ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱེད་ཀྱིས་མེས་པོའི་ཤུལ་བཞག་གླེང་ཨེ་ཤེས།  | 2011/9/11 0:46:00

འདི་ནས་ངས་ཕ་མེས་ཀྱི་ཤུལ་བཞག་གླེང་གི་ཡིན། བོན་དང་བོན་པོ་ཞེས་གླེང་དུས་གྲུབ་མཐའ་ཞིག་གི་རྣམ་བཞག་དང་དེའི་རྗེས་འཇུག་པས་དགེ་སྒྲུབ་ཇི་ལྟར་བྱ་དགོས་མིན་ཁོ་ན་ཙམ་མིན། ངས་བོན་གྱི་ལུགས་ལ་ཆེས་ཕུ་ཐག་རིང་བའི་ངོ་མཚར་གྱི་ལོ་རྒྱུས་རིང་མོ་ཞིག་གླེང་རྒྱུ་ཡོད་པར་མཐོང་སོང་ལ། སྲིད་ན་དཀོན་བའི་ཡར་རབས་ཀྱི་གོམ་སྲོལ་མང་པོ་ཞིག་ཀྱང་མཇལ་རྒྱུ་ཡོད་པར་མཐོང་སོང་། ད་དུང་ཕུན་སུམ་ཚོགས་པའི་རིག་གཞུང་གི་ཕུག་རྩ་མང་པོ་ཞིག་ཀྱང་བསྔོག་རྒྱུ་ལོས་ཡོད། འདི་ལྟར་བསམ་ཞིང་བསམ་ན་ལུས་ཅན་ཡོངས་ཀྱི་སྡུག་བསྔལ་སེལ་བའི་ཐབས་ཀྱི་ལམ་མཆོག་ཆེན་པོ་འདི་དང་། འཛམ་གླིང་ཕྱོགས་མཐའི་སྐྱེ་བོ་རྣམས་ཀྱིས་འགྲམ་ཆུ་ལྡང་སའི་བོད་གངས་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་འདི་དག་གི་བྱུང་ཁུངས་ཀྱི་མ་མ་ནི་རྟག་གཟིགས་ཞང་བོད་ཀྱི་མེས་པོ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་ཕ་ཤུལ་བུ་ལ་སྤྲད་པའི་གྲུབ་མཐའི་རྒྱལ་པོ་༸དྲུང་མུ་གྱེར་འདི་ལས་མ་འདས། ང་ཚོ་བོན་པོ་ཡོངས་ལ་འདི་ལྟ་བུའི་ཚེ་འདིར་༸གཡུང་དྲུང་བོན་མཆོག་རིན་པོ་ཆེ་དང་འཕྲད་ནས་སྦྱོང་བརྩོན་ཉམས་ལེན་དང་བགྲོ་གླེང་དཔྱད་བརྗོད་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི། ལུང་ལས་གསུངས་པའི་རིགས་བཟང་ཁུངས་བཙུན་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་ཤ་སྟག་ལོས་ཡིན་སྙམ།

ད་འདི་ནས་མར་ང་ཚོ་བོན་པོ་ཡོངས་ཀྱི་འགན་འཁྲི་སྟེ་ངེས་པར་བྱ་དགོས་པ་ཁག་ཞིག་གླེང་བར་འདོད། ལུང་ལས། བོན་པོས་བོན་མི་སྤྱོད་པ་ནི་བདུད་ཀྱི་རིགས་ཡིན་ནོ། ཞེས་གསུངས་ཡོད་པ་ནི་སྐབས་སུ་བབས་པའི་གཡུང་དྲུང་བོན་སྒོར་ཞུགས་པའི་བོན་པོ་ཞིག་གིས་བོན་མ་སྤྱད་ན་ཆེས་ངན་པ་སྟེ་བདུད་དང་འདྲ་བ་ཡིན་གསུངས་པར་སྙམ། སྤྱིར་བཏང་སྤྱི་ཚོགས་གང་ཞིག་ཏུ་ང་བོན་པོ་ཡིན་ཞེས་བཤད་པ་ཙམ་གྱིས་རང་ཉིད་ཀྱིས་འགན་འཁྲི་ཞིག་ཁུར་བ་ཡིན་སྟབས་ཡིད་རངས་བྱ་འོས་པ་རེད། འོན་ཀྱང་རང་ཉིད་ཇི་ལྟར་བོན་པོ་ཡིན་པ་དེ་ཤེས་དགོས་པ་ནི་དེ་བས་གལ་ཆེན་རེད། གལ་སྲིད་སེར་མིན་གྱི་མི་གང་མང་ཞིག་ལ་ཁྱེད་རང་ཇི་ལྟར་བོན་པོ་ཡིན་ཞེས་འདྲི་ཚེ། ངའི་ནང་ཚང་བོན་པོ་རེད། ཡང་ན། ངའི་ཕ་མ་གང་རུང་ཞིག་བོན་པོ་རེད་ཟེར་བ་ལས། ངས་བོན་ལ་ཉམས་ལེན་བྱེད་ཀྱི་ཡོད། ང་བོན་ལུགས་ཀྱི་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གངས་ཟག་ཡིན། བོན་གྱི་གཞུང་ལུགས་དང་ལོ་རྒྱུས་སོགས་ལ་བརྟག་ན་ང་བོན་པོ་རེད་འདུག་སོགས་ནི་གཏན་ནས་མི་ཟེར། དེས་ན་ང་བོན་པོ་ཡིན་ཞེས་པ་ནི་མིང་ཙམ་ལས་རང་ཉིད་བོན་པོ་ཞིག་ཡིན་ན་གང་ཞིག་བྱ་དགོས་མིན་སོགས་ཀྱི་ཤེས་ཡོན་ནི་རྨོངས་གཉིད་ནས་གཏན་ནས་སད་མེད། དེ་དག་ནི་སོ་སོའི་སྐྱོན་ཁོ་ན་མིན་པར་གཙོ་བོ་བོན་གཞུང་ཁག་དང་བོན་གྱི་ལོ་རྒྱུས་ལ་གོ་རྟོགས་ཡོད་མཁན་རྣམས་ཀྱིས་འགན་མ་ཁུར་བས་རེད།

ངས་ནུབ་ཕྱོགས་པའི་ཕྲུ་གུ་ཆུང་ཆུང་འགའ་ལ་ཁྱེད་རང་ཡི་ཤུ་བ་ཇི་ལྟར་ཡིན་ཞེས་སྐད་ཆ་དྲིས་པ་ཡིན། ཁོ་ཚོས་ཐོགས་པ་མེད་པར་ང་ཚོས་གཙོ་བོ་དཀོན་མཆོག་ལ་དད་པ་དང་ཁོང་གི་གསུངས་རབ་ལ་ཡིད་ཆེས་བྱེད་ཀྱི་ཡོད་ཟེར། ད་དུང་བུ་མོ་ཆུང་ཆུང་དེས་ང་ལ་ཡི་ཤུའི་སྐོར་ལས་བླངས་དོར་གྱི་སྒྲུང་ཐུང་ཞིག་ཀྱང་བཤད་སོང་། ངས་ཁྱེད་རང་སྒྲུང་དེ་གང་ནས་ཤེས་སོང་ཞེས་དྲིས་སྐབས། ཁོ་མོས་ངས་དཀོན་མཆོག་གི་གསུངས་རབ་བཀླགས་པ་ཡིན་ཟེར། ཕྲུ་གུ་ཆུང་ཆུང་འདི་ཚོས་ཡི་ཤུའི་གསུངས་རབ་བཀླགས་ནས་བླངས་དོར་བྱེད་པ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་མིན་ལ་གཙོ་བོ་ནང་མིའི་གོམ་གཤིས་དང་དགེ་རྒན་གྱི་བསླབ་བྱ་སོགས་ལས་བྱུང་བ་རེད།

དེས་ན་རང་རེ་བོན་གྱི་གཞུང་ལུགས་དང་ལོ་རྒྱུས་ལ་མངའ་སྙན་པའི་མཁས་དབང་བླ་སྤྲུལ་རྣམས་ཀྱིས་བོན་གྱི་ལྷ་སྡེ་འདུ་འཛོམས་སར་དབང་ལུང་ཁྲིད་གསུམ་སྐབས་རྟག་ཏུ་བློ་ལྡོག་རྣམ་བཞི་དང་དལ་བརྒྱད་འབྱོར་བཅུ་བགྲང་རྒྱུ་ཙམ་མིན་པར་རྟག་གཟིགས་རྒྱ་ཞང་བོད་སོགས་ལས་འཕྲོས་ཏེ་བོན་གྱི་བྱུང་ཁུངས་དང་ལོ་རྒྱུས། འདི་ཉིད་ལ་ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་སྟེ་ད་བར་སྤྲིན་སྲིབ་ཀྱི་ཉི་མ་བཞིན་གོད་ཆག་ཇི་བྱུང་རྣམས་རྒྱ་ཆེའི་ལྷ་སྡེ་མི་སྡེ་རྣམས་ལ་གོ་རྟོགས་སྤེལ་དགོས་པ་གལ་ཆེན་ཞིག་ཏུ་མཐོང་། དེ་དང་འདྲ་བར་ས་གནས་ཀྱི་བོན་འབངས་རྣམས་ཡང་ཡང་འཛོམས་ནས་བླ་སྤྲུལ་མཁས་དབང་སོགས་གདན་འདྲེན་གྱིས་བོན་གྱི་ལོ་རྒྱུས་དང་ཉ་སྟོང་དུས་ཆེན། སྙིང་པོ་རྣམ་གསུམ་དང་མཆོད་པ་རྣམ་ལྔ་སོགས་ཀྱི་ཕན་ཡོན་དང་གོ་དོན་ལྟ་བུའི་ཐད་ལ་བགྲོ་གླེང་དང་གོ་རྟོགས་སྤེལ་རེས་བྱ་དགོས་གལ་ཆེ། ལྷག་པར་བོན་གྱི་གཞོན་སྐྱེས་ཚོས་ཀྱང་སོ་སོའི་ཕ་མེས་ཀྱིས་གནང་བའི་ཤུལ་བཞག་འདིའི་ལོ་རྒྱུས་ཤེས་དགོས་ལ། སོ་སོ་རང་ཉིད་ཇི་ལྟར་བོན་པོ་ཡིན་པ་དེ་ཡང་ཤེས་དགོས། ལྷག་པར་སློབ་གྲྭར་འགྲིམ་བཞིན་པའི་བོན་གྱི་གཞོན་སྐྱེས་ཚོས་ཀྱང་རང་ཉིད་བོན་པོ་ཡིན་ལབ་ན་ངོ་ཚ་དགོས་པ་དང་ཞེད་དགོས་པ་ཅི་ཡང་མེད། དེའང་ཇི་ལྟར་ངོ་ཚ་དགོས། རྒྱ་གར་སྤྲང་པོའི་ལག་ནས་མ་ཉོས། རྒྱ་ནག་བག་མའི་སྐལ་རྫོང་དུ་མ་འོང་པའི་རང་རེ་བོད་གངས་ཅན་པའི་ཕ་ནོར་སྤྱོད་པར་དགའ་བ་སྒོམ་དགོས། ཞེད་ཀྱང་མི་དགོས། ད་ལྟའི་དུས་འདིར་ཤར་ནུབ་འཛམ་གླིང་གི་སྒོ་མོ་ཕྱེ་ཡོད་སྟབས། བོན་པོ་ཡིན་ཟེར་ན་སྐེ་གཅོད་པ་དང་རྐོ་ཐུམ་རྒྱག་པ། བོན་དགོན་ཡིན་ཟེར་ན་གསེར་འཕྲུ་ར་རྔ་ཙམ་ཡང་རྒྱག་དབང་མེད་པའི་དུས་ཚིག་ནག་པོ་དེ་དག་སླར་ཡང་འཆར་མི་སྲིད།

སྤྱིར་ཡ་ཐོག་ནས་བཟུང་རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་དབང་ལུང་མན་ངག་དང་ཤེས་འཇོན་རིག་སྟོབས་ཀྱིས་ཕྱུག་པའི་བླ་མ་རྣམས་ལ་གོམ་གཤིས་བཟང་པོ་ཞིག་ཡོད་པ་ནི་འཁོར་དང་རྒྱལ་སྲིད་རྗེས་བཞག་གི་ཡིག་ཚང་སོགས་ལ་དུག་ཏུ་གཟིགས་ཏེ་གཡའ་རི་གངས་བྲག་ལ་གནས་འཆའ་འགྲོ་བ་འདི་རེད། འཁོར་བ་དུག་གི་འདམ་རྫབ་འདི་དག་ལ་གཞིག་ན་གཡུང་དྲུང་སེམས་དཔའི་སྤྱོད་པ་ལོས་ཡིན་ཀྱང་། མ་འོངས་བུ་རབས་ཚ་བརྒྱུད་རྣམས་ལ་གཞིག་ན་རྗེས་བཞག་གི་ཡིག་ཚང་མེད་པ་འདི་དག་གིས་ལོ་རྒྱུས་ལ་ཉུང་འཕྲི་བྱས་ཡོད།

བོན་གྱི་དགོན་སྡེ་དང་བོན་ཚོགས་སློབ་གླིང་རྣམས་ཀྱིས་གནང་དགོས་པ་ཞིག་ནི་སློབ་ཁྲིད་དང་སློབ་ཚན་ཐད་ལ་དགོངས་པ་ངེས་ཅན་བཞེས་དགོས་འདུག རྩ་བའི་གཞུང་ལུགས་སྐོར་ལ་གླེང་མི་དགོས་པ་ནི་བོན་ཚོགས་སློབ་གླིང་ཁག་ནས་བོན་གྱི་མདོ་འབུམ་བརྒྱུད་མཛོད་དང་སྒོ་བཞི་མཛོད་ལྔ་སོགས་གཞུང་ལུགས་གསེར་གྱི་ཐང་མ་འདྲ་བ་དེ་དག་འཆད་ཁྲིད་གནང་དང་གནང་བཞིན་ཡོད། འོན་ཀྱང་རིག་གནས་སྐོར་ལ་གླེང་དགོས་པ་འགའ་ཞིག་འདུག སློབ་གླིང་ཁག་ཏུ་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་ཡ་ཐོག་ཞང་ཞུང་སྐོར་གྱི་སློབ་ཚན་དགོས་ཀྱི་འདུག དེའི་སྐོར་ལ་རིགས་གཅིག་རྐང་འཛིན་ལྟ་བུའི་ཆེད་ལས་མི་སྣ་གསོ་སྐྱོང་གནང་དགོས་ངེས་རེད། གོང་གི་སློབ་ཚན་དེའི་ཁོངས་སུ་བོན་དང་ཞང་བོད་ཀྱི་ལོ་རྒྱུས་དང་། ཞང་བོད་སྒྲ་ཡི་སྡེབ་སྦྱོར། ཞང་ཞུང་དང་འབྲེལ་བའི་ཆབ་དཔལ་རིག་གསུམ་སོགས་གླེང་དགོས་འདུག ལྷག་དོན་སྒྲ་སྡེབ་སྦྱོར་སྐབས་སུ་ངེས་པར་དུ་ཞང་བོད་སྒྲ་ཡི་སྡེབ་སྦྱོར་འཁྲིད་ན་དགེ་མཚན་ཆེ། ད་བར་བོན་གྱི་སློབ་གླིང་མང་པོ་ཞིག་གི་ནང་དུ་ལེགས་སྦྱར་གྱི་སྒྲ་ཡི་སྡེབ་སྦྱོར་འཁྲིད་ཀྱིན་འདུག སྤྱིར་རང་རེའི་གཞུང་ལུགས་རྣམས་སུ་ལེགས་སྦྱར་སྡེབ་སྦྱོར་གྱི་རྩ་བ་འདི་ཡིན་ཞེས་པ་ཞིག་ད་བར་མ་མཇལ་ལ། ཁྱུང་སྤྲུལ་རིན་པོ་ཆེས་དབྱངས་ཅན་སྒྲ་མདོའི་བྱུང་བ་འཆད་སྐབས་ཡུམ་ཆེན་ཐུགས་རྗེ་བྱམས་མའམ་མཚོ་བྱུང་སྒྲ་དབྱངས་རྒྱལ་མོའི་ཐུགས་ཀྱི་དགོངས་པ་ལས་བྱུང་བ་འདྲ་ཞིག་གསུངས་ཡོད། རང་རེ་བོན་ལུགས་ལ་སྲིད་པའི་མཛོད་ཕུག་ཆེན་མོ་དང་། ཤ་རིའི་སྒྲ་མདོ། རྣམ་པར་རྒྱལ་བའི་སྒྲུབ་སྐོར་སོགས་ཞང་བོད་ཤན་སྦྱར་བའི་སྒྲ་གཞུང་འགའ་ཞིག་ནི་ཡོད་ངེས་གཏན་རེད། དེ་དང་ཕྱོགས་མཚུངས་དེང་གི་ཕྱི་རྒྱལ་གྱི་མཁས་དབང་རྣམ་པས་བོན་གྱི་གཞུང་ལུགས་ལས་བཏུས་ཏེ་བསྒྲིགས་པའི་ཞང་བོད་ཀྱི་ཚིག་མཛོད་ཆེན་མོ་མི་འདྲ་བ་གསུམ་བཞི་ཞིག་ཀྱང་མཇལ་གྱི་འདུག སློབ་ཚན་འདི་དག་གི་མཉམ་དུ་རང་རེ་བོན་གྱི་ཐུན་མིན་གྱི་ཡིག་གཟུགས་སྤུངས་སྨར་དང་སྒུར་ལྗིབ་འཁྱུག་སོགས་ངེས་པར་དུ་འབྲི་ཤེས་པ་བྱ་དགོས་འདུག

གང་ལྟར་བོན་རང་ལུགས་ལ་ཡོད་པའི་ལོ་རྒྱུས་དང་ཡིག་ཚང་དེ་དག་ལ་ཉམས་ལེན་སྦྱོང་བརྩོན་གནང་ཐུབ་ན་ནམ་ཞིག་རང་གཞན་གཉིས་ཀ་ལ་ཕན་ཐོག་འབྱུང་གི་རེད། གཡུང་དྲུང་སེམས་དཔའ་སེམས་མ་སྐྱེས་ཆེན་གོང་མ་རྣམས་ཀྱིས་སྲོལ་བཏད་ནས་བཞག་པའི་རང་རེ་བོན་ལུགས་ལ་གང་ཡོད་པ་དེས་འདང་གི་ཡོད་བཞིན་དུ་ཆོས་ལུགས་གཞན་དག་ཁག་གི་ལེད་མོ་བྱེད་ཉན་གྱི་མི་འདུག དཔེར་ན་ཡུལ་ལུང་གཞན་དག་ཞིག་དང་མི་རིགས་གཞན་དག་ཞིག ཡང་ན་གྲུབ་མཐའ་གཞན་དག་ཞིག་གི་མི་རིགས་སོགས་གང་ཞིག་ཐུག་ཚེ་ཁྱེད་རང་བོན་པོ་ཡིན་པ་ཤེས་རྗེས་བོན་གྱི་གཞུང་ལུགས་དང་ལོ་རྒྱུས་སོགས་འདྲི་ཡི་འདུག་མ་གཏོགས། ས་དགེ་བཀའ་རྙིང་གི་སྐོར་ལ་འདྲི་ཡི་མི་འདུག དེ་མིན་གྱི་གྲུབ་མཐའི་ལུགས་ཀྱང་འདྲི་ཡི་མི་འདུག དེ་མ་ཤེས་ནའང་ཁྱེད་རང་གླན་པ་རེད་ཟེར་མཁན་ཡང་མི་འདུག

ང་ལ་དེ་སྔོན་ཕྱི་གླིང་བའི་གསར་འགོད་པ་ཞིག་གིས་བོན་པོའི་དགེ་བཤེས་མཛད་སྒོའི་ཐོག་བོན་པོའི་དགེ་བཤེས་དེ་ཚོས་དགེ་ལུགས་པའི་ཞྭ་སེར་དེ་གྱོན་གྱི་འདུག དེ་ག་རེ་རེད་ཟེར། ངས་དེ་སྔོན་བོན་གྱི་གཞུང་ལུགས་ཁག་ཏུ་ཞྭ་སེར་གྱི་རྣམ་བཤད་མ་མཐོང་སྟབས་བོན་ཕྱོགས་ནས་འཚམ་པའི་ལན་ཅི་ཡང་མ་རྙེད། འོན་ཀྱང་ངས་ཁོང་ལ་དེ་དམིགས་བསལ་དགེ་ལུགས་པའི་གང་ཡང་མ་རེད་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་གྱི་ལུགས་ལ་འདུལ་བའི་ཆས་གོས་ཐད་སྔོ་དམར་སེར་གསུམ་ངུར་སྨྲིག་ཙག་སོགས་གོན་ཆོག་གི་ཡོད་པ་རེད་ཅེས་ལན་བཏབ་པ་ཡིན།

མདོར་ན་རང་ཉིད་བོན་པོ་ཞིག་ཡིན་ཚར་བའི་རྗེས་ལ་རང་ཉིད་ཇི་ལྟར་བོན་པོ་ཡིན་མིན་དང་། གཡུང་དྲུང་བོན་ཟེར་ན་གང་རེད། དེའི་ལུགས་ཇི་ལྟར་བྱེད་དགོས་ཀྱི་འདུག དེའི་ལོ་རྒྱུས་དང་བྱུང་ཁུངས་ཇི་ལྟར་ཡིན་མིན་ཅུང་ཙམ་རེ་ཤེས་ཐབས་བྱ་དགོས་འདུག་ལ། མཁས་དབང་བླ་སྤྲུལ་རྣམས་ཀྱིས་ཀྱང་གཞུང་ལུགས་ཀྱི་གནད་བཀྲོལ་བར་གལ་ཆེའང་སྤྱིར་བཏང་བོན་དང་འབྲེལ་བའི་ལོ་རྒྱུས་ཏེ་ཆུང་ཙག་གི་རིགས་ལའང་ཐུགས་སྣང་གནང་དགོས་འདུག་སྙམ་མོ།། །།


ཞེས་སྣ་ཟིན་སྤུ་ཟིན་གྱི་རྩོམ་ཐུང་འདི་ཉིད་གྲུབ་མཐའི་རྒྱལ་པོ་༸གཡུང་དྲུང་བོན་ལ་དུང་བ་ཟབ་པའི་དགེ་མིང་པ་འོད་རྒྱལ་གྱིས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༡ ཟླ ༩ ཚེས་ ༡༠ ཉིན་བྲིས།། །།

Re:ཁྱེད་ཀྱིས་མེས་པོའི་ཤུལ་བཞག་གླེང་ཨེ་ཤེས། | 2018/8/28 7:56:11
སྐུ་མགྲོན་tXOb6E(སྐུ་མགྲོན)དཔྱད་གསུམ་ཚད་མའི་རྒྱབ་ལྗོངས་བཙན་པའི་དཔྱོད་ཤེས་ཀྱི་ཡིག་འབྲུ་གསོན་པོ་སྟེ། གཤེན་ཚེ་ཚང་གི་ལེགས་རྩོམ་ཆུ་བཞིའི་རྒྱུན་ལྟར་སྤེལ་བའི་རེ་སྨོན་ཆེའོ། གུས་པ་ཁྱུང་བསོད་བློ་འབོད་པ་དེས།
རྩོམ་པ་པོ།:སྐུ་མགྲོན་tXOb6E(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱེད་ཀྱིས་མེས་པོའི་ཤུལ་བཞག་གླེང་ཨེ་ཤེས། | 2011/9/17 5:52:35
woserགོང་གི་མཁྱེན་ལྡན་རྣམ་པས་གདེང་འཇོག་གནང་བར་བཀའ་དྲིན་ཆེ།
Re:ཁྱེད་ཀྱིས་མེས་པོའི་ཤུལ་བཞག་གླེང་ཨེ་ཤེས། | 2011/9/15 14:38:52
སྐུ་མགྲོན་གཡུ་འབྲུག(སྐུ་མགྲོན)འོད་རྒྱལ་གྱིས་བོན་གྱི་རིག་གཞུང་ལ་བཅང་བའི་བརྩེ་དུང་མཐོང་སོང་། སྨྲེ་ངག་གོ་བྱུང་། མིག་ཆུ་རིག་སོང་། ལོས་རེ་བདེན་ཏེ་ང་རང་ཚོས་མེས་པོའི་ཤུལ་བཞག་རིག་གནས་དང་སྙིང་སྟོབས་གླེང་དགོས་གི་གླེང་བས་མི་ཚད་མེས་པོ་དག་གིས་སྲོག་ཏུ་གདོས་པའི་མཁས་འཛང་རྟུལ་ཕོད་ཀྱི་སྙིང་སྟོབས་ལ་ཡར་ལ་སློང་ཏེ་མི་རིགས་འདི་དངཤེས་རིག་འདི་གཅིག་ཏུ་སྒྲིལ་ཏེ་ཡོངས་སུ་ཁྱབ་པའི་བྱེད་ཐབས་ཀྱིས་འཛམ་གླིང་འདི་དང་འཇིག་རྟེན་ཁམས་ན། ཇི་སྲིད་དུས་ཀྱི་བགྲོད་པ་མི་འདའ་བ་དེ་སྲིད་བགྲོ་ཞིང་གླེང་བ་ང་རང་ཚོའི་མ་བཀུར་དང་བླང་གི་འགན་འཁྲི་ཞིག་ཏུ་སེམས་ན་ཡ
ང་། ཅིས་ཀྱང་ངེས་དགོས་པ་ཞིག་ལ་ང་ཚོ་མེས་པ་ངོ་ཤེས་དགོས་ཀི དེ་བས་ཀྱང་མེས་པོ་གླེང་ཤེས་དགོས་ཀི སོ་སོའི་མེས་པོ་ལ་དགའ་གུས་ཡོད་པ་ནི་བདེན་དུ་ཆུགས་ཀྱང་ཕྱོགས་སུ་མ་ཆད་རིས་སུ་མ་བོར་ཏེ་ཤེས་རིག་གི་ངོས་དང་མཁས་འཛང་དཔའ་རྟུལ་གྱི་ངོས། བྱ་ངན་ནོར་འཁྲུལ་གྱི་
ངོས་སོགས་ཡོངས་སུ་་གླེང་ན་ད་གཟོད་ང་རང་
ཚོས་མེས་པོའིརྣམ་ཤེས་་ཕྲ་མོ་ལ་བདེ་བའི་མལ་ས་ཞིག་གི་སྟ་གོན་གཞི་ནས་གྲུབ་པའི་བྱུང་ཚོར་འགོགས་མེད་དུ་འཆར་གི་འདུག ཐུགས་རྗེ་ཆེ། ཡ་བྲང་གཡུ་འབྲུག་ཚེ་རིང་གིས་རྒྱ་ནག་རྒྱལ་ས་པེ་ཅིན་ནས།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
གཡུ་འབྲུག་ལགས་བདག་གི་ཟིན་བྲིས་སུ་ཕེབས་ནས་དཔྱད་གཟིགས་གནང་བར་ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་གཡུ་འབྲུག(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.