འདིར་ཁོ་བོས་ད་ལན་ཕོ་མཆོག་མོ་དམན་གྱི་ལྟ་བར་རྩོད་པ་བྱེད་ཀྱིན་མེད་ལ། སྐྱེད་མའི་ཐོབ་ཐང་ཡང་དེ་བས་གླེང་བཞིན་མེད། ཁོ་བོས་ནི་སྤྱིར་བཏང་གི་ཐ་སྙད་ཅིག་ལ་དཔྱོད་བཞིན་ཡོད། འཛམ་གླིང་འདིར་མིའི་འགྲོ་བ་བྱུང་བ་ནས་ཕོ་མོའི་ཐ་སྙད་ནས་རིམ་བཞིན། སྐྱེས་པ་དང་བུད་མེད། ཁྱོ་ག་དང་ཆུང་མ། བུ་དང་བུ་མོ། སྟག་ཤར་དང་སྨན་ཆུང་སོགས་ནས་སྤྱི་ཚོགས་ཀྱི་ལྟ་བ་དང་རང་བཞིན་གྱི་གནས་བབས་སོགས་ཀྱི་དབང་གིས་སྐྱེས་པ་དང་སྐྱེས་དམན། ནག་མོ་སོགས་སྒྲ་ཇི་སྙེད་ཅིག་འབོད་ཀྱིན་ཡོད།
ལྷག་པར་ཡ་མཚན་པ་ཞིག་ལ་ད་བར་མཁས་པ་དང་བླ་སྤྲུལ་མང་དག་ཅིག་གིས་“བུད་མེད་”(བུ་མེད་ཟེར་དགོས་པ་མིན་ནམ་སྙམ། རྒྱུ་མཚན་གཤམ་ནས་འཆད་རྒྱུ་ཡིན།)ཅེས་པའི་ཐ་སྙད་ལ་ཆོས་ཕྱོགས་དང་འགྲོ་བའི་རང་གཤིས་སོགས་ལ་སྦྱར་ཏེ་བཟང་འགྲེལ་དང་ངན་འགྲེལ་མང་པོ་ཞིག་བརྒྱབ་ཡོད་ཀྱང་“སྐྱེས་པ་”ཞེས་པའི་ཐ་སྙད་འདི་གླེང་མཁན་ཆེར་བྱུང་མེད། གོང་བཤད་ལྟར་“བུད་མེད་”ཅེས་པའི་ཐ་སྙད་ལ་གཞན་སྡེའི་མཁས་པ་ཚོ་ཞལ་གཅིག་མཐུན་བྱུང་མེད་པའི་རྒྱུ་མཚན་ཡང་སོ་སོའི་རིག་སྟོབས་ཁོ་ནར་བརྟེན་ཏེ་འགྲེལ་གྱིན་ཡོད་པས་རེད། འོན་ཀྱང་མང་ཕྱོགས་ཞིག་གིས་“བུད་མེད་”ཅེས་པ་ནི་མཚན་མ་ཕྱི་ལ་བུད་མེད་པས་ན་བུད་མེད་ཅེས་འབོད་ཀྱི་ཡོད་པར་འཐད་ཀྱིན་ཡོད།
མཁས་དབང་ས་རཱཌ་ཅནྜར་དྷ་ས་(Sarat Chndra Das)ཡིས་༼ཚིག་གི་གཏེར་མཛོད༽(༡༩༠༢ ལོར་བྲིས)ནང་དུ་སྔ་རབས་པའི་འདོད་ཚུལ་ཡིན་པའི་སྐོར་ལས་འདི་འདྲ་ཞིག་བྲིས་ཡོད། “མཚན་མ་ཕྱི་ལ་མ་བུད་པས་བུད་མེད་ཅེས་པ་ཡིན་”ཞེས་དང་། ཡང་དེ་ཉིིད་ལས་ཁོང་རང་ཉིད་ཀྱི་འདོད་ཚུལ་ཡིན་ནམ་ཡང་ན་གཞན་ཞིག་ནས་ལུང་དྲངས་པ་ཡིན་ཁ་གསལ་མེད་ཀྱང་། “མཚན་མོ་ཁང་པའི་ཕྱི་རོལ་དུ་བུད་མི་ཐུབ་པས་བུད་མེད་” ཅེས་བཤད་ཀྱི་ཡོད་སོགས་དགོད་བྲོ་བའི་འགྲེལ་སྟངས་ཀྱང་སྣ་ཚོགས་འདུག
ཆོས་ཕྱོགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་པ་རྣམས་ཀྱིས་“བུད་མེད་ཟེར་བ་ནི་སྐྱེས་པའི་གོང་ལ་བུད་དུ་མེད་པའམ་མཆོག་གྱུར་འཕགས་པར་བུད་དུ་མེད་པས་བུད་མེད་ཟེར་བ་ཡིན་”སོགས་བཤད་ཀྱི་འདུག་མོད།
འོན་ཀྱང་རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་སྟོན་པ་ཐུགས་རྗེ་ཅན་གྱིས་ཕོ་མོ་རེས་སུ་མ་ཆད་པར་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྟན་པའི་དོན་མ་ནོར་བར་ཉམས་སུ་ལེན་ནུས་ན་མཆོག་གྱུར་འཕགས་པར་སྐྱེ་བར་ཁྱད་མེད་གསུངས་ཡོད་ལ། ད་དུང་སྐལ་བཟང་གི་མདོ་སོགས་ལས། “གཡུང་དྲུང་སེམས་དཔའ་དང་“སེམས་མ”ཁྲི་དྲུག་སྟོང་དང་ཐབས་ཅིག་ཏུ་བཞུགས་སོ།” གསུངས་པ་སོགས་ཀྱིས་ཀྱང་གྲུབ། དེ་དང་འདྲ་བར་རང་རེའི་མཁས་པ་རྣམས་ཀྱིས་“བུད་མེད་” ཅེས་པའི་ཐ་སྙད་སྐོར་ལ་ད་བར་རྩོད་པ་གནང་མེད་ལ་འགྲེལ་མཁན་ཡང་དེ་ཙམ་བྱུང་མི་འདུག་པས་ཁོ་བོའི་གཤམ་ནས་བོན་གཞུང་ལས་གསུངས་པའི་བུད་མེད་སོགས་ཀྱི་ཐ་སྙད་འགའ་ཞིག་གླེང་གི་ཡིན། སྤྱིར་བློ་གཟུ་བོར་གནས་པའི་སྒོ་ནས་བོད་ཀྱི་ཐ་སྙད་རྙིང་པ་རྣམས་འགྲེལ་དགོས་ན་བོན་གཞུང་ལ་མི་བཏུག་ཐབས་མེད་རེད། བོན་གཞུང་ལས་ཇི་ལྟར་གསུངས་པ་རྣམས་ཟུར་དུ་དགར་ཏེ་བོད་གངས་ཅན་པའི་ལོ་རབས་གླེང་པའི་གླེགས་བམ་བརྒྱ་ཕྲག་ཁ་བའི་རྡུལ་ལྟར་བརྩིགས་ཀྱང་བདེན་པའི་ཡིག་ཚང་དུ་ནམ་ཡང་གནས་མི་སྲིད། རྒྱུ་མཚན་ནི། བདེན་པ་ནི་ནམ་ཡང་བདེན་པ་དང་། རྫུན་ཁུག་ནི་ནམ་ཞིག་རལ་རྒྱུ་ལས་འོས་མེད།
(སྲིད་པ་ལས་ཀྱི་གཏིང་བཟློག་གི་རྩ་རྒྱུད་ཉི་ཟེར་སྒྲོན་མ) ཡོངས་གྲགས་“རྩ་རྒྱུད་ཉི་ཟེར་སྒྲོན་མ”ཟེར་ཞིང་། གཞུང་འདི་ཉིད་ནི་སྲིད་པ་ཆགས་སྟངས་ནས་འགྲོ་བ་གྲོལ་ཚུལ། བསྐལ་པ་རྫོགས་ལྡན་ནས་བརྒྱ་པའི་གཤེན་རབ་བར་གྱི་བྱུང་བ། རྟག་གཟིགས་རྒྱ་ཞང་སོགས་ནས་ཁ་བ་གངས་པའི་གནའ་རབས་བོན་བསྟན་ཀྱི་བྱུང་བ་རྗོད་པ་སོགས་ཆེས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཁུངས་ལྡན་དཔེ་རྙིང་ཞིག་ཡིན། གཞུང་འདི་ཉིད་ལས་སྲིད་པ་མི་ཡི་རིགས་གྲོལ་ཚུལ་སྐབས་སུ་འདི་ལྟར་འཆད་ཡོད། “ཁམས་གསུམ་འཁོར་བའི་སེམས་ཅན་ལ། །ཐར་པ་བས་ཀྱང་ལྟུང་བ་མང་། །འབྲས་ཟོས་ཉོན་མོངས་ཆགས་པ་སྤྱད། །མངལ་སྐྱེས་འབྲས་བུ་བུ་རུ་བྱུང་། །ཕྱིར་ལ་བུད་པས་བུ་ཞེས་བྱ། །བུའི (བུས) ཨ་ཕ་ཨ་མ་སྨྲས། །ཕ་མ་རྒྱལ་པོས་འབྲས་བགོས་ཚེ། །ཅིག་གི་(གཅིག་གིས་)རྐུས་(བརྐུས་)ཏེ་ཅིག་གི་(གཅིག་གིས་)བལྟམས། །རྒྱལ་པོའི་(པོས་)ཞལ་ལྕེ་ཁྲིམས་བཅད་ན། །ངས་མ་རྐུས་(བརྐུས)ཞེན་(ཞེས་)རྫུན་སྙོན་བྱས། །བདག་པོས་ཞེ་སྡང་མཚོན་གཡུགས་རྒྱབ་(བརྒྱབ)། །རྐུན་མ་བསད་དེ་རོ་ཡང་བྱུང་། །མ་དེས་བུ་དེ་མེད་ཅེས་ངུས། །ཕ་དེས་ད་རུང་སྐྱེའོ་ཟེར། །བུད་མེད་སྐྱེས་པ་བྱ་བར་ཐོགས། །ཞེས་གསུངས་པར་བརྟག་ན་གོང་གི་ལུང་ཚིག་ལྟར་མ་དེས་བུ་དེ་མེད་ཅེས་ངུས་པས་“བུད་མེད་”ཅེས་བཏགས་ན། རང་ལུགས་ལ་“བུད་མེད་”མིན་པར་“བུ་མེད་” ཅེས་འབོད་དགོས་པར་སྣང་། རྒྱུ་མཚན་ནི་ཨ་མས་“བུ་དེ་མེད་”ཅེས་བཤད་ནས་དེ་ལྟར་ཐོགས་པས་སོ།
གང་ལྟར་རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་གོང་གི་ཐ་སྙད་དེ་དག་ཁུངས་ལྡན་དང་རྒྱུ་མཚན་ཅན་ཤ་སྟག་ཡིན་པར་སོང་། “བུ་མེད”་ཅེས་པའི་ཐ་སྙད་ལ་སྐྱེ་བ་མཆོག་དམན་གྱི་སྙད་འདོགས་འབྲེལ་བའི་ཚིག་འགྲེལ་དང་དོན་འགྲེལ། གཟུགས་པོའི་ཆ་ཤས་ཀྱིས་མཚོན་པའི་མིང་བརྡ་སོགས་གང་ཡང་མིན་པར་དེ་ནི་སྲིད་པ་གྲོལ་ཚུལ་གྱི་སྐབས་ནས་རྐྱེན་དབང་ཞིག་གིས་ཐོགས་པ་རེད་འདུག་ཅེས་ཞུ་འདོད་བྱུང་། སྤྱིར་ཁོ་བོས་དེ་སྔོན་རྩོམ་ཡིག་ཁག་ཏུ་བུད་མེད་ལ་“བུ་མེད་”ཅེས་བྲིས་པ་ཉུང་ཉུང་མིན་ཡང་འདི་ཉིད་ཡོངས་གྲགས་མིན་པར་བརྟེན་རང་རེའི་མཁས་དབང་ཚོས་དག་བཅོས་ཁོ་ནར་གནང་བཞིན་འདུག་པས་མང་གཙོ་སྨྲ་བའི་ལུགས་ལ་བྱ་ཐབས་བྲལ། གང་ལྟར་ཇི་ལྟར་འབྲི་མིན་ནི་སོ་སོའི་ཐུགས་འདོད་ཡིན་ནའང་ང་ཚོས་འདི་དག་མཁྱེན་དགོས་འདུག་ཅེས་ཞུ་བཞིན་ཡོད། །
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ ཉིན་ནུབ་གླིང་འབྲས་ལྡན་གྲོང་དུ་བྲིས།
- ཟིན་ཐོ་གོང་མ།མཁས་པས་ལ་བཤད་ལུང་བཤད་ཟེར་ན་འདི་འདྲ་རེད།
- ཟིན་ཐོ་འོག་མ།ཤོའམ་ཆོ་ལོའི་སྐོར་གླེང་བ།
ཏི་པོམ་ཐང་གིས་པེ་ཅིང་ནས་སྤྲེངས།