ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཚ་བོར་ཕུལ་བའི་གདམས་ངག་གསེར་གླིང་མ། | 2013/9/25 17:38:00
ཀ་ཀོར་བྲེལ་ལ་ཟད་པའི་ཚེ་ཁུག་ན། །
ཀ་ཁའི་དབྱངས་རྟ་ཤེས་མིན་ཁྱད་མེད་པར། །
ཀ་ལིའི་ཐོད་པ་ས་ལ་མ་ལྷུང་བར། །
ཀ་དག་གནས་ལུགས་སྒོམ་དགོས་ཨ་མའི་བུ། །

ཁ་བ་བུ་ཡུག་འཚུབ་པའི་གྲོང་ཁྱེར་ནས། །
ཁ་བའི་རྣམ་ཤེས་བོར་བའི་དུས་ཚིགས་ན། །
ཁ་བའི་ལོ་རྒྱུས་སྔས་སུ་ཉར་ནས་སུ། །
ཁ་ཁོམ་བྱུང་ཚེ་གླེང་དགོས་ཨ་མའི་བུ། །

ག་ནས་བསམ་ཡང་མི་ལུས་དོན་ཡོད་འདི། །
ག་བྱུང་གང་བྱུང་ཆུད་ཟོས་མི་གཏོང་བར། །
ག་དུས་གཞན་ལ་ཕན་པའི་ལམ་ཡོད་ཚེ། །
ག་འདྲ་འབྱུང་ཡང་འབེད་དགོས་ཨ་མའི་བུ། །

ང་བོས་རང་རྒྱུད་གདམས་པའི་གྲུ་ཁ་ན། །
ང་དང་ཁྱོད་ཅེས་རྩོད་པའི་གཞི་མང་བས། །
ང་ངོམས་འཚོ་བས་རང་མལ་ཟིན་འགྱུར་ན། །
ང་ཚོའི་འདོད་བློ་ཁེངས་དགོས་ཨ་མའི་བུ། །

ཅ་དངོས་ཡོད་ཚད་སྒེར་དུ་བསམ་བསམ་ནས། །
ཅ་ལེ་ཅོ་ལེར་མི་ཚེ་རྫོགས་སྲིད་ཀྱང་། །
ཅ་ཅོའི་སྨྲ་བས་གཞན་སེམས་མི་དཀྲུག་པར། །
ཅ་རེར་ཟླ་བཞིན་སྤམ་དགོས་ཨ་མའི་བུ། །

ཆ་ལུགས་རྙིང་པས་དེང་རབས་མི་ཟིན་ཞེས། །
ཆ་ག་ཅན་གྱི་གྱོན་གོས་དོར་བཞིན་ཀྱང་། །
ཆ་སྙོམས་མཐུན་པའི་གོས་ཞིག་མི་སྲིད་པས། །
ཆ་བྱེད་ཕ་གོས་གྱོན་དགོས་ཨ་མའི་བུ། །

ཇ་ཧོང་མདངས་འཛིན་བླ་གྲྭ་ཕོ་མོ་རྣམས། །
ཇ་ཟས་ཙམ་གྱིས་འབྲེལ་ལམ་མི་འཇོག་པར། །
ཇ་ཕུད་ནས་བཟུང་དགེ་སྒྲུབ་བླང་འདོར་ཕྱིར། །
ཇ་ཡུན་དུ་ཐུབ་བརྟེན་དགོས་ཨ་མའི་བུ། །

ཉ་གང་ཟླ་བཞིན་ཕ་མའི་སྤྱན་ལམ་དུ། །
ཉ་ཉོག་གཏམ་སྤྱོད་ཕྱོགས་སུ་རྒྱུན་གཟབ་སྟེ། །
ཉ་གཉེར་ཐོད་པའི་རི་མོ་མ་བབ་གོང་། །
ཉ་རའི་དྲིན་ལན་གསབ་དགོས་ཨ་མའི་བུ། །

ཏ་ཀུའི་ནོར་ལ་མི་མོས་ཆེར་མེད་ཀྱང་། །
ཏ་ཐ་གཱ་ཏའི་བོན་སྤྱོད་འཚོང་བ་དང་། །
ཏ་རེ་ལྷ་མོའི་མངོན་ཤེས་ཡོད་སྐད་སོགས། །
ཏ་མིང་སྤྱོད་པ་མ་འཆང་ཨ་མའི་བུ། །

ཐ་གྲུ་གང་ལ་སྐྱོད་ཀྱང་འཛམ་གླིང་འདིར། །
ཐ་དད་རིག་གཞུང་མི་གཅིག་གྲངས་མང་བས། །
ཐ་ཤལ་རེད་ཅེས་དམན་གྲལ་མི་འཇོག་པར། །
ཐ་སྙད་ཀུན་ལ་སྦྱོང་དགོས་ཨ་མའི་བུ། །

ད་ལྟའི་ཕྱི་ནང་མཐུན་རྐྱེན་འཛོམས་པའི་སྐབས། །
ད་ནས་བཟུང་སྟེ་གཞན་ཕན་བྱ་བ་ཞིག །
ད་རེའི་མི་ཚེ་འདི་ལ་མ་བསྒྲུབ་ན། །
ད་གཟོད་འཕྱི་ཐག་ཆོད་ཡོང་ཨ་མའི་བུ། །

ན་ནིང་ལུས་པའི་ཕ་མེས་གྱོད་རྙིང་ཞེས། །
ན་ཆུང་བྱིས་པ་རྣམས་ལ་བསྐྱར་མ་གདབ། །
ན་ཚོད་བབ་དང་བསྟུན་ཏེ་ཤེས་བྱའི་གནས། །
ན་རེར་གང་ཐུབ་སློབ་དགོས་ཨ་མའི་བུ། །

པ་ཊའི་རིས་བརྒྱན་ཐོག་བརྩེགས་བ་གམ་སོགས། །
པ་ཕའི་ཕྱག་རྗེས་ལས་ལྷག་བསྐྲུན་དགོས་ཀྱང་། །
པ་ཚབ་རྣམ་ཐར་སྐྱོང་འདྲའི་གཏམ་མེད་པར། །
པ་སངས་ལྟར་དཀར་དྲང་དགོས་ཨ་མའི་བུ། །

ཕ་ཡུལ་ཁ་བ་རི་བའི་གཤིས་སྤྱོད་ཅེས། །
ཕ་རོལ་གང་དུ་སོང་ཡང་གྲགས་འདུག་པས། །
ཕ་མེས་བཞག་པའི་གཞན་ཕན་བྱམས་བརྩེ་སེམས། །
ཕ་ཚེ་བུ་རབས་འཛིན་དགོས་ཨ་མའི་བུ། །

བ་ཚྭའི་མཚོ་མོས་སྐོམ་སེལ་མི་ཡོང་བཞིན། །
བ་གླང་སྤྱོད་པས་མི་ཚེ་མི་འཁྱོར་བས། །
བ་ཀུའི་ཞལ་འབྱེད་འགྲམ་ཆུ་དགོས་པ་བཞིན། །
བ་ཐག་བློ་རིག་སྒྲིམ་དགོས་ཨ་མའི་བུ། །

མ་ལུས་སེམས་ཅན་དྲིན་བཟོ་རབ་ཡིན་ཀྱང་། །
མ་ཤེས་རྨོངས་པས་དེ་ཙམ་མི་ཁྱོག་པས། །
མ་རྩའི་རང་གིས་འཇོན་པའི་ཐབས་སྤྱད་དེ། །
མ་རྒན་སེམས་ཁ་སྐོང་དགོས་ཨ་མའི་བུ། །

ཙ་མེད་རིགས་ཞེས་མི་ཡི་བྲལ་མཐའ་ནས། །
ཙ་ཀོ་ར་བཞིན་དམན་བྲལ་མི་འཇོག་པར། །
ཙ་ར་དཔྱད་ན་མཆོག་དམན་མི་བརྙེད་པས། །
ཙ་ཙིག་སྲོལ་ངན་སྤང་དགོས་ཨ་མའི་བུ། །

ཚ་གྲང་ཁོད་སྙོམ་མེད་པའི་འཇིག་རྟེན་འདིར། །
ཚ་གེ་ཚིག་གེའི་ལས་ལ་འབེད་ཤོར་ཡང་། །
ཚ་དམྱལ་མྱུར་དུ་སྐྱེ་བའི་ཁྲེལ་མེད་རིགས། །
ཚ་བོས་ནམ་ཡང་མ་བྱེད་ཨ་མའི་བུ། །

ཛ་ཏིའི་སྨན་མཆོག་ནད་རིགས་ཀུན་གསོ་བཞིན། །
ཛ་ཡའི་གཤེན་བསྟན་ཕན་བདེའི་ལམ་ཡིན་པས། །
ཛ་གད་མཆོད་འབུལ་ཁ་འདོན་གཞན་ཕན་སོགས། །
ཛ་དྲག་ཐུག་ཀྱང་མ་འདོར་ཨ་མའི་བུ། །

ཝ་འགྲོས་མཁས་ཀྱང་མཇུག་མ་རིང་སྐྱོན་བཞིན། །
ཝ་ལེར་སྔ་ཕྱིའི་ལས་རྣམས་མཇུག་སྐྱོང་སྟེ། །
ཝ་སྐྱེས་སེང་གེར་བརྫུས་པའི་རྣམ་ཐར་ཙམ། །
ཝ་ཝོལ་ཤུལ་དུ་མ་འཇོག་ཨ་མའི་བུ། །

ཞྭ་དཀར་མཚན་འཆང་ཕ་ནོར་རྗེས་འཇུག་ཅེས། །
ཞྭ་ལུགས་གོས་སྟབས་ཙམ་གྱིས་མི་ཡོང་པས། །
ཞྭ་བཞིན་རྟག་ཏུ་སྤྱི་གཙུག་རྒྱན་འགོད་དེ། །
ཞྭ་དཀར་ཉམས་ལེན་གནང་དགོས་ཨ་མའི་བུ། །

ཟ་ཐུང་འཚོ་གོས་གནས་མལ་འགྲིག་པའི་རྗེས། །
ཟ་ངེ་ཟིང་ངེའི་ལས་ལ་མི་འཁོར་བར། །
ཟ་འོག་དགུ་རྩེག་དཔོན་ནས་སྤྲང་པོ་ཡན། །
ཟ་ཟིའི་རོགས་ཕན་གནང་དགོས་ཨ་མའི་བུ། །

འ་ཅག་ཡེ་ནས་འཁོར་བར་འཁྱམས་སོང་ཞེས། །
འ་ཆད་འུ་ཐུག་སྨྲེ་ངག་མི་འདོན་པར། །
འ་ཙིའི་དལ་འབྱོར་ཐོབ་པའི་སྐལ་བཟང་འདིར། །
འ་འུར་དོན་བཟང་འབེད་དགོས་ཨ་མའི་བུ། །

ཡ་ཀིའི་དཔགས་ཚད་མཐོན་པོའི་གོང་རོལ་ན། །
ཡ་མཚན་སངས་རྒྱས་ཞིང་ཞེས་ཡོད་སྲིད་ཀྱང་། །
ཡ་མ་བླ་ཡི་རྗེས་སུ་མི་འཇུག་པར། །
ཡ་ཡུད་རང་སེམས་འཚོལ་དགོས་ཨ་མའི་བུ། །

ར་བ་གངས་རིའི་ཡུལ་གྱི་བུ་ཕྲུག་ཅེས། །
ར་རྫི་གླང་འདེད་ཅིག་ཏུ་མི་སེམས་པར། །
ར་རོའི་སྤྱོད་སྤོང་མི་རིགས་ཤེས་ཡོན་སོགས། །
ར་སྤྲོད་རྒྱུན་དུ་གནང་དགོས་ཨ་མའི་བུ། །

ལ་ལུང་མི་གཅིག་སྣ་མང་འགྲིམས་པའི་རྗེས། །
ལ་ལས་ལམ་སང་གཞན་རྗེས་འབྲེང་མཁས་ཀྱང་། །
ལ་འུར་རང་བསྟན་བཤིག་པའི་རྐྱེན་ཡིན་པས། །
ལ་རྒྱའི་ཕུག་བསམ་ཡོད་དགོས་ཨ་མའི་བུ། །

ཤ་ཆང་ཟས་ལ་དད་པའི་གདོང་དམར་ཡོངས། །
ཤ་ཁྲག་ཕུག་རྒྱུད་འདྲིས་པའི་སྤུན་ཡིན་པས། །
ཤ་འཁོན་རྩྭ་ཆུ་དགྲ་ཡི་འཐབ་མོ་སོགས། །
ཤ་རུས་བྲལ་ཡང་མ་བྱེད་ཨ་མའི་བུ། །

ས་དགེ་བཀའ་རྙིང་གཡུང་དྲུང་བོན་མཆོག་རྣམས། །
ས་ལམ་བགྲོད་ན་བདེ་བའི་ཐབས་ཡིན་པས། །
ས་སྟེང་མི་ཡི་གཟུགས་བཞི་མ་དོར་བར། །
ས་བཅུ་གྲུབ་མཐའ་མ་རྩོད་ཨ་མའི་བུ། །

ཧ་ཉིད་སད་ལ་འབེད་པ་རབ་ཡིན་ཡང་། །
ཧ་ཅང་སྤྱང་ན་རང་ཚུགས་འཆོར་ཉེན་པས། །
ཧ་ར་རིག་པའི་སྲང་ལ་གཞལ་བྱས་ཏེ། །
ཧ་གོའི་དོན་གནད་ཤེས་དགོས་ཨ་མའི་བུ། །

ཨ་མཚར་འདྲེས་ཀྱང་དོན་སྙིང་ཅུང་ལྡན་པའི། །
ཨ་བར་བྲིས་པའི་གདམས་ངག་གསེར་གླིང་མ། །
ཨ་ཞང་ང་ཡིས་ཚ་བོ་རྣམས་ལ་གདམས། །
ཨ་མའི་བུ་ཁྱེད་འདི་ལྟར་བརྩོན་གྱུར་ཅིག །

གདམས་རྩོམ་འདི་ནི་ཡུན་རིང་མ་མཇལ་བའི་ཚ་བོ་བྱམས་མགོན་ལགས་གཙོར་བྱས་པའི་གཞིས་བཞུགས་ཀྱི་ཚ་བོ་ཚ་མོ་རྣམས་ལ་དེང་རབས་སྐད་འཕྲིན་གྱི་ལམ་ནས་ཕུལ་རྗེས་སྐྱར་དུ་འདིར་དྲངས་པའོ། །
Re:ཚ་བོར་ཕུལ་བའི་གདམས་ངག་གསེར་གླིང་མ། | 2013/9/27 13:07:14
luobianཀ་མད་བྲན་དུ་བཀོལ་ནས།།
ཁ་ཁོག་མཐུན་པའི་སྙིང་གཏམ།།
ག་ལེར་ཤོག་ངོས་བཀོད་པ།།
ང་ཚོས་དལ་གྱིས་མྱངས་ཡོད།།
Re:ཚ་བོར་ཕུལ་བའི་གདམས་ངག་གསེར་གླིང་མ། | 2013/9/26 17:29:51
སྐུ་མགྲོན་138Lcp(སྐུ་མགྲོན)མཁྱེན་ཡངས་ཧོར་རུ་གཙོས་སྐུ་མགྲོན་རྣམས་བདག་གི་གཞིས་ཀར་ཕེབས་པར་བཀའ་དྲིན་ཆེ་ཞུ།
ཟིན་བདག་ནས།
རྩོམ་པ་པོ།:སྐུ་མགྲོན་138Lcp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཚ་བོར་ཕུལ་བའི་གདམས་ངག་གསེར་གླིང་མ། | 2013/9/26 5:46:48
སྐུ་མགྲོན་0eu2Xk(སྐུ་མགྲོན)ཀ་གླུའི་དབྱངས་རྟ་སྙན་མོ་ཡིས།།
ཁ་ཁོག་མཐུན་པའི་ཚིག་གྱེར་ནས།།
ག་བར་བཞུགས་པའི་ཚ་བོ་ལ།།
ང་ཚོས་མཐོང་ངོར་བསླབ་གདམས་བསྩལ།།
རྩོམ་པ་པོ།:སྐུ་མགྲོན་0eu2Xk(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཚ་བོར་ཕུལ་བའི་གདམས་ངག་གསེར་གླིང་མ། | 2013/9/25 22:33:12
སྐུ་མགྲོན་Gkb4FR(སྐུ་མགྲོན)ཀ་ཁའི་དབྱངས་རྟ་རིང་བའི་གསེར་གླིང་མ།
ཞང་གིས་ཚ་ལ་བརྩེ་བས་གདམས་པ་འདི།
ཐག་རིང་ཡུལ་ནས་སེམས་གྱི་མདའ་མོ་ཞིག
གཞིས་ཡོད་གྲོགས་ཚ་ཡོངས་ལ་འཕང་བར་ངེས། ཧོར་རུས།
རྩོམ་པ་པོ།:སྐུ་མགྲོན་Gkb4FR(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.