདས་ཀྱི་ལོ་ཚིག་དག་ལོ་རྒྱུས་སུ་འགོད་མི་འོས་པར་འགྱུར་ཏེ་འདོད་མཁན་མི་འདྲ་བ་མང་བས་སོ། དེ་ལྟ་བུའི་དཔེ་སྟོན་རྫོགས་མེད་ཡིན་པས་ཨ་ཁ་ཁ་ད་ནི་ཁྱོད་ཀྱི་རིགས་པ་དེ་ནི་ཅི་འདྲའི་ནུས་མེད་ཅིག་ཏུ་གྱུར་སོང༌།
ཡང་ཁྱོད་ཀྱི་ལོག་རྟོག་གཞན་ཞིག་སྟེ། (མིའི་རྣམ་པར་བྱོན་པའི་གཤེན་རབ་ཅིག་ཡིན་ཚེ་ངེས་པར་དུ་ཡང་འཛམ་གླིང་འདི་ཆ་ཤས་སུ་གྱུར་པའི་མིའི་ཡུལ་དུ་སྐྱེས་དགོས་པ་ནི་གླིང་འདིའི་གདུལ་བྱ་མིའི་རིགས་སུ་གྱུར་པ་རྣམས་འདུལ་དགོས་པས་སོ།) ཞེས་པར། ཁྱོད་ཀྱིས་འདོད་པ་ལྟར་གླིང་དེའི་གདུལ་བྱ་རྣམས་འདུལ་དགོས་ཚེ་གླིང་དེར་སྐྱེ་དགོས་ན་སྟོན་པ་ཤཀྱ་ཐུབ་པ་བོན་ཅན། ལྷོ་གླིང་ཨ་མི་རི་ཁ་ལ་སྐྱེས་པ་ཐལ། གླིང་དེའི་གདུལ་བྱ་མི་ཡི་རིགས་སུ་གྱུར་པ་རྣམས་འདུལ་དགོས་པའི་ཕྱིར། དེ་བཞིན་སློབ་དཔོན་ཀླུ་སྒྲུབ་བོན་ཅན། ཀླུ་ཡུལ་དུ་སྐུ་སྐྱེ་བ་བཞེས་པ་ཐལ། ཀླུ་ཡུལ་གྱི་གདུལ་བྱ་འདུལ་དགོས་པའི་ཕྱིར། དེ་ལྟ་བུའི་རིགས་པ་གྲངས་མེད་ཡོད་པས་ད་ནི་ཁྱོད་ཀྱི་རང་མཚང་གི་བྱ་སྤུ་སྦར་གང་དེ་ངའི་རིགས་པའི་རླུང་གཤོག་གིས་བཏོར་སོང་བར་ལྟོས་ཤིག
ཡང་ཁྱོད་ཀྱིས། (དེ་བཞིན་ཚེ་ལོ་ག་ཚོད་ཙམ་འཚོ་སྡོད་བྱས་ཡོད་མེད་སྐོར་ཡང་མིའི་རྣམ་པར་བྱོན་ཡོད་ན་མིའི་ཚེ་ཚད་དང་མཐུན་པ་ཞིག་ཡོད་དགོས་ཀྱང་མི་ལོ་ཁྲི་ལ་བཞུགས་ཚུལ་དང་སྟོང་ལ་བཞུགས་ཚུལ་སོགས་ལས་ཁུངས་སྐྱེལ་ཐུབ་པ་ཞིག་བཤད་ཐུབ་མེད།) །ཅེས་པར། ངས་ཁྱོད་ལ་རིམ་བཞིན་འདྲི། གལ་སྲིད་སྐྱེས་བུ་ཞིག་མིའི་གཟུགས་སུ་རྣམ་པར་བྱོན་ན་དེའི་ཚེ་ཚད་ཀྱང་ད་ལྟའི་མིའི་ཚེ་ཚད་དང་མཉམ་དགོས་སམ། དེ་ལྟར་ན་སློབ་དཔོན་ཀླུ་སྒྲུབ་ཀྱང་མིའི་གཟུགས་སུ་རྣམ་པར་མ་བྱོན་པར་ཐལ་ཏེ། ད་ལྟའི་མི་དང་མི་འདྲ་བའི་ཕྱིར། དེ་ཡང་ཡིན་ཏེ། སློབ་དཔོན་འདི་ཉིད་དགུང་ལོ་དྲུག་བརྒྱ་བཞུགས་ཟེར་བ་དང་སུམ་བརྒྱ་བཞུགས་ཟེར་བ་མི་འདྲ་གཉིས་ཡོད་པས་སོ། ད་ནི་ཁྱོད་ཀྱིས་སློབ་དཔོན་འདི་ཉིད་ཀྱང་འཛམ་གླིང་འདིར་སྐུ་སྐྱེ་བ་བཞེས་ཡོད་པ་ཁུངས་སྐྱེལ་ཐུབ་པ་ཞིག་མི་འདུག་ཟེར་གྱི་ཡིན་ནམ། ཨ་ཁ་ཁ། སྙིང་རེ་རྗེ།
ཡང་ཁྱོད་ཀྱིས། (མདོ་དྲི་མེད་གཟི་བརྗིད་འདི་ལས་གཤེན་རབ་ཀྱི་ལོ་རྒྱུས་ཡིན་པ་སྐད་མང་པོ་ཞིག་ཡོད་མོད་དེའི་ནང་གི་གཤེན་རབ་འཁྲུངས་ཡུལ་སྐོར་བཤད་སྐབས་ཡུལ་དེར་གླང་ཆེན་དང་ཤིང་ཏ་ལའི་ལོ་མ་དང་མེ་ཏོག་པདྨ་སྐྱེས་ཡོད་ཚུལ་ཚད་མཐོ་བའི་ཡུལ་མ་གཏོགས་མེད་པའི་རྩི་ཤིང་སྲོག་ཆགས་མང་པོ་ཡོད་སྐོར་བཤད་པས་བོད་མཐོ་སྒང་ནས་འཁྲུངས་པའི་རྫུན་རྐུབ་ཕུད་ཡོད་ལ། དེ་བཞིན་ཡུལ་དེར་རྒྱལ་རིགས་སོགས་རིགས་བཞིའི་དབྱེ་བ་ཡོད་སྐད་སོགས་ལས་རྒྱ་གར་ཡིན་མདོག་བསྟན་ཡོད་ཀྱང་བོན་རྒྱ་གར་ནས་བྱུང་བར་སུས་ཀྱང་འདོད་ཀྱིན་མེད།) ཅེས། འདི་ནི་ཁྱོད་ཀྱིས་བདག་ཅག་གི་སྟོན་པའི་རྣམ་ཐར་རྒྱས་པ་མཛད་མདོ་གཟི་བརྗིད་དེ་ཉིད་ལོ་རྒྱུས་ཡང་དག་པ་ཞིག་མིན་ཁུལ་གྱི་ཉོབ་བཤད་ཅིག་རེད། རྣམ་ཐར་འདིའི་ནང་དུ་གཤེན་རབ་མཐོ་སྒང་དུ་སྐུ་འཁྲུངས་པའི་ལོ་རྒྱུས་མེད་ལ། དེ་མིན་བོན་གྱི་ལོ་རྒྱུས་ཁག་གཞན་ལའང་གཤེན་རབ་མཐོ་སྒང་དུ་སྐྱེ་བ་བཞེས་པའི་གཏམ་རྒྱུད་ཟུར་ཙམ་ཞིག་ཀྱང་དེ་བས་གླེང་མེད་པས་དེས་ན་མཐོ་སྒང་དུ་འཁྲུངས་པའི་རྫུན་རྐུབ་ཁྱོད་ཀྱིས་ཇི་ལྟར་འཕུད། གཤེན་རབ་འཁྲུངས་སའི་ཡུལ་འོལ་མོ་ལུང་རིང་རྒྱ་གར་ཡིན་པ་རང་རེ་བོན་པོའི་ལུགས་ལ་བཤད་གྲོས་ཟུར་ཙམ་ཡང་མེད་ཀྱང༌། ཁྱོད་ཀྱིས་སྐབས་འདིར་རང་ཉིད་རྣམ་རྟོག་གི་དྲྭ་བར་བཅུག་པ་ནི་ཁྱོད་ཤིན་ཏུ་ནས་རྨོངས། འདིར་བཤད་དགོས་པའི་གནད་ཅིག་སྟེ། ཁྱོད་ཀྱིས་བོན་རྒྱ་གར་ནས་བྱུང་བར་སུས་ཀྱང་འདོད་ཀྱི་མེད། ཅེས་པ་ནི་མ་མཐོང་ཕྱིར་ན་མེད་པར་སྨྲ་བའི་རྟུལ་ཞུགས་ཁོ་ན་ཙམ་ལས། བོན་གཞུང་ལ་ཡོད་པའི་རྒྱ་གར་གྱི་བོན་སྐོར་ཞེས་པོད་དུ་མ་ཞིག་གི་དབུར་ད་ལྟའང་རྒྱ་གར་སྐད་རང་འཇགས་གནས་ཡོད་པ་འདི་དག་ཁྱོད་ཀྱིས་ཤེས་པར་གྱིས་ཤིག
ལར་ཁྱོད་ཀྱི་ཉོབ་བཤད་བྱས་ཚད་ལ་གསལ་བཤད་བྱ་མ་འདོད། རྒྱུ་མཚན་ནི་བོན་གཞུང་ལ་ཟུར་ཙམ་ཡང་མེད་པའི་མུ་ཅོར་ཤ་སྟག་ལ་སོང་དགོས་པ་ཆེར་མ་མཐོང༌ངོ་།། །།

(འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། རྩོམ་འདི་ལོ་སྔོན་མར་བྲིས་པ་ཞིག་ཡིན་ལ་ལྷག་དོན་ཡུལ་དུས་དང་འཚམས་པའི་བཟོ་བཅོས་ཕྲན་བུ་རེ་བྱས་ཡོད། གལ་སྲིད་རྩོམ་ཐུང་འདིས་ཧི་བོན་ཟིན་བྲིས་ཀྱི་སྒྲིགས་ལམ་འགལ་ཡོད་ཚེ་ཟིན་བྲིས་གཙོ་སྐྱོང་བ་ལགས་ཀྱིས་ཕྲན་གྱི་མྱུར་འཕྲིན་ནང་དུ་བཀའ་རྒྱ་གནང་རོགས་དེ་མུར་བདག་གིས་ཕྱིར་བསྡུ་བྱ་མཐུས།)
Re:སྒྲོ་བ་ཁྲོ་ཆུས་རྒྱ་ཅན་བརྐུས་པ་ལས་བྱུང་བའི་བོན་གྱི་བཀའ་བསྟན)་ཞེས་པའི་བརྒལ་ལན། | 2011/8/21 18:21:54
སྐུ་མགྲོན་K52Riv(སྐུ་མགྲོན)རང་ཕྱོགས་རང་གིས་ལེགས་འདེམས་བྱེད་པ་ལ་ལག་བྱང་འདུག
ངོ་ཚ་ཀྱི་མི་འདུག་གམ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
གོང་གི་དྲ་གྲོགས་ཁྱེད་རང་ངའི་ཟིན་བྲིས་སུ་ཕེབས་པ་ཙམ་གྱིས་འགྲིག་སོང་ནི་རེད།
རྩོམ་པ་པོ།:སྐུ་མགྲོན་K52Riv(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྒྲོ་བ་ཁྲོ་ཆུས་རྒྱ་ཅན་བརྐུས་པ་ལས་བྱུང་བའི་བོན་གྱི་བཀའ་བསྟན)་ཞེས་པའི་བརྒལ་ལན། | 2011/8/13 5:11:58
woserགོང་གི་ལྷན་རྒྱས་ནས་བདག་གི་རྩོམ་ཐུང་འདི་དག་ལེགས་འདེམས་གནང་བར་བཀའ་དྲིན་ཆེ་ཞུ། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.