ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཉིན་ཐོ་འབྲི་བ། | 2012/8/17 20:09:00
གང་ཞིག་ལ་ཉིན་ཐོ་ཟེར། 
ཉིན་ཐོ་ནི་སོ་སོ་རང་ཉིད་ཀྱི་“ཉིན་”གཅིག་གི་གནས་ཚུལ་རྣམས་ཡིག་ལམ་དུ་“ཐོ་”འགོད་བྱེད་པ་ཞིག་ལ་ཟེར། འདི་ལ་རིགས་གཉིས་ཏེ་དབྱིན་སྐད་དུ་ཌེ་རི་ (Diary) “ཉིན་ཐོ་”དང་ཇོ་ནཱལ་(Journal) “ཉིན་ཐོ་རིང་མོ་”གཉིས་སུ་ཡོད། ཌེ་རི་ནི་ཉིན་གཅིག་གི་གནས་ཚུལ་རྣམས་ཤོག་ངོས་གཅིག་ཁོ་ནས་གདང་བར་བྱེད་པའི་ཟིན་ཐོ་ཞིག་དང་། ཇོ་ནཱལ་ནི་ཤོག་ངོས་གཅིག་ལས་མང་བའམ་ངེས་གཏན་མེད་པར་ཆེས་ཆེར་རྒྱས་བཤད་བྱས་པ་ཞིག་ལ་ཟེར། འདི་དག་ལ་འགོད་ལུགས་མི་འདྲ་བ་འགའ་ཞིག་ཡོད། དཔེར་ན། རང་ཉིད་ཁོ་ནའི་སྐོར་འགོད་པ། རང་ཉིད་དང་རང་ཉིད་དང་འབྲེལ་བའི་སྐོར་འགོད་པ། རང་ཉིད་དང་དངོས་སུ་མ་འབྲེལ་ནའང་གལ་ཆེའི་གནས་ཚུལ་ཐོ་འགོད་བྱེད་པ་ལྟ་བུ་རེད། དང་པོ་ནི། སོ་སོ་རང་ཉིད་ཞོགས་པ་ལོང་ནས་དགོང་མོ་མ་ཉལ་བར་དུ་རང་ཉིད་ལ་དངོས་སུ་འཕྲད་པའི་གལ་ཆེའི་གནས་ཚུལ་རྣམས་ཡིག་ལམ་དུ་འགོད་པ་ཞིག་ལ་ཟེར། དེའི་མཉམ་དུ་རང་བཞིན་གྱིས་གཞན་གྱི་གནས་ཚུལ་ཡང་ཕྲན་བུ་ཡོང་སྲིད། གཉིས་པ་ནི། མི་གཞན་གྱི་གནས་ཚུལ་འགའ་ཞིག་རང་ཉིད་དང་འབྲེལ་བའི་རྒྱུ་མཚན་གྱིས་ཆེས་ཆེར་བརྗོད་པ་ཞིག་ལ་ཟེར། དེའི་ནང་དུ་གང་ཟག་གཞན་གྱི་སྐོར་ཟབ་བཤད་བྱེད་པར་ཡོང་། གསུམ་པ་ནི། རང་ཉིད་དང་མ་འབྲེལ་ནའང་ཡ་མཚན་ནམ་འཁོར་ཡུག་དབང་གིས་དང་། གལ་ཆེའི་དུས་ཚིག་གམ་གནད་ཆེའི་དོན་རྐྱེན་སོགས་འགོད་པ་ལ་ཟེར། སྤྱིར་ལོ་རྒྱུས་ལ་སྤྲོ་བའི་ཉིན་ཐོ་འབྲི་མཁན་ཞིག་ལ་མཚོན་ན་འདི་ནི་ངེས་པར་དགོས་པའི་ཐབས་ལམ་ཞིག་རེད། 

ཉིན་ཐོའི་བྱུང་རིམ།
ཤར་ནུབ་ཀྱི་ཡུལ་གྲུ་རྣམས་སུ་ལོ་རྒྱུས་བྱུང་རིམ་མི་འདྲ་བའི་དབང་གིས་འདི་དག་གི་སྐོར་འཆད་ཚུལ་མི་འདྲ་བ་ཡོང་གི་ཡོད། ཤར་ཕྱོགས་ཀྱི་རིག་གཞུང་ལ་དུང་བའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འཛམ་གླིང་སྟེང་གི་ཉིན་ཐོ་རྙིང་ཤོས་དེ་ནི་ཉི་ཧོང་གི་མི་རིགས་ཏོ་ས། ནིཀི་(Tosa Nikki)ཡི་“ཏོ་ས་ཉིན་ཐོ་”(Tosa Diary 935 A.D) ཞེས་པ་དེ་ཡིན་པར་འདོད་ཀྱི་ཡོད། འོན་ཀྱང་ནུབ་ཕྱོགས་ཀྱི་རིག་སྨྲ་བ་རྣམས་ཀྱིས་འདིའི་སྐོར་ཆེར་གླེང་གི་མེད། ཁོ་ཚོའི་ཡོངས་གྲགས་གླེང་གཞི་གཙོ་བོ་ནི་ཕྱི་ལོའི་དུས་རབས་གཉིས་པའི་ནང་རོ་མན་གྱི་རྒྱལ་པོ་མཱར་ཁུསུ། ཨའུ་རེ་ལིའུསུ་(Marcus Aurelius)ཡིས་གྷི་རིག་གི་ཡི་གེའི་ནང་བྲིས་པའི་“ང་རང་ཉིད་ཀྱི་ཆེད་དུ་”ཞེས་པ་དེ་སྔ་ཤོས་ཞིག་དང་། ཡང་འཇར་མན་གྱི་བུད་མེད་ཨ་ནེ། ཕི་རེངཀ།(Anne Frank )ཡིས་ཕྱི་ལོ་ ༡༩༤༢ ལོར་འཇར་མན་སྐད་ཡིག་ཐོག་བྲིས་ཤིང་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་དངོས་བརྗོད་བྱས་པའི་“བུ་མོ་ཆུང་ཆུང་ཞིག་གི་ཉིན་ཐོ་” ཞེས་པ་རྣམས་ནི་གྲགས་ཆེ་བ་དང་ཚད་ལྡན་གྱི་“ཉིན་ཐོ་”ཞེས་པའི་མིང་གི་བརྗོད་གཞི་དང་མཐུན་པར་ངོས་འཛིན་གྱི་ཡོད། མི་སྒེར་པ་ཞིག་གི་ཉིན་ཐོ་སྤྱི་ཚོགས་ཀྱི་ཁྲོད་དཔར་བསྐྲུན་ཐོག་མ་བྱས་པ་ནི་ཕྱི་ ༡༦༦༠ ལོར་བྲིས་ཞིང་ཕྱི་ལོ་ ༡༨༢༥ ལོར་དཔར་དུ་བཏབ་པའི་སཱ་མོལ། པེབསེ (Samuel Pepys) ཡི་ཉིན་ཐོ་དེ་ཡིན་པར་ཤོད་ཀྱིན་ཡོད། ད་དུང་འཛམ་གླིང་སྟེང་ཆེས་རིང་ཤོས་ཀྱི་ཉིན་ཐོ་ཞིག་ཀྱང་ཡོད་པ་ནི་ཡིག་འབྲུ་ས་ཡ་ ༣.༧༥ (Million 3.75) ཡོད་པའི་སྐུ་ཞབས་རེབ། ཤེལསུ་ (Rev Shields) ལགས་ཀྱི་ཉིན་ཐོ་ལྟ་བུ་རེད། 
རང་རེ་གངས་ཅན་ལྗོངས་སུ་ཉིན་ཐོ་སྔ་ཤོས་དང་ཉིན་ཐོ་རིགས་པར་དཔར་བསྐྲུན་བྱས་ཡོད་མེད་ཀྱི་དཔྱད་གཞི་དབེན་པས་རེ་ཞིག་གླེང་ཐབས་བྲལ། འོན་ཀྱང་བློ་ལྡན་སུ་ཞིག་གིས་མཁྱེན་ཀྱི་ཡོད་ཚེ་རྩོམ་འདིའི་གཤམ་དུ་གླེང་རོགས་ཞུ། 

ཉིན་ཐོ་འབྲི་བའི་དམིགས་ཡུལ། 
མི་སོ་སོའི་བསམ་སྤྱོད་མི་འདྲ་བའི་རྒྱུ་མཚན་གྱིས་ཉིན་ཐོ་འབྲི་བའི་དམིགས་ཡུལ་ཀྱང་ཁག་འགའ་ཞིག་ཡོད། དཔེར་ན། སོ་སོའི་སྐད་ཡིག་ལ་དུང་བའི་རྒྱུ་མཚན་གྱིས་བརྡ་དག་སོགས་ཡར་རྒྱས་གཏོང་རྒྱུའི་ཆེད། རང་སོགས་ལ་ཉིན་གཅིག་གི་རིང་འཕྲད་པའི་དོན་རྐྱེན་རྣམས་རང་དང་བློ་ཁ་མཐུན་པའི་གྲོགས་རྣམས་ལ་བཤད་རྒྱུའི་ཆེད། ཉིན་གཅིག་གི་རིང་རང་གཞན་སུ་ལའང་འབྲེལ་བའི་གནས་ཚུལ་བྱུང་བ་རྣམས་མི་བརྗེད་པའི་ཆེད། ཉིན་རེར་སོ་སོའི་མི་ཚེའི་ནང་མཐོང་ཐོས་མྱོང་གསུམ་བྱུང་བ་རྣམས་མ་འོངས་པར་ལོ་རྒྱུས་འབྲི་བའི་ཆ་རྐྱེན་དུ་བསྐྲུན་པ་སོགས་འགའ་ཞིག་ཡོད། 

ཉིན་ཐོ་འབྲི་བའི་ཆ་རྐྱེན། 
དེ་ནི་སླ་པོའི་ཐོག་ནས་བཤད་ན་སྡེ་ཚན་གསུམ་རེད། འབྲི་གཞིའི་དེབ་དང་སྨྱུ་གུ། འབྲི་བྱེད་ཡིག་རིགས་ཀྱིས་དོན་གོ་ནུས་པ། འབྲི་ནུས་ཀྱི་བསམ་བློ་ཕྱུག་པོ་ཡིན་པ་དང་གསུམ་རེད། འབྲི་གཞི་དེབ་ཚད་ནི་སྤྱིར་ཡོངས་ལྟར་ཚོང་ཁང་སོགས་ནས་ཉིན་ཐོའི་དེབ་རིགས་དམིགས་བསལ་བ་དེ་འདྲ་ཉོ་རྒྱུ་ཡོད། འོན་ཀྱང་རབ་བྱུང་ན་ཉིན་རེར་ཤོག་ངོས་རེ་(གཟའ་སྤེན་པ་དང་ཉི་མར་ཕྱེད་ལས་མེད་མཁན་མང་)ཡོད་པའི་ཉིན་ཐོའི་དེབ་དེ་འདྲ་ཉོ་དགོས། ཡང་འགའ་ཞིག་གིས་སྤྱིར་བཏང་གི་དེབ་སྟོངས་དེ་འདྲ་ཉོ་ནས་སོ་སོས་ཉིན་རེར་ཟླ་ཚེས་སམ་ཉིན་གྲངས་འགོད་པའི་ལུགས་ཀྱང་ཡོད། སྨྱུ་གུ་ནི་རབ་བྱུང་ན་ཆུ་སྣག་མིན་པའི་སྣུམ་སྨྱུག་(Ball pen) སོགས་ཀྱིས་འབྲི་ན་ལེགས། ཡིག་རིགས་གང་ཞིག་བེད་སྤྱོད་ཀྱང་རུང་ལ་མ་མཐའ་གང་བྲིས་པ་དེས་ཕར་རོལ་པོ་ལ་གོ་ནུས་པ་ཞིག་འབྲི་ཐུབ་དགོས། འབྲི་ནུས་ཀྱི་བསམ་བློ་ནི་ཐོག་མར་ལོ་གཅིག་གི་ཞག་མ་སུམ་བརྒྱ་དྲུག་ཅུ་དེ་འཁྱོལ་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས་སྙམ་པའི་བློ་གཏན་པོ་ཡོད་དགོས་པ་གཞིར་བཅས། ཉིན་གཅིག་གི་གནས་ཚུལ་རྣམས་ཡིད་འཇོག་དང་དོ་སྣང་ཐོག་དོ་དགོང་ཡིག་ཐོག་ཏུ་འབེབ་རྒྱུའི་གྲ་སྒྲིག་ཡོད་དགོས། དེང་སང་ཉིན་ཐོ་འབྲི་མཁན་འགའ་ཞིག་གིས་ཐབས་ལམ་གཞན་ཞིག་བེད་སྤྱོད་ཀྱི་ཡོད་པ་ནི། དྲ་ལམ་དུ་“ངའི་ཉིན་ཐོ་”ལྟ་བུའི་དྲ་གནས་བཟོས་ཏེ་ཉིན་བསྟར་ཟིན་བྲིས་རྒྱག་པ་དང་། ཡང་སྒྲ་འཇུག་ཡོ་ཆས་ཤུགས་ཚད་ཨང་ ༥༠ ཅན་སོགས་བེད་སྤྱོད་དེ་ཉིན་གཅིག་གི་གནས་ཚུལ་རྣམས་དགོང་མོར་སྒྲ་འཇུག་བྱེད་པ་སོགས་ཡོད། 

ཉིན་ཐོ་ཇི་ལྟར་འབྲི་དགོས། 
ཉིན་གཅིག་ནང་འཕྲད་པའི་དོན་རྐྱེན་བཟང་ངན་ཡོད་ཚད་སྦ་གསང་མེད་པའི་ཐོག་ནས་ཡིག་ལམ་དུ་ཁ་གསལ་གོ་བདེར་འབྲི་བ་དང་། གལ་སྲིད་ཉིན་ཐོ་མི་གཞན་གྱིས་བཀླག་དོགས་ཀྱི་བསམ་བློ་ཡོད་ཚེ་གསང་བའི་གནས་ཚུལ་རྣམས་རང་ཁོ་ནས་ཧ་གོ་བའི་རི་མོ་དང་རྟགས་སོགས་ཀྱི་ཁོངས་སུ་བསྡུ་ཐབས་བྱེད་པ་སོགས་མི་འདྲ་བ་ཡོད། འབྲི་ལུགས་ཀྱང་སྣ་ཁ་གཉིས་ཀྱི་ཁོངས་སུ་འདུས་ཆོག དང་པོ་ནི་ཉིན་ཐོའི་དེབ་ཆུང་དེ་ཉིད་རང་ལ་ཆེས་སྡུག་པའི་སྙིང་ཉེ་ལྟ་བུའི་འདུ་ཤེས་ཀྱིས་ཉིན་གང་རང་ལ་འཕྲད་པའི་གནས་ཚུལ་རྣམས་སྙིང་གཏམ་ཚུལ་དུ་གླེང་བ་ཞིག་སྟེ། དཔེར་ན། “བརྩེ་བའི་ཉིན་དེབ་ལགས། དེ་རིང་ང་ཚོ་ཕྱིང་བ་སྟག་རྩེ་མཇལ་བར་ཕྱིན་པ་ཡིན། དེ་ནི་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཀན་ན་འདུག ལོ་ངོ་བརྒྱ་ཕྲག་ཁ་ཤས་གོང་གི་བརྗིད་ཉམས་ལྡན་པའི་གནའ་མཁར་དེ་ད་ལྟ་ཕལ་ཆེར་གྱང་རོ་དང་ས་འབུར་ཙམ་ལས་མཐོང་རྒྱུ་མི་འདུག ཕྱིང་བ་སྟག་རྩེ་ནི་ཕྱི་ལོའི་གོང་གི་ 360.BC ནང་ཙམ་ལ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པར་གྲགས། ” ལྟ་བུ་ཉིན་ཐོ་རྒྱས་པ་འབྲི་བའི་ལུགས་(འདི་ཉིན་ཐོ་དངོས་འབྲི་བའི་ལུགས་ཡིན།)ཞིག་དང་། གཉིས་པ་ནི། ཉིན་གང་གི་གནས་ཚུལ་རྣམས་ཟིན་ཐོའི་ཚུལ་དུ་འགོད་པ་ཞིག་སྟེ། དཔེར་ན། “ས་གནས་ག་གེ་མོ་ནས་འགྲོ་ན་ཆུ་ཚོད་གཉིས་ཀྱི་རྗེས་སུ་ཕྱིང་བ་སྟག་རྩེར་སླེབས། ས་གནས་དེ་ནས་བླངས་པའི་པར་རྣམས་གསོག་འཇོག་བྱང་བུ་ཤུགས་ཚད་ ༡༦ ཅན་ནང་ཡོད། ” ལྟ་བུ་བསྡུས་པ་འབྲི་བའི་ལུགས་གཉིས་སུ་ཡོད། 
ས་མིང་དང་མི་མིང་སོགས་འབྲི་དགོས་ཚེ་ཡུལ་དེ་གའི་སྐད་གདངས་དང་ཡིག་རིགས་སོགས་ཀྱི་ལམ་ནས་འབྲི་ཐབས་བྱ་དགོས། ཉིན་ཐོ་རྒྱས་པ་འབྲི་མཁན་ཞིག་ལ་མཚོན་ན་ལྷག་པར་མི་སྣ་གཞན་ཞིག་གླེང་དགོས་ཚེ་དེའི་གཟུགས་དབྱིབས་དང་ཆ་བྱད་སོགས་ཞིབ་འབྲི་བྱ་རྒྱུ་གལ་ཆེན་ཡིན། རང་གཞན་སུ་ལའང་འཕྲད་པའི་གལ་ཆེའི་དོན་རྐྱེན་རྣམས་ཀྱི་དུས་ཚོད་ངེས་པར་དུ་ཐོ་འགོད་བྱ་དགོས། གང་བྲིས་པའི་བརྗོད་པ་རྣམས་ནག་ནོག་མིན་པར་གཙང་མ་དང་ཁ་སྐད་དུ་འབྲི་ཐབས་བྱེད་པ། གལ་ཆེའི་ས་གནས་སོགས་ཀྱི་སྐོར་འབྲི་དགོས་ཚེ་དེའི་ལོ་རྒྱུས་མདོར་བསྡུས་རེ་ཤེས་ཐབས་བྱེད་པ་སོགས་ནི་ཉིན་ཐོ་འབྲི་བའི་ཐབས་ལམ་ངོ་མ་དེ་རེད། 

ཉིན་ཐོ་འབྲི་བའི་ཕན་གནོད། 
ནུབ་ཕྱོགས་རིག་སྨྲ་བ་རྣམས་ཀྱིས་ཉིན་ཐོ་འབྲི་བའི་སྐོར་ལ་དོན་ཚན་བཅུ་དགུ་ཉི་ཤུ་ཙམ་གླེང་གི་ཡོད། འོན་ཀྱང་འདིར་མཁྱེན་དགོས་པའི་ཕན་གནོད་མདོར་བསྡུད་འགའ་ཞིག་གླེང་ན། དང་པོ་ཕན་ཡོན་ནི། སོ་སོའི་ཡིག་རིགས་ཐད་ཀྱི་བརྡ་དག འབྲི་རྩོམ་སོགས་ཡར་རྒྱས་འགྲོ་བ་དང་། རང་ཉིད་དང་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྣམས་ཤེས་ཡོན་ཅན་གྱི་མི་བུ་རུ་འགྱུར་ཐབས་ཀྱི་ཀུན་སློང་བཟང་པོ་ཡོང་བ། རང་དང་ཡང་ན་སོ་སོའི་འཁོར་ཡུག་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་འགའ་བྱུང་དང་འབྱུང་བཞིན་པ་རྣམས་ལོ་རྒྱུས་སུ་འགོད་པར་མཐུན་རྐྱེན་བསྐྲུན་པ་སོགས་ཀྱི་ཕན་ཡོན་དུ་མ་ཞིག་ཡོད། གཉིས་པ་གནོད་སྐྱོན་ནི། ཉིན་ཐོ་ནི་སོ་སོའི་སྙིང་དང་འདྲ་བའི་དངོས་པོ་རྩ་ཆེན་ཞིག་ཏུ་བརྩི་ནས་རྟག་ཏུ་མཉམ་ཁྱེར་དགོས་པ་ལས། མི་མང་འདུ་སྡོད་བྱ་ས་དང་རང་དང་བར་རྒྱང་རིང་བའི་གནས་སོགས་སུ་བཞག་ན་མི་གཞན་གྱིས་ལྟ་ཀློག་གིས། ཁྱེད་ཀྱི་ཉིན་ཐོའི་རྒྱུད་ནས་མི་དུ་མ་ཞིག་གི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་ཡོང་སྲིད། འཛམ་གླིང་སྟེང་དུ་གཟའ་མི་དུད་ཚང་ཡོད་མཁན་རྣམས་ལ་ཉིན་ཐོའི་རྒྱུད་ནས་སོ་སོའི་གསང་བ་ཕྱིར་གྱར་གྱིས་རྙོག་གྲ་བྱུང་བ་ཉུང་ཉུང་མ་རེད། དེས་ན་ཁྱེད་ཀྱིས་ཉིན་ཐོ་ནི་རྟག་ཏུ་ལུས་ཀྱི་གྲིབ་མ་བཞིན་མཉམ་ཁྱེར་གནང་དགོས་ལ། གཞན་གྱི་ཉིན་ཐོ་མཐོང་ཚེ་དེ་ནི་གད་ལ་ཉེ་བའི་འབར་རྫས་ཞིག་དང་འདྲ་བར་ཐུག་རེག་གཏན་ནས་བྱ་མི་ཉན། དེ་ལྟ་ན་གཞན་གྱི་ཉིན་ཐོ་བེད་གཏན་ནས་སྤྱོད་མི་ཆོག་གམ་སྙམ་ན། དེ་ལྟར་མ་ཡིན་ཏེ་གལ་སྲིད་ཁྱེད་ལ་དགོས་པའི་གལ་ཆེའི་གནས་ཚུལ་རིགས་གཞན་གྱི་ཉིན་དེབ་ཏུ་ཡོད་ཚེ་ཉིན་ཐོའི་བདག་པོའི་ཆོག་མཆན་ཐོབ་རྗེས་བེད་སྤྱོད་དང་ལྟ་ཀློག་བྱ་ཆོག གལ་སྲིད་དེ་ལྟར་མིན་པར་དེབ་བདག་གི་གནང་བ་མེད་པར་གཏན་ནས་བེད་སྤྱོད་ལྟ་ཀློག་བྱ་མི་ཆོག་ཅེས་ཞུ་རྒྱུ་ཡིན། 

ངས་ཉིན་ཐོ་བྲིས་པའི་རྒྱུད་རིམ། 
ཕྱི་ལོ་ ༡༩༩༤ ལོ་ནས་ཉིན་ཐོ་འབྲི་བའི་གོམ་གཤིས་བསླབས་པ་ཡིན། ཐོག་དང་པོར་ཉིན་ལྟར་འབྲི་མི་ཐུབ་པ་དང་། འབྲི་རྒྱུའི་རིང་ཐུང་ཚོད་མི་ཐེག་པ། གཉིད་ཁྱོར་གྱིས་དེད་དེ་ཕྱེད་ནག་ནོག་ཏུ་ཤོར་བ། ཆོ་མེད་པའི་ཡིག་ཚོགས་གང་མང་བྱུང་བ། གནས་ཚུལ་ཇི་བཞིན་འགོད་མི་ཐུབ་སོགས་ཀྱི་དཀའ་ངལ་བྱུང་། དེ་ནས་རིམ་པར་གོམ་པ་མདུན་བསྐྱོད་དང་དཀའ་ངལ་གདོང་ལེན་གྱིས་ད་བར་ཉིན་ཐོའི་དེབ་བཅུ་དགུ་ཙམ་ཡོད་ལ། ལོ་ག་གེ་མོ་ཞིག་ནང་ཉིན་རེར་སྙན་ངག་ཤོ་ལོ་ཀ་རེ་བྲིས་པ་ཡིན། དེས་ན་ཆེད་རྩོལ་མེད་པའི་ཐོག་ནས་ལོ་གཅིག་ལ་ངས་སྙན་ངག་ཤོ་ལོ་ཀ་སུམ་བརྒྱ་དྲུག་ཅུ་ལས་སླ་པོའི་ངང་བྲིས་པ་རེད། ཕྱི་ལོ་ ༢༠༡༡ ནས་བཟུང་ངས་གོང་སྨྲས་ཇོ་ནཱལ་“ཉིན་ཐོ་རིང་མོ་”ཞེས་པ་དེ་འབྲི་བའི་འབད་བརྩོན་བྱས་པ་ཡིན། འདི་ལ་དུས་ཚོད་མང་པོ་གཏོང་དགོས་པ་དང་འབད་བརྩོན་རབ་དང་རིམ་པ་བྱ་དགོས་པ་ཡོང་གི་ཡོད་ཀྱང་། “ཉིན་ཐོ་རིང་མོ་” འབྲི་བའི་ཐབས་ལམ་འདི་ནི་རྩོམ་རིག་དང་མི་ཚེའི་འཁོར་ཡུག་ལ་དཔྱད་འདོད་པའི་གང་ཟག་ཞིག་ལ་མཚོན་ན་དངོས་གནས་ཆེས་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་བང་མཛོད་ཅིག་རེད་ཅེས་བཤད་ཆོག 

ཅེས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༧ ཉིན་བྲིས། 

Re:ཉིན་ཐོ་འབྲི་བ། | 2017/6/19 19:55:10
སྐུ་མགྲོན་OSj7MY(སྐུ་མགྲོན)གསལ་བོར་གསུང་འདུག ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་OSj7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཉིན་ཐོ་འབྲི་བ། | 2013/4/9 21:50:25
སྐུ་མགྲོན་02Wi04(སྐུ་མགྲོན)ངས་ཉིན་ཐོ་འབྲི་འདོད་ཀྱང་ལེགས་པོ་འབྲི་མི་ཤེས་པས་ཁྱེད་ཚོས་ཤེས་མཁན་ཡོད་ན་སློབ་བསྟན་གནང་རོགས།
རྩོམ་པ་པོ།:སྐུ་མགྲོན་02Wi04(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཉིན་ཐོ་འབྲི་བ། | 2012/8/19 17:28:05
woserLaozhuojueni ལགས་དང་ Zhongsong རྣམ་གཉིས་ཕེབས་པར་ཐུགས་རྗེ་ཆེ།
Re:ཉིན་ཐོ་འབྲི་བ། | 2012/8/18 23:14:59
zhongsongབཀླགས་ཟིན། འདི་ངས་དགའ་བསུ་ཞུ་རྒྱུ་ཡིན།
Re:ཉིན་ཐོ་འབྲི་བ། | 2012/8/18 22:55:50
laozhuojueniརྒན་ལགས་བཀའ་དྲིན་ཆེ། སྤྱིར་སྟངས་ང་རང་ལ་རྣམ་དཔྱོད་དང་བརྩོན་པ་རྒྱ་ཆེན་མེད་ཀྱང་། རྩོམ་འདི་ཐེངས་གཅིག་བཀླགས་པས་མ་འོངས་པའི་ཆར་ཉིན་ཐོ་འབྲི་བར་འབད་ན་སོ་སོའི་སྐད་ཡིག་ལ་ཡར་རྒྱས་ཡོང་བའི་བསམ་བློ་ཞིག་འཁོར་སོང་།
བཀའ་དྲིན་བླ་མེད་དུ་ཆེ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.