ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཁས་པས་ལ་བཤད་ལུང་བཤད་ཟེར་ན་འདི་འདྲ་རེད། | 2011/12/7 19:29:00

བཅོམ་ལྡན་ཐུབ་པའི་དབང་པོའི་རྗེས་འཇུག་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་མཚན་འཛིན་པ་མང་པོ་ཞིག་གིས་ཁ་བ་རི་བའི་མེས་པོའི་གྲུབ་མཁའ་ལ་གདེང་འཇོག་གནང་པའང་ཡོད་ལ་དམོད་སྨད་མཛད་པའང་གྲངས་ཀྱིས་མི་ལོན། གདེང་འཇོག་སྟངས་དེའང་ཁོང་རྣམ་པའི་མཚན་ཐོངས་ཀྱི་ཉིང་དགོས་ལ་ཕན་པ་མཆིས་པའམ། ཡང་ན་རྒྱལ་སྤྱིའི་མདུན་དུ་སྔ་མོ་ནས་བོད་རང་ལ་ཕུན་སུམ་ཚོགས་པའི་ལྟ་གྲུབ་དང་རིགས་གནས་ཞིག་ཡོད་པར་ངོམ་དགོས་སྟབས། མི་འདོད་བཞིན་དུ་བོན་གྱི་ཐེག་དགུའི་སྐོར་དང་མོ་རྩིས་གཏོ་དཔྱད་བཟོ་འདྲ་བོ་གླེང་བཞིན་ཡོད། སྨད་སྟངས་དེའང་བོན་གཞུང་ལ་སྤྱན་དཀྱུས་མ་ཕྱོགས་པའི་སྒོ་ནས་དམར་མཆོད་དང་ངན་མཐུ་གསུངས་པའམ། བོན་རང་ལུགས་ལ་ནམ་མཁའི་མེ་ཏོག་གི་ཟླར་གྱུར་པའི་ཚིག་མང་པོ་ཞིག་བགྲང་ནས་སྨད་བཞིན་ཡོད།

དེ་དག་ཁྲོད་ནས་མཁས་དབང་དུང་དཀར་ཚང་གིས་བོན་ལ་གཟིགས་ཚུལ་ཞིག་གཤམ་དུ་འཆད་རྒྱུ་ཡིན། ཁོང་གིས་བྲིས་པའི་(བོད་ཀྱི་བོན་པོའི་ཆོས་ལུགས་སྐོར།) ཞེས་པ་ལས། “དེང་སང་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་མང་པོ་ཞིག་གིས་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་མེད་ཅེས་མཐའ་སྐྱེལ་གནང་གི་ཡོད་ནའང་སངས་རྒྱས་ཆོས་ལུགས་མ་བྱུང་གོང་ལ་བོད་དུ་རིག་གནས་མེད་ཚེ་བོད་མི་རིགས་དེ་མི་རིགས་གཞན་གྱི་རིག་གནས་ལ་སྐྱབས་བཅོལ་ནས་བསྡད་པའི་མི་རིགས་ཤིག་ཡིན་པ་ལས་སོ་སོ་རང་ཉིད་ལ་སྟོན་རྒྱུ་གང་ཡང་མེད་པའི་མི་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན” ཞེས་དང།  ཡང་དེ་ཉིད་ལས། “འགྲོ་བ་སེམས་ཅན་ཚང་མ་སྒོ་ང་ཆེན་པོ་གཅིག་གི་ནང་དུ་བསྡད་ཡོད་ཅེས་བཤད་ཡོད།   སྒོ་ང་དེ་ནི་ང་རང་ཚོའི་བྱ་དེའི་སྒོ་ང་ལ་ཟེར་གྱི་མེད་པར་འབྱུང་བ་ལྔའི་སྙིང་པོ་འདུས་པའི་སྒོ་ང་ལ་ཟེར་ཞིང་། སྒོ་ང་ནི་རིལ་བུ་ཡིན་པས་དེ་དུས་ནས་འཇིག་རྟེན་ཆགས་སྟངས་འདི་ཙམ་ཤོད་ཐུབ་ཀྱི་ཡོད་པས་དེ་ནི་ཚད་མཐོ་པོ་ཞིག་རེད། ང་རང་ཚོས་འཛམ་གླིང་རིལ་བུ་རེད་ཟེར་བ་དེ་ཕྱི་གླིང་པས་ཐོག་མར་བཤད་པ་རེད་ཅེས་དང་། དེའི་གོང་དུ་མི་ཚང་མས་འཛམ་གླིང་གྲུ་བཞི་ཡིན་པར་ཁས་ལེན་གྱི་ཡོད་ཅེས། དེང་སང་འཛམ་གླིང་དུ་ཡོངས་ཁྱབ་ལྟ་བུར་ཤོད་ཀྱི་ཡོད་ནའང་ཕྱི་གླིང་པས་མ་བཤད་གོང་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་གྱི་སྤྱི་ལོའི་དུས་རབས་དང་པོ་ཡས་མས་ཙམ་དུ་བོན་གྱི་དཔེ་ཆའི་ནང་དུ་སྐད་ཆ་དེ་བཤད་ཟིན་པ་རེད།” ཞེས་པ་ནི་མཁས་པ་ཁོང་གིས་བོད་མི་རྣམས་དམུ་ལོན་ཁྱུ་ཞིག་སྒྲུབ་མི་འདོད་པར་མ་ཟད། བོད་རང་ལ་དུས་རབས་བདུན་པའི་ཡར་སྔོན་ནས་རིག་གནས་ཡོད་པའི་སྒྲུབ་བྱེད་དགོས་སྟབས་སྐབས་བསྟུན་གྱིས་འཆད་པ་ཞིག་ལས་གཡུང་དྲུང་བོན་གྱི་གཞུང་ལུགས་དང་ལོ་རྒྱུས་ལ་གཟིགས་ནས་ཐུགས་ཡིད་ཆེས་པ་ཞིག་མིན་པ་ནི་འོག་ཏུ་རིམ་པར་འཆད་ཀྱི་ཡིན།

ཡང་ཁོང་གི་གསུངས་རྩོམ་ལས། “དེ་བཞིན་སྤྱི་ལོའི་དུས་རབས་དང་པོ་ཡས་མས་ནས་བོན་པོའི་དཔེ་ཆའི་ནང་བོད་ཀྱི་མི་དེ་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ནས་བྱུང་བ་ཡིན་ཞེས་བཤད་ཡོད།་་་་་་་ སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་དུ་མིའི་ཕ་མ་སྤྲེའུ་དང་བྲག་སྲིན་མོ་ཡིན་ཞེས་བཤད་ཀྱི་མེད།   དེ་ནི་བོན་པོའི་ཆོས་ཀྱི་བཤད་སྟངས་ཡིན།” ཞེས་བོན་གྱི་གཞུང་ལུགས་སུ་བོད་མི་དེ་སྤྲེའུ་དང་བྲག་སྲིན་ལས་བྱུང་རབས་གསུངས་པ་འདི་ནམ་རྒྱུན་བན་དྷེས་གསུངས་ཚུལ་དང་གོ་ལྡོག་ལྟ་བུ་དང་། གལ་སྲིད་དེ་ལྟར་ལགས་ན་གོང་འོག་ཁོང་གི་གསུངས་སྟངས་གབ་ཐུབ་མ་སོང་བས་རྨོངས་པ་བདག་ཚོ་ནི་མགོ་འཐོམས་རྒྱུ་ལས་མ་འདས། ལྷག་པར་བོན་གྱི་གཞུང་ལུགས་ལས་བོད་མི་སྤྲེའུ་དང་བྲག་སྲིན་ལས་བྱུང་བར་གསུངས་པ་ད་བར་མ་མཇལ།

ཡང་གསུངས་རྩོམས་ལས། “གཤམ་དུ་བོན་པོའི་ཆོས་ནང་གི་མིང་ཚིག་ཁ་ཤས་ཞུ་གི་ཡིན། དཔེར་ན་སངས་རྒྱས་ཆོས་ལུགས་ཀྱིས་སངས་རྒྱས་ཟེར་བ་དེ་ལ་བོན་པོས་ཡེ་གཤེན་ཟེར། (བོན་པོས་ཀྱང་སངས་རྒྱས་ཟེར། ཡེ་གཤེན་ནི་ས་ཐོབ་སེམས་དཔའ་དང་སངས་རྒྱས་ཀྱི་ས་གཉིས་ཀར་ཡོད།)་་་་་་སྤྲུལ་སྐུ་ཟེར་བ་དེ་ལ་སྲིད་པ་སད་པོ་ཟེར། སྲིད་པ་སད་པོ་ཟེར་དགོས་པ་ནི་སྲིད་པ་འཇིག་རྟེན་འདི་ལ་མུན་པའི་ལམ་ནས་འོད་སྣང་གི་ལམ་དུ་འཁྲིད་མཁན་གྱི་གཉིས་སད་ཐུབ་མཁན་ལྟ་བུ་ཡིན་པས་སོ། (སྤྲུལ་སྐུ་ལ་སྤྲུལ་སྐུ་ཟེར་ལ། ལྷ་གཤེན་སྲིད་གསུམ་གྱི་སྲིད་པ་ནི་སྲིད་པ་“སངས་པོ་”འབུམ་ཁྲི་ཟེར།) སངས་རྒྱས་ཆོས་ལུགས་ཀྱི་དགྲ་བཅོམ་པ་ཟེར་བ་དེ་ལ་བོན་པོས་གཤེན་སྲས་ཟེར།་་་་(དགྲ་བཅོམ་པ་ནི་ཐེག་པ་སོ་སོའི་སྐབས་བབས་ཀྱི་ཉོན་ཤེས་ཀྱི་དགྲ་ཐ་དག་བཅོམ་པ་པོ་ཞིག་ལ་གོ་དགོས་པས་བོན་ལུགས་ལའང་དེ་ག་རང་ཡིན། གཤེན་སྲས་ནི་རྒྱལ་བ་གཤེན་རབ་མི་བོའི་གདུང་འཛིན་གྱི་སྐྱེས་བུ་རྣམས་ཀྱི་མཚན་ཡིན།) ་་་ བླ་མ་ཟེར་བ་དེ་ལ་བོན་པོས་དབོན་གསད་ཟེར། (དཔོན་གསས་ཟེར།) སྟོང་པ་ཉིད་ཟེར་བ་དེ་ལ་བོན་པོས་འོ་མོ་ཉིད་ཟེར། (སྟོང་པ་ཉིད་ལ་སྟོང་ཉིད་རང་ཟེར་ལ། ཁོང་གིས་ཕལ་ཆེར་འ་མོ་ཉིད་གསུང་གི་ཡོད་པ་འདྲ་)”ཞེས་དང་། གོང་དུ་ཁོང་གིས་གསུངས་པའི་བོན་གྱི་མིང་ཚིག་དེ་དག་བོན་གཞུང་གང་ཞིག་ཏུའང་མ་མཇལ་བས་འོལ་ཚོད་ཙམ་དུ་ཟད།

ཡང་ཐེག་པ་རིམ་དགུ་འཆད་སྐབས་སུ་འདི་ལྟར་གསུངས་པ། “རྒྱུ་ཡི་བོན་བཞི་ལས། ༡ཕྱཱ་གཤེན། ཕྱཱ་གཤེན་དེ་ལ་གཏོ་སུམ་བརྒྱ་དྲུག་ཅུ་ཐམ་པ་ཡོད། གཏོ་ཟེར་བ་དེ་ནི་དཔེར་ན་སོ་ན་དུས་སོ་སྨན་མེད་ན་སྒོའི་སྟེང་དུ་གཟེར་ཁ་བརྒྱབ་ནས་ལག་པས་ཐོ་བ་འཁྱེར་ཏེ་སོ་ན་ས་དེར་ཕུར་ཕུར་བཏང་རྗེས་གཟེར་དེའི་སྟེང་དུ་ཐོ་བ་ཐེངས་དགུ་གཞུས་ན་ལམ་སེང་སོའི་ན་ཚ་འཇགས་ཀྱི་ཡོད་ཟེར། དེ་བོན་པོའི་བྱེད་སྟངས་ཡིན། བྱེད་སྟངས་དེ་འདྲ་ཁྱོན་སུམ་བརྒྱ་དྲུག་ཅུ་ཡོད། (ཕྱྭ་གཤེན་ཐེག་པ་ག་བར་སྐྱེལ་བཞིན་འདུག) ་་་་་་་་་ དེ་ནས་འབྲས་བུའི་ཐེག་པ་བཞིའི་དང་པོ་དགེ་བསྙེན་ཟེར་བ་དེ་ཡི་གེའི་དག་ཆ་སངས་རྒྱས་ཆོས་ལུགས་ཀྱི་དགེ་བསྙེན་ཟེར་བ་དང་གཅིག་མཚུངས་ཡིན་ནའང་གོ་དོན་ནི་འཇིག་རྟེན་ཆགས་སྟངས་དང་མི་འབྱུང་སྟངས། (དགེ་བསྙེན་ཐེག་པ་དེ་འཇིག་རྟེན་ཆགས་རབས་དང་མིའི་བར་འབྲེལ་བ་བྱེད་སྤྱད་ཀྱི་གཞུང་ཡིན་པ་བོན་ལུགས་ལ་ད་བར་མ་གྲགས།) དེ་བཞིན་མིའི་རྣམ་ཤེས་ཡོང་སྟངས་ཀྱི་སྐོར་སོགས་དང་། མི་དང་མིའི་བར་གྱི་འབྲེལ་བ་བྱེད་སྟངས་སྐོར་སོགས་ཡིན། ”ཞེས་སོགས་གང་མང་ཞིག་གསུངས་ཡོད། སྤྱིར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་ནི་ཆོས་ལུགས་རྗེས་འཇུག་པའི་མཁས་པ་ནང་ནས་བོན་ལ་གཟིགས་རྒྱ་ཅུང་ཆེ་བའི་གྲལ་ཞིག་ཡིན་ནའང་མཚམས་མཚམས་སུ་གད་མོ་འཆོལ་བའི་གསུངས་རྩོམ་འདི་འདྲའང་སྤེལ་འདུག།

ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༧ ཉིན་ནུབ་ཕྱོགས་འབྲས་ལྡན་གྲོང་ནས།

Re:མཁས་པས་ལ་བཤད་ལུང་བཤད་ཟེར་ན་འདི་འདྲ་རེད། | 2011/12/9 10:28:29
སྐུ་མགྲོན་wbr1Ui(སྐུ་མགྲོན)དེ་ཡང་ མཁས་དབང་དགེ་ཆོས་ནས་ མ་མཐོང་རྒྱང་གྲགས་ཅན་གྱི་མ་ཕམ་མཚོ། དྲུང་དུ་སླེབས་ན་ཀོ་མོ་ཆུ་འཁྱིལ་ལོ། ཞེས་པ་ལྟར་ རྒྱང་གྲགས་ཅན་གྱི་དུང་དཀར་དེ། དྲུང་དུ་སླེབས་ན་འབུ་ཀོག་ཞིག་རེད་མི་འདུག་གམ། མདོ་སྨད་ཀྱི་ཞིབ་འཇུག་པ་གཤེན་ཚེ་ཚང་ལགས་ཀྱིས་གནས་ཚུལ་འདི་ལྟར་སྤེལ་བ་ཐུགས་རྗེ་ཞུ།
རྩོམ་པ་པོ།:སྐུ་མགྲོན་wbr1Ui(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མཁས་པས་ལ་བཤད་ལུང་བཤད་ཟེར་ན་འདི་འདྲ་རེད། | 2011/12/8 10:26:42
yongzhouབདེན་པར་གཏམ་དུ་སྨྲ་མཁན་དག་ལ་ངོ་མ་སེམས་ཀྱི་གཏིང་དང་རུས་པའི་དཀྱིལ་ནས་དགའ་བསུ་དང་རྒྱབ་སྐྱོར་ཡོད།
Re:མཁས་པས་ལ་བཤད་ལུང་བཤད་ཟེར་ན་འདི་འདྲ་རེད། | 2011/12/7 21:49:55
སྐུ་མགྲོན་tYo0SF(སྐུ་མགྲོན)ཨ་ཕོ་རང་གིས་མ་འཇོན་ན། །དོན་དག་ཐམས་ཅད་འཆུག་ནས་འགྲོ། །
བློ་མི་ལ་གཏད་པའི་བྱེད་སྤྱོད་གང་། །དོན་འགྲིགས་འགྲིགས་ཐམས་ཅད་ལོག་ནས་འགྲེལ། །ཚིག་མཁས་མཁས་ཐམས་ཅད་གྲགས་པའི་ཆེད། །ཡིན་ངེས་ངེས་ཐམས་ཅད་ཟུར་ནས་འདོན། །ངོ་ཤེས་ཤེས་ཐམས་ཅད་བརྗེད་ནས་འགྲོ། །ཡིད་ཆེས་ཆེས་བྱས་ཀྱང་ཚུལ་མིན་བྱེད། །དེ་འགྲོ་བ་རེ་འགའི་ཆབ་སྲིད་རེད། །དེ་འགྲོ་བ་རེ་འགའི་ལོང་གཏམ་རེད། །དེ་གྲུབ་མཐའི་ནང་དབྱེན་ཟེར་ནའང་འགྲིགས། །བོད་ཅེས་པའི་ཚིག་གི་བླ་དྭགས་དེར། །འཛིན་གཏོང་རྒྱུའི་ལུགས་སྲོལ་རིག་གཞུང་ཞིག །སྟོན་གཏོང་རྒྱུའི་མིང་དང་ཐ་སྙད་ཅིག མཐའ་ག་ལ་ཐུག་དུས་མ་གཏོགས་པ། །མིས་ཁ་ནས་འདོན་ལ་དོག་ཟོན་བྱེད། །ཡང་གཅིག་བཤད་གཉིས་བཤད་གང་བྱས་རྣམས། །བློ་མི་ལ་བལྟས་པའི་ལག་རྗེས་རེད། །རང་རྐང་ཚུགས་ཤོར་ཁའི་ངོས་དགའ་རེད། །དུས་ད་ནི་འཛམ་གླིང་གོ་ལ་འདི། །ཚན་རིག་རྩལ་ལམ་དུ་བསྐྱོད་དུས་སུ། །གསང་མི་ཐུབ་གསུབ་ཀ་ཡང་ཡོད་ཀྱང་། །གླིང་ཤར་ནུབ་ཕྱོགས་བཞི་མཚམས་བརྒྱད་ནས། །དོན་གནད་ལ་གཏུགས་པའི་མི་བུ་ཡིས། །གསལ་དག་དག་ལྷོང་ལ་སྟོན་པའི་དུས། །མི་གླང་རྒན་ཁྱི་ཚུགས་མ་ཡིན་པའི། །ཤ་རུས་རྐང་མེས་པོའི་སྲོག་ཅན་རྣམས། །ནམ་གསལ་ནས་ཉི་མ་ཤར་བ་བཞིན། །རྒྱུ་བདག་པོས་བདག་ངོ་ཤེས་བཞིན་དུ། །གོང་རིན་ཐང་འཇོག་པའི་ཚད་ཤིང་ཡོད། །ཕོ་འདྲ་ཚོད་བསྡུར་བའི་སྤོབས་པ་ཡོད། །བློ་ཉིན་སྲིབ་བལྟ་བའི་མེ་ལོང་ཡོད། །ལག་མཛུམ་མོ་འགུལ་བའི་ལས་ཀ་ཡོད། །ཆོས་མི་ལ་བཤད་པའི་གདམ་ངག་ཡོད། །དོན་རང་ལག་ཉར་བའི་རྣལ་འབྱོར་ཡོད། །ད་འདི་ནས་བཤད་མཚམས་བཞག་ན་དགའ། །གོང་གི་དཔྱད་གཏམ་དེ་ཚར་གཅིག་བཀླགས་མ་ཐག་སྦས་མ་ཐུབ་པའི་ཚིག་ཕྲེང་ཞིག་རྣལ་འབྱོར་བས་ཀུན་གཞིའི་ཀློང་ནས་བག་ཆགས་ཀྱི་དྲི་མ་དང་བཅས་ཤར་མར་བྲིས་ཐལ། །
རྩོམ་པ་པོ།:སྐུ་མགྲོན་tYo0SF(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.