ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངའི་ཁར་“བོན་”དང་“བོན་པོ་”ཞེས་འཇགས་ན་འདོད།  | 2011/8/10 21:15:00

ཇི་ལྟར་གནད་ཆེ་བ་ཞིག་ལ་གཙིགས་བྱེད་པ་ནི་འཇིག་རྟེན་མིའི་སྤྱོད་ཚུལ་ཞིག་དང་རྒྱུད་རིམ་ཞིག་ད་དུང་དགོས་ངེས་ཞིག་ཀྱང་རེད། འདིར་རི་བོ་གངས་ཅན་པའི་ཕ་སྐད་དངས་མ་ཞིག་སྟེ་“བོན་“ དང་“ཆོས་“ ཞེས་པའི་ཐ་སྙད་གཉིས་པོ་སོ་སོའི་ལུགས་ལྟར་བེད་སྤྱོད་གནང་ན་གཙིགས་ཆེ་བར་མངོན།

“བོན་“ཞེས་པའི་ཐ་སྙད་འདི་ནམ་བྱུང་ཞེ་ན་དེང་དུས་དང་མཚུངས་པའི་ལོ་ཟླ་ཚེས་གྲངས་འདི་ཞེས་བཤད་ཕེར་དཀའ་ནའང་། ལོ་རྒྱུས་ཀྱི་རྒྱུད་རིམ་ཞིག་འཚོལ་ཚེ་འགྲོ་བའི་མགོན་པོ་དམུ་རྒྱལ་སྲས་བོད་གངས་ཅན་ཞིང་དུ་ཞབས་མ་བཅག་པའི་གོང་དུ་ཁ་བའི་ལྗོངས་འདིར་“བོན་“ཞེས་པའི་ཐ་སྙད་ཅིག་ཡོད་རབས་མཁས་པ་རྣམས་ཀྱིས་བཞད་ལ། ལུང་ལས་ཀྱང་། མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་“བོན་“པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག སོགས་ཀྱིས་བསྟན་མོད། འོན་ཀྱང་དེའི་གོང་དུ་ལོ་དུས་ནམ་ཞིག་སོགས་ཀྱི་གསལ་ཆ་མེད་པས་བོད་ཕ་མེས་ཀྱི་བརྡ་རྙིང་ཞིག་ཡིན་པ་ཐག་ཆོད་ཅེས་བཤད་པ་ལས་མ་འདས། བོན་གཞུང་ལས་“བོན་“ཞེས་པའི་གོ་དོན་འཆད་སྐབས། “བོན་“ནི་མི་གཡོ་སྐྱོབས་པའི་སྒྲ་སོགས་ཚད་མཐོ་པོར་འགྲེལ་ཡོད་ཀྱང་། འགྲོ་བའི་མགོན་པོ་དམུ་རྒྱལ་སྲས་པོ་བོད་དུ་མ་ཕེབས་གོང་དུ་ཡོད་པའི་ཐ་སྙད་“བོན་“ཞེས་པར་གོང་གི་བོན་གཞུང་གི་འགྲེལ་ལྟར་ཁས་ལེན་དཀའ་བ་ཞིག་རེད། རྒྱུ་མཚན་ནི་གོང་གི་“མི་གཡོ་སྐྱོབས་“ཞེས་པའི་མི་གཡོ་བ་ནི་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལས་མི་གཡོ་པའམ་ཡང་ན་འདི་ཉིད་ཉམས་སུ་བླང་ན་བསླུ་བ་མེད་པའམ་གཡོ་བ་མེད་པ་ཞིག་དང་། སྐྱོབས་ཞེས་པ་ནི་གནས་སྐབས་དང་མཐར་ཐུག་གཉིས་ལས་འདིར་མཐར་ཐུག་འཁོར་བ་ངན་སངས་ཀྱི་གནས་ནས་སྐྱོབས་ཞེས་པའི་སྒྲ་ཡིན་པས། སྟོན་པས་བོད་དུ་རྒྱུ་ཡི་བོན་ལུང་མ་བསྟན་པའི་གོང་དུ་ཡང་དག་པའི་བོན་ཞིག་མེད་པས་སོ། དེས་ན་ཚིག་དོན་འདིར་བོད་རང་གི་སྐད་དངས་མ་ཞིག་ལ་འགྲེལ་ཚེ་འདིའི་གོ་དོན་ནི། དོན་ཕྱིན་ཅི་མ་ལོག་པར་ཐོས་པ་དང་གོ་བར་བྱེད་པ་ཞིག་ལ་“བོན་“ཞེས་བརྗོད་པར་འདོད།

འཆད་བྱ་གཉིས་པ་“ཆོས་“ཞེས་པ་འདི་ཡིན། སངས་རྒྱས་ཤཀྱ་ཐུབ་ཀྱི་བསྟན་པའི་གཞུང་རྣམས་སུ་ལེགས་སྦྱར་གྱི་སྐད་དུ་རྡརྨ་ཞེས་འཛིན་པ་སྟེ་རང་གི་ངོ་འཛིན་པའམ་གནད་དུ་བཟུང་བ་ཞིག་ལ་གོ། བོན་པོའི་ལུགས་ལྟར་ཐ་སྙད་འདི་ཐོག་མར་སྟོན་པ་དམུ་རྒྱལ་སྲས་རང་གིས་གསུངས་ཡོད་པ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། ལྷ་བུ་དམ་པ་ཏོག་དཀར་ཁྱོད། འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི། རྒྱ་གར་ཝ་ར་ཎ་སི་རུ། རྒྱལ་པོ་ཤག་གི་སྲས་སུ་འཁྲུངས། ང་མིན་ཆོས་པོས་བསྒྱུར་བ་ཡི། བོན་ལ་འཆོས་པའི་ལོག་བསླུ་ལ། ཡང་དག་“ཆོས“་ཞེས་བྱ་བ་བསྒྱུར། ཞེས་པ་འདི་ཡིན་ལ་གོ་དོན་ཡང་ལོག་པའི་དོན་ཞིག་ཡང་དག་པའི་ལམ་དུ་བཅོས་པས་ན་“ཆོས“ ཞེས་འབོད་པར་འདོད། འོན་ཀྱང་བརྟག་དགོས་པ་ཞིག་སྟེ་དེ་སྐབས་སྟོན་པ་རང་གིས་བོད་སྐད་དེ་“ཆོས་“ ཞེས་ཞལ་ནས་གསུངས་ཡོད་མེད་དེ་རེད། གལ་སྲིད་གསུངས་མེད་པའི་དབང་དུ་བཏང་ན་ཕྱིས་སུ་བོད་ཀྱི་ལོ་ཙྭ་བ་རྣམས་ཀྱིས་རྟགས་གཟིགས་དང་ཞང་སྐད་སོགས་ལས་བསྒྱུར་རྗེས་བོད་དུ་བྱུང་བ་ཞིག་རེད།

ད་ནི་འདིར་སྐབས་བབ་གླེང་བར་བྱ་བ་ནི་འདི་གཉིས་བེད་སྤྱོད་སྟངས་ཀྱི་སྐོར་ལ་ཡིན། དད་དམ་སོགས་ཀྱིས་ཀུན་ནས་སློངས་པའི་སོ་སོའི་ལུགས་སྲོལ་ལྟར་ཐ་སྙད་དེ་དག་ཀྱང་དེ་བཞིན་བེད་སྤྱད་ན་དགེ་མཚན་ཆེ། བོན་རང་ལུགས་ལྟར་ “ཆོས“ཞེས་པའི་ཐ་སྙད་འདི་བེད་སྤྱོད་མི་གཏང་ན་འགྲིག རྒྱུ་མཚན་ནི་“བོན་“ཞེས་པའི་ཐ་སྙད་འདིས་གོ་མི་ཆོད་པ་ཞིག་ཕལ་ཆེར་མེད། གཉིས་ནས་ཕར་རོལ་པོས་“བོན་“ཞེས་པའི་ཐ་སྙད་འདི་ཉིད་མེད་པ་བཟོ་རྒྱུའི་བྱ་ངན་(འཇམ་མགོན་ཙོང་ཁ་པའི་ཀུན་གཞིའི་རྩ་བ་སོགས་སུ། སྔ་ཉིད་དང་ལྡན་ས་བོན་གྱི། དབང་གི་གནས་དོན་ལུས་སུ་ནི། སོགས་ལ་ཕྱིས་སུ་ས་བོན་ཞེས་པའི་ཐ་སྙད་དེ་དག་སོན་ཞེས་བཅོས་བསྒྱུར་ཡང་བྱས་ཡོད་སྐད། དེ་བཞིན་“བོན་“ཞེས་པའི་ཐ་སྙད་ཡོད་སར་“ཆོས་“ ཞེས་བཅུག་པ་ནི་གྲངས་མེད་རེད།)ལོ་རབས་ལོ་ཡི་འཕྲེང་བ་རིང་མོར་བརྒྱུད་དེ་ཡོད་བཞིན་དུ་ང་ཚོས་ཀྱང་དེ་བཞིན་འདི་ཉིད་གཙིགས་ཆེན་དུ་འཛིན་ཏེ་ཡོངས་གྲགས་ཀྱི་ཐ་སྙད་ཅིག་ཏུ་འགྱུར་ཐབས་བྱ་དགོས། ནམ་རྒྱུན་སྤྱི་ཚོགས་ནང་དུ་བཤད་སྒྲོས་ཞིག་ཏེ་“ཆོས་དགེ་བ་“ ཞེས་འབོད་སྲོལ་ཞིག་བྱུང་ཡོད། དོན་དུ་འདི་དག་དུས་རབས་བདུན་པའི་ཕྱིས་སུ་བྱུང་བ་ཤ་སྟག་ཡིན། འོན་ཀྱང་བོན་པོ་ཞིག་ཡིན་ན་“བོན་དགེ་བ“ ཞེས་འབོད་ན་འགྲིག སྤྱིར་“དགེ་བ་“ཞེས་པ་འདི་བོན་ཆོས་གཉིས་ཀར་ཁྱབ་ཆེ་བའི་ཐ་སྙད་ཅིག་ཡིན་པས་ཐུན་མོངས་ཀྱིས་བེད་སྤྱོད་དགོས་པའི་རྩོད་མེད་ཀྱི་ཚིག་ལེགས་པོ་ཞིག་རེད། དེ་དང་འདྲ་བར་“ཆོས་པ་རྣམ་དག་“ ལྟ་བུ་ཡང་“བོན་པོ་རྣམ་དག་“ ། “ཆོས་སྲིད་གཉིས་“ ལའང་ “བོན་སྲིད་གཉིས་“། “ཆོས་དགེ་“ ལའང་ “བོན་དགེ་“། “ཆོས་ཚོགས“ལའང་“བོན་ཚོགས་“(ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ད་ལྟ་བོན་ཚོགས་ཞེས་བེད་སྤྱོད་གཏོང་བཞིན་ཡོད་།) མཁས་པའི་“བརྩམས་ཆོས་“ ཟེར་བར་“བརྩམས་བོན་“། “ཆོས་ལུགས་བར་གྱི་རྙོག་ཟིང་“ ལྟ་བུར་“གྲུབ་མཐའི་བར་གྱི་རྙོག་ཟིང་“། འདིར་བཤད་མ་ཐག་པའི་“གྲུབ་མཐའ་“ ཞེས་པ་འདི་ཡོངས་གྲགས་ཁྱབ་ཆེ་བའི་ཐ་སྙད་ཅིག་རེད། ཆོས་ལུགས་སམ་བོན་ལུགས་དེ་མིན་གྱི་ཡི་ཤུ་གནམ་བདག་བ། ཁ་ཆེ་བ། ཇིའུ་ཤུ་སོགས་གང་གི་ལུགས་གང་ཡིན་ཀྱང་དབྱིན་ཚིག་ཏུ་ Religion (རེ་ལིའི་ཇོན་) ཞེས་པ་འདི་ཡིན་ལ། དེའི་གོ་དོན་ཡང་བློ་ཡི་ནུས་ཚོད་ཅིག་གིས་རུག་རུག་བྱས་ནས་མཐའ་བཞག་པ་ཞིག་ལ་གོ་བས་གང་ལྟར་ལུགས་ཚང་མར་གྲུབ་མཐའི་རྣམ་བཞག་ཇི་ལྟ་བ་བཞིན་ཡོད་མེད་དཔོག་དཀའ་ནའང་དོན་དུ་གྲུབ་མཐའ་ཞེས་འབོད་ན་སྟབས་བདེ་བ་ཞིག་རེད། དེ་བཞིན་བོན་པོའི་བླ་མ་ཞིག་གིས་“ཆོས་“ འཁྲིད་ཀྱིན་འདུག་ཅེས་པར་“བོན་“འཁྲིད་ཀྱིན་འདུག་ཅེས་འབོད་ན་འགྲིག དེ་དག་ལ་ངོ་ཚ་དོན་གང་ཡང་མེད། མི་ཞིག་“ཆོས་སྒོར་ཞུགས“ཞེས་པའི་དོད་དུ་“བོན་སྒོར་ཞུགས་“(ཁམས་ཁུལ་དུ་ཁྱེའུ་ཞིག་དང་ཐོག་བོན་ལ་བློ་སྦྱོང་སྐབས་བླ་མ་ག་གེ་མོ་ཞིག་གི་མདུན་ནས་“བོན་སྲ་“ཞུ་ཞེས་སྐྲ་ཕུད་འབུལ་རྒྱུ་རེད།) ཞེས་སོགས་སྤྱི་ཚོགས་ནང་དུ་རྒྱུན་འགྱམས་སོང་བའི་ཐ་སྙད་དེ་དང་འདྲ་བར་མང་པོ་ཡོད་པས་བློ་ལྡན་རྣམས་ཀྱིས་གང་ལ་གང་འདུལ་ཚུལ་དུ་ཁ་སྐོང་གནང་རོགས།

སྤྱིར་ངས་འདི་ལྟར་བཤད་ཚེ་འགའ་ཞིག་གིས་བོན་པོ་རྣམས་ཀྱིས་ཆོས་ཞེས་པའི་ཐ་སྙད་དེ་བེད་སྤྱོད་ན་སྐྱོན་གང་ཡོད། དེ་ནི་ཡོངས་གྲགས་ཀྱི་ཐ་སྙད་ཅིག་ཡིན་པས་སོ་སྙམ་སྲིད། དེས་ན་གཅིག་ནས་ཆོས་པ་ཚོས་ཁོ་ཚོའི་ཆོས་ལ་“བོན་” ཞེས་པའི་ཐ་སྙད་འདི་བེད་སྤྱོད་མི་གཏོང་རྒྱུ་མཚན་ཅི་ཞིག་རེད། བོད་ཀྱི་བརྡ་སྤྲོད་པའི་ཐ་སྙད་“ས་བོན་”ཙམ་ཡང་བསུབ་ཐབས་བྱས་དང་བྱེད་བཞིན་པའི་རྒྱུ་མཚན་ཅི་ཞིག་རེད། ཅི་ཡི་ཕྱིར་“ཆོས་”ཞེས་པའི་ཐ་སྙད་འདི་ཡོངས་གྲགས་ཞིག་ཏུ་ཆགས་པ་རེད། “བོན་”ཞེས་པའི་ཚིག་འདིས་མ་འདངས་བ་ཡིན་ནམ། མདོ་འབུམ་རྒྱུད་མཛོད་སོགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཞིག་ལ་“བོན་”ཞེས་པའི་ཚིག་འདིས་འདངས་ན་བྱེ་བྲག་སྤྱི་ཚོགས་ཀྱི་རྒྱུན་བཀོལ་ཐ་སྙད་རྫིང་ཆུ་ཙམ་ལ་མི་འདང་བའི་རྒྱུ་མཚན་ཅི་ཞིག་རེད།

དེས་ན་ངས་བསམ་གཞིག་བྱ་ན་བོན་པོ་རང་གིས་“བོན་”ཞེས་པའི་ཐ་སྙད་འདི་བདག་པོ་ལེགས་པར་མ་བརྒྱབ་པའི་རྐྱེན་གྱིས་རེད་ལ། རང་གིས་འདི་ཉིད་བེད་སྤྱོད་རྒྱུར་ངོ་ཚ་བའི་རྒྱུ་མཚན་གྱིས་རེད། ད་ནས་བཟུང་འཛམ་གླིང་གང་སར་བཞུགས་པའི་བོན་རིགས་སྤུན་ཟླ་རྣམས་ཀྱིས་“བོན་” ཞེས་པའི་ཐ་སྙད་འདི་ཡོངས་གྲགས་ཞིག་ཏུ་འགྱུར་བའི་འབེད་བརྩོན་གནང་རོགས་ཞུ། །
ཞེས་རྩོམ་ཐུང་འདི་ཉིད་དགོས་པ་དུ་མར་དམིགས་ཏེ་དགེ་མིང་འཛིན་པ་ཉི་ཟླ་འོད་ཟེར་རྒྱལ་མཙན་གྱིས་ནུབ་གླིང་མུ་ནིཀ་གྲོང་ཁྱེར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས ༡༠ ཉིན་བྲིས་པས་དགེ། །
Re:ངའི་ཁར་“བོན་”དང་“བོན་པོ་”ཞེས་འཇགས་ན་འདོད། | 2011/8/13 0:17:39
snowyouthཐོག་མར་དགེ་བཤེས་ཉི་ཟླ་འོད་ཟེར་རྒྱལ་མཚན་ནམ་སྨྱུག་མིང་ཁུ་འཕངས་སུ་འབོད་པས་ཧི་བོན་ཟིན་བྲིས་སུ་གཞིས་ཀ་བཟུང་བ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། གནའ་རབས་བོད་ཀྱི་ཤེས་རིག་གི་མ་ལག་གཙོ་བོ་སྟེ་ཞང་ཞུང་རིག་གནས་འབྲེལ་བའི་ཕ་བོན་རིག་པའི་ཉིང་ཁུ་ནམ་ཡང་ཀློག་པ་པོའི་གསོས་སུ་འཇོ་བར་སྨོན།
གཤམ་དུ་woser་ལགས་ཀྱིས་ལན་སློག་པ་ནི་
མཁྱེན་ཡངས་ཁྲི་བསོད་བསྟན་ལགས་བདག་གི་ཟིན་བྲིས་སུ་ཕེབས་ནས་ལེགས་འདེམས་གནང་བར་ཐུགས་རྗེ་ཆེ་ཞུ། ལྷན་རྒྱས་ནས་བསྐུལ་ལྕག་གནང་བ་བཞིན་འབེད་འདོད་ཡོད་ལགས།
Re:ངའི་ཁར་“བོན་”དང་“བོན་པོ་”ཞེས་འཇགས་ན་འདོད། | 2011/8/11 11:25:17
triyungblogཟིན་བྲིས་དོན་སྙིང་ལྡན་པ་ཞིག་སྤེལ་གནང་འདུག་པས་སྙིང་ཐག་པ་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཞུ། མུ་མཐུད་དུ་སྤེལ་གནང་ཡོང་བའི་རེ་བ་ཆེ། ཞེས་གང་གི་གྲོགས་མིང་ཁྲི་གཡུང་བས།
གཤམ་དུ་woser་ལགས་ཀྱིས་ལན་སློག་པ་ནི་
གྲོགས་མར་ནང་ཚང་བདག་གི་ཟིན་བྲིས་སུ་ཕེབས་པར་བཀའ་དྲིན་ཆེ།
Re:ངའི་ཁར་“བོན་”དང་“བོན་པོ་”ཞེས་འཇགས་ན་འདོད། | 2011/8/10 22:40:27
སྐུ་མགྲོན་KPGr3V(སྐུ་མགྲོན)ངོ་མ་གནད་དུ་ཆེ་བའི་ཚིག་འབྲུ་གཉིས་ཏེ་''བོན་''དང་''ཆོས''ཞེས་པ་དེ་གཉིས་ཀྱི་ངོ་གདོང་ཧྲིལ་གྱིས་དྲིལ་ནས་བཤད་ཡོང་དུས་གནས་ལུགས་རྒྱུ་མཚན་ཆེན་པོ་འདུག ཡིན་ནའང་དེ་སྔོན་ཚིག་མཛོད་གྲགས་ཅན་དེ་ཚོའི་ནང་བོན་ཞེས་བཤད་ཚེ་ལམ་སེང་ཚིག་དེའི་རྗེས་ལ་དཀར་པོ་དང་ནག་པོ་སོགས་ཀྱིས་ཁ་བསྐོངས་ཏེ་འགྲེལ་བཤད་ཡ་མཚན་པ་རེ་བསྐྱོན་ཡོང་དུས་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་སྨྲ་བ་པོ་དེ་རིགས་ལ་ཡིད་ཆེས་ཀྱི་ཆུ་ཚད་ཀླད་གོར་འོག་ཏུ་ཐིམ་འགྲོ་བའི་མྱོང་ཚུལ་ཞིག་ཀྱང་སྟེར་ཡོང་གི་འདུག ཅི་ཡང་མི་ཤེས་པའི་སྐྱེ་བོ་ཕོ་མོ་རྣམས་དང་གཡམ་ལ་རྒྱུགས་པར་དགའ་བ་རྣམས་ནི་གླང་སྣ་ག་བར་འཁྲིད་འཁྲིད་དུ་ཡིན་པས་དཔེར་ན་ས་བོན་ལ་སོན་དང་། བོན་ལ་ཆོས། བོན་ཅན་ལ་ཆོས་ཅན། བོན་སྐྱོང་ལ་ཆོས་སྐྱོང་། བོན་ཉིད་ལ་ཆོས་ཉིད། བོན་སྐུ་ལ་ཆོས་སྐུ་སོགས་ཐ་སྙད་ཆོས་བཞིན་བཀས་བཅད་བྱེད་ནའང་འགྲིགས་ངོ་ཡོང་ཚོད་རེད། དེ་འདྲའི་སྣ་འདྲེན་པ་ཞིག་ཡིན་ཚེ་ཁྱོད་ལ་དགའ་རྟགས་དང་མཁས་མིང་ཡང་ཐོབ་སྲིད། དོན་དུ་བོད་རང་གི་ཕ་མེས་ཀྱི་ཐ་སྙད་དང་ཤེས་རིག་ཅིག་ཟུར་ནས་བརླག་བཞིན་ཡོད་པ་ད་དུང་ཤེས་མེད་པས་རེད་དོ།།
གཤམ་དུ་woser་ལགས་ཀྱིས་ལན་སློག་པ་ནི་
གོང་གི་སྐུ་མགྲོན་ལགས་ཀྱིས་གསུངས་པ་ལྟར་བོད་པ་རང་གིས་ཕ་མེས་ཀྱི་ཁྱད་ནོར་རྩ་རླག་བཏང་བ་གྲངས་ལས་འདས་པ་རེད་ལགས། མཆན་བཀོད་གནང་བཀའ་དྲིན་ཆེ།
གཤམ་དུ་woser་ལགས་ཀྱིས་ལན་སློག་པ་ནི་
གོང་དུ་བཀུར་འོས་རྒན་ལགས་ནས་ལེགས་འདེམས་གནང་བར་བཀའ་དྲིན་ཆེ།
རྩོམ་པ་པོ།:སྐུ་མགྲོན་KPGr3V(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.