ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གླེང་མི་ཚར་བའི་གཏམ་རྒྱུད། | 2013/7/14 22:36:00
གོ་ལའི་ཁྱིམ་རྒྱུད་གླེང་བ།

འཛམ་གླིང་འདི་སོག་པའི་དབྱིབས་དང་། རིལ་པོ་སོགས་ཕལ་ཆེར་དབྱིབས་གཟུགས་ཡོད་ཚད་གླེང་ཡང་ཆོག དེ་ནི་གྲུབ་མཐའ་སྨྲ་བ་ཞིག་གིས་བཤད་ན། རྟོག་པའི་མཐའ་མེད་པས་ཇི་ལྟར་བསམ་པའི་སྣང་ཚུལ་ལྟར་ཡོད་པས་རེད་ཟེར། ཚན་རིག་སྨྲ་བ་ཞིག་གིས་ཟེར་ན་ཁོ་ཚོའི་གྲུབ་དོན་ནི་འདི་ཤེས་མཐའ་གཅིག་ཏུ་འཇོག་མི་འདོད་པས་རེད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། ཚངས་རྒྱུང་བྱེ་བ་ཕྲག་བརྒྱ་སྟེ་ང་ཚོས་བདག་ཏུ་བཟུང་བའི་འཛམ་གླིང་འདི་ནི་ཚངས་རྒྱུང་བརྒྱ་ཕྲག་གཅིག་ལས་ཕྱོགས་བཞིར་ཉེར་ལྔ་རེ་བརྩེགས་པའི་དཀྱིལ་མ་དེ་རེད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། གོ་ལ་འདི་ནི་བར་སྣང་འདིར་མིང་འབོད་དུ་རུང་བའི་འཁོར་སྐར་ཆེན་པོ་བདུན་ཙམ་ཡོད་པ་ལས་གཅིག་རེད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། ཚངས་རྒྱུང་དེ་དག་ལ་གངས་ཟག་ཞིག་ཚེ་འཕོས་ནས་གནས་དེར་སྐྱེ་བ་ལེན་པ་ལས་ཕན་ཚུན་འགྲོ་ཡོང་མེད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཕུར་འགྲོའི་འཕྲུལ་སྐར་ལ་བརྟེན་ནས་གོ་ལ་འདི་ནས་འཁོར་སྐར་དེ་དག་ལ་ཕྱིན་དང་འགྲོ་བཞིན་ཡོད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། ཚངས་རྒྱུང་དེ་དག་ལ་ང་ཚོའི་འཛམ་གླིང་དང་འདྲ་བར་གནས་བཅས་པའི་སེམས་ཅན་སྣ་ཚོགས་པ་ཡོད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཁོར་སྐར་དེ་དག་ལ་ཆེས་གྲང་དྲགས་པའམ་ཡང་ན་འགའ་ཞིག་ལ་ཚ་དྲགས་པའི་རྐྱེན་གྱིས་མང་ཕར་ཆེལ་ལ་སྐྱེ་འགྲོའི་འཚོ་གནས་མེད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། ཚངས་རྒྱུང་རེ་ལ་ཤར་ལུས་འཕགས་པོ་དང་། བྱང་སྒྲ་མི་སྙན། ནུབ་བ་གླང་སྤྱོད། ལྷོ་འཛམ་བུ་གླིང་སོགས་གླིང་ཆེན་བཞི་དང་། གླིང་ཆེན་རེའི་བར་ན་གླིང་ཕྲན་ཆུང་བ་བརྒྱད་ཙམ་ཡོད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཁོར་སྐར་དེ་དག་གི་བར་ན་ལེ་དབར་ཁྲི་ཕྲག་མང་པོས་བརྒལ་བའི་སྟོང་སངས་འདེགས་རླུང་དང་། རྔུབ་རླུང་། འཁོར་སྐར་རེའི་རིམ་བཅད་སྟོང་སངས་རླུང་བུ་སོགས་ཀྱིས་བར་དུ་ཆོད་པས་གླིང་གཞན་པ་ཞིག་མེད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། གླིང་གཞན་དག་ལའང་རི་མཚོ་དང་། ཆུ་ཀླུང་། རྩི་ཤིང་དང་སྐྱེད་ཚལ་སོགས་འབྱུང་ལྔའི་དྲོད་ལས་ཡོད་ཚད་ཚངས་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཁོར་སྐར་གྱི་གླིང་མང་ཕར་ཆེལ་ལ་ཆུ་རླུང་གཤེར་གཟུགས་ཀྱི་ནུས་རྩོལ་མེད་པས་རྐང་ཐུང་རིགས་སྐྱེ་བའི་ནུས་པ་ཕྲ་ཟེར། 
ཆོས་པ་ཞིག་གིས་ཟེར་ན། བསྐལ་པ་ཆེན་པོ་རེའི་འཇིག་པའི་སྐབས་སུ་ཚངས་རྒྱུང་རེ་འཇིག་འགྲོ་བས། དེ་སྐབས་གླིང་བཞི་གླིང་ཕྲན་དང་བཅས་པ་འབྱུང་ལྔར་རང་ལྡོག་རུ་འགྲོ་བའམ་མེད་པར་འགྱུར་འགྲོ་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། གལ་སྲིད་འཛམ་གླིང་འདི་མིས་གཏོར་སྐྱོན་དབང་གིས་གོ་ལའི་ཚ་དྲོད་འཕེལ་ནས་འཇིག་པའི་དབང་དུ་ཡང་། མཐུན་རྐྱེན་ཡོད་མཁན་ཚོ་ཟླ་བ་སོགས་གླིང་གཞན་དག་གི་གོ་ལ་སྔར་རྒྱུན་བཞིན་གནས་པས་དེ་དག་ལ་འཕུར་སྐྱོད་བྱ་ཐུབ་ཟེར། 
སྐྱེ་འཆིའི་འཚོ་གནས་གླེང་བ། 

ཆོས་པ་ཞིག་གིས་ཟེར་ན། སྐྱེ་འགྲོ་དབུགས་ཀྱིས་བསྡུས་པའི་སེམས་ཅན་རྣམས་ལས་དང་བག་ཆགས་དབང་གིས་སྐྱེ་གནས་ཏེ། མངལ་སྐྱེས་དང་། དྲོད་སྐྱེས། སྒང་སྐྱེས། རྫུན་སྐྱེས་རྣམ་བཞི་གང་རུང་ལས་བྱུང་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། སྐྱེ་འགྲོ་དང་རྩི་ཤིང་རིགས་རྣམས་འབྲས་བུ་འཕེལ་ནུས་ཀྱི་རིགས་རྫས་ཕྲ་མོ་ཞིག་ནས་བྱུང་བ་ལས་དེ་དག་ལ་སྔ་མའི་བག་ཆགས་ཀྱི་ནུས་སྟོབས་ལྟ་བུ་གང་ཡང་མི་དགོས་ཟེར། 
ཆོས་པ་ཞིག་གིས་ཟེར་ན། སྔོན་བསགས་ལས་དབང་སོ་སོས་ཕོ་མོའི་རིགས་སུ་འཕེན་པ་ལས་ཕ་མའི་འདོད་མོས་གང་ཡོད་ལྟར་སྐྱེ་ཆོག་པའི་གནས་གཏན་ནས་མེད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། གལ་སྲིད་ཕ་མའི་འདོད་མོས་ལྟར་ཕྲུ་གུ་དེ་ཕྲ་ལག་མ་རྒྱས་པར་མངལ་དུ་ཡོད་ཚེ་ཕོ་མོའི་ལུས་རྟེན་བསྒྱུར་བར་ལས་སླ་ཟེར། མ་ཟད་མི་དང་སྲོག་ཆགས་ལ་རང་དང་རིགས་མི་གཅིག་པའི་ཕྲ་གུ་བཙའ་བའི་རྫས་རིགས་སམ་ཐབས་ལམ་ཡོད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། མངལ་སྐྱེས་ཀྱི་ཕྲུ་གུ་ཞིག་ཡིན་ཚུན་ཆད་རྣམས་ཁུ་ཁྲག་དཀར་དམར་ནས་བཟུང་མ་དེའི་ཤ་ཁྲག་དྲོད་དབུགས་ལ་མ་བརྟེན་པར་སྐྱེ་བའི་ཐབས་མེད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། ཕ་མེས་ཀྱི་ཁུ་ཁྲག་འདྲེས་རྗེས་གློག་རྫས་དང་འོད་སྣང་གི་དྲོད་རླབས་ལ་བརྟེན་ནས་ཕྲུ་གུ་སྐྱེ་བའི་ཐབས་ཡོད་པས་མ་ཡི་རྒྱུ་ལུས་ཀྱི་མཐུན་རྐྱེན་དགོས་པའི་ངེས་པའང་མེད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། འཆི་བའི་ཚེ་ཕྱི་དབུགས་ཆད་ལ་ནང་དབུགས་མ་ཆད་པའི་སྐབས་འཁྲུལ་སྣང་དང་འོད་གསལ་གྱི་བར་བདོའི་སྣང་བས་རིག་པ་ཤིན་ཏུ་དངས་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཆི་འཕོ་བའི་སྐབས་རྒྱུ་བའི་ཁྲག་དང་རྩ་ལམ་རྣམས་འགག་འགྲོ་བས་འབྱིན་རྔུབ་ཀྱི་དབུགས་ཤུགས་རྫོགས་ཏེ་དྲན་ཤེས་ཅི་ཡང་མེད་པས་མུན་ནག་ནང་ཐིམས་པ་དང་འདྲ་ཟེར། 
ཆོས་པ་ཞིག་གིས་ཟེར་ན། ལུས་རྟེན་འདིའི་ནང་ན་ཚ་དང་གོད་ཆག་ཅི་བྱུང་ཕལ་ཆེར་སྐྱེ་བ་སྔོན་མའི་ལེན་ཆགས་ཀྱི་འཕྲོ་མ་ཟད་པས་རེད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། གཟུགས་གཞི་བདེ་མིན་ནི་སོ་སོའི་འཕྲོད་བསྟེན་ལ་ཐུག་པ་དང་། གོད་ཆག་ཅི་བྱུང་རྣམས་ནི་སོ་སོའི་སྤྱོད་ལམ་དང་འཁོར་ཡུག་ལ་རག་ལས་པས་རེད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། འཇིག་རྟེན་འདི་ནས་བེམ་རིག་བྲལ་རྗེས་རྣམ་ཤེས་ནི་ཕྱི་མའི་ཆེད་དེ་འདི་ལྟའི་རྒྱུ་རྩོལ་གང་ཞིག་དབང་གིས་གནས་རིགས་སོ་སོར་རྟེན་ཞིག་ཏུ་འཕེན་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཆི་ཞེས་པའི་བྱ་འགུལ་ཡོད་ཚད་རྫོགས་རྗེས་ཤུལ་དུ་ལྷགས་པའི་རྣམ་ཤེས་ཞེས་པའི་རྒྱུ་མཁན་ཅི་ཡང་མེད་པས་རྩི་ཤིང་སྐམ་པ་དང་འདྲ་ཟེར། 
ཆོས་པ་ཞིག་གིས་ཟེར་ན། སྐྱེ་འགྲོའི་རིགས་རྣམས་ལས་དང་འཚོ་གནས་དབང་གིས་གཅན་གཟན་རྣམས་ཀྱིས་ཤ་ཟ་བ་དང་། རི་དྭགས་དང་གཡུང་དྭགས་རྣམས་ཀྱིས་རྩྭ་ཟ་བ་ནི་རང་བཞིན་ཡིན་སྟབས་ཕན་ཚུན་ཁ་ཟས་བརྗེ་སྒྱུར་མི་བཏུབ་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། ཁ་ཟས་ནི་སྐྱེ་འགྲོའི་རིགས་ལ་གོམས་པ་སོང་མ་སོང་ཡིན་སྟབས་ཆུང་ངུའི་སྐབས་ནས་ཁ་ཟས་གང་སྦྱར་ན་དེ་ལྟར་འཚོ་ཡང་སྲིད་ཟེར། 
ཆོས་པ་ཞིག་གིས་ཟེར་ན། འཚོ་ཞེས་པ་ནི་གང་ཟག་ཞིག་རང་གི་རྣམ་ཤེས་ཀྱི་རྒྱུ་བ་ལ་བསྟེན་ནས་ཟས་སྐོམ་མམ་འདོད་ཡོན་གྱི་རོ་ལ་ཆགས་པ་ཞིག་ལ་བྱ་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འཚོ་ཞེས་པའི་ཐ་སྙད་ནི་གཞི་དངོས་པོ་ཞིག་ལ་སྐྱེ་སྨིན་རྫོགས་གསུམ་སྟེ། དང་པོ་རྒྱུ་ས་བོན་རྫས་རིགས་སོགས་ལས་ནི་སྐྱེས། གཉིས་པ་རྐྱེན་ཐབས་རྩོལ་སོགས་ཀྱིས་སྨིན། གསུམ་པ་དུས་འཕོ་རིམས་སོགས་ཀྱིས་རྫོགས་པའམ་ཟད་པར་འགྱུར་བ་ཞིག་ལ་གོ་བས། རྩི་ཤིང་དང་སྐྱེ་དངོས་རིགས་མང་པོ་ཞིག་འཚོ་ལྡན་གྱི་དངོས་པོ་ཡིན་ཟེར། 
རང་བྱུང་གི་གནས་སྟངས་གླེང་བ། 

ཆོས་པ་ཞིག་གིས་ཟེར་ན། ས་གཡོ་དང་རི་ཉིལ། རྒྱ་མཚོ་འཁྲུག་པ་སོགས་ནི་མི་རྣམས་ཀྱིས་ས་རྐོ་རྡོ་སློག་དང་། ཤིང་གཅོད་ཡུར་སྒྱུར་སྐབས་ཀླུ་གཉན་ས་བདག་གི་གྲོང་ཁྱེར་དཀྲུག་པའམ། དེ་ཚོའི་རྐང་ལག་གཅོད་པ་སོགས་ཀྱིས་དེར་གནས་ཀྱི་སྐྱེ་འགྲོ་དེ་དག་འཁྲོས་ཏེ་གོང་གི་འབྱུང་བའི་གོད་ཆག་དེ་དག་གཏོང་གིན་ཡོད་ཟེར། 
ཚན་རིག་པ་ཞིག་གིས་ཟེར་ན། འབྱུང་བ་འཁྲུག་པ་ནི་ས་སྙིང་དང་མཚོ་སྙིང་། རི་སྙིང་སོགས་ལ་ཡོད་པའི་འདེགས་རླུང་དང་དྲོད་འཛིན་མེ་རླུང་སོགས་ཕན་ཚུན་དོ་མི་སྙོམ་ནས་བརྡབ་པའམ་བསྲིག་པ་སོགས་ལ་བརྟེན་ནས་མཚོ་འཁྲུག་ས་གཡོ་རི་ཉིལ་ཡོང་གིན་ཡོད་ཟེར། 

(རྩོམ་འདི་ནི་དབྱིན་དེབ་“འོད་སྟོང་ལྡན་པའི་གོ་ལ་”ཞེས་པ་དེ་བཀླགས་རྗེས་རྩེད་མཚར་ཚུལ་དུ་དགེ་མིང་པ་གཤེན་ཚེ་ཚང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ ཉིན་དྷོ་ནཱའོ་གཙང་པོའི་འགྲམ་དུ་བྲིས། འོན་ཀྱང་གོང་གི་རྩོམ་འདིའི་ཁ་བྱང་ལྟར་གཏན་ནས་མཇུག་བསྡུ་མ་ཤེས།)
Re:གླེང་མི་ཚར་བའི་གཏམ་རྒྱུད། | 2013/7/16 8:46:54
སྐུ་མགྲོན་N6IUm8(སྐུ་མགྲོན)ཕྱོགས་གཅིག་མ་ཡིན་པར་ཆོས་གཞུང་དང་ཚན་རིག་གཉིས་ཐོག་ནས་གསལ་བཤད་གནང་བར་ཡི་རངས་ཞུ་བཞིན་ལགས། དེ་བཞིན་རང་རང་གི་བཞེད་དོན་ལྟར་ཁུངས་ཐུབ་ཀྱི་རྒྱུ་མཚན་དག་ཀྱང་གསལ་བཤད་གནང་རྒྱུའི་རེ་བ་ཆེ། ཁྱུང་གསེར་ཞུན་ནས།
རྩོམ་པ་པོ།:སྐུ་མགྲོན་N6IUm8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.