ཆོས་ལུགས་ལ་དད་མོས་བྱེད་མཁན་ཡིན་ན་ཕལ་ཆེར་རང་རྒྱུད་ལ་རང་བཞིན་གྱིས་རླན་པའི་འཛེམ་ཟོན་རིགས་མང་པོ་ཞིག་ཡོང་གི་ཡོད། དེའང་འགའ་ཞིག་སྨྲོས་ན། བླ་མ་སོགས་སྐྱེས་ཆེན་རིགས་ཕེབས་སྐབས་རྟ་ཞོན་པ་དང༌། སྐྲ་འཆིང་པ། ཕུ་ཐུང་ཕུད་པ། ཕེབས་ལམ་གྱི་ལམ་གོང་དུ་འགྲོ་བ་སོགས་མི་བྱེད། བག་མ་བསུ་ལེན་སོགས་ཐུག་སྐབས་ལམ་འོག་ཏུ་མི་འདུག་ལ། རོ་སོགས་འཁྱེར་མི་འཐུག་སྐབས་ལམ་འོག་ཏུ་བཟུར་པ་སོགས་མི་འདྲ་བ་ཡོད། ཚྭ་ཚོང་སོགས་ནང་མི་རེ་འགའ་ཕྱི་རུ་བྱེས་སུ་འགྲོ་སྐབས་ཐལ་བ་བཤོ་བ་དང་སྣོད་སྟོང་འཁྱེར་བ་སོགས་མི་བྱེད་ལ། འགྲོ་མཁན་རང་ཉིད་ཀྱིས་ཀྱང་གྱོན་པ་རྙིང་རལ་དང༌། ཅ་ལག་ཡ་འཐོར་དང་གས་ཆག་ཤོར་བ་སོགས་བེད་སྤྱོད་ཀྱི་མེད། གོང་ཞུས་འདས་བསྔོའི་སྐབས་ལྟར་སྐྱེ་བོ་གང་ཞིག་འཆི་རྗེས་དེའི་མིང་ནས་འབོད་པ་དང༌། དེར་གནོད་པའི་ཚིག་མཚོན་སོགས་མི་འཕེན་ལ། གལ་སྲིད་དེ་ལྟར་བྱ་མཁན་བྱུང་ཚེ་ཤི་བླ་མ་རྡུང་ཞེས་རྒན་རབས་རྣམས་ཀྱིས་ཁ་ཏ་བྱེད་ཀྱི་རེད། ཞེ་དགུའི་རིང་གླུ་གཞས་སྟོན་མོ་སོགས་དང་སྐྲ་འཁྲུ་གོས་གསར་གྱོན་པ་སོགས་མི་བྱེད། ཚེ་འཕོས་ཟིན་པའི་སྐྱེ་བོ་དེའི་གྱོན་གོས་རྣམས་ནང་མི་ལས་གཞན་གྱིས་བེད་སྤྱོད་གཏོང་སྲོལ་མེད་པར་ཟད། འགོས་ནད་རིགས་ཀྱིས་གྲོངས་པ་ཡིན་ཚེ་གྱོན་པ་རྣམས་ས་སྦས་གཏོང་བ་དང་ཆུར་གཡུག་པ་སོགས་བྱེད་ཀྱི་རེད། ནང་དུ་གལ་སྲིད་ནད་པ་རིགས་ཡོད་ན་མཚན་མོར་ཝ་བརྒྱལ་བ་དང་ཁྱི་ངུ་བ་སོགས་བྱུང་ན་ནད་པའི་རྩར་ཕྱི་མི་བུད་མེད་རིགས་སོགས་འགྲོ་བར་མི་གཏོང༌། གནས་རི་དང་ཡུལ་ལྷ་བཙན་ས་སོགས་སུ་ཀི་འདེབས་པ་དང་རྦབ་སྒྲིལ་བ་སོགས་མི་བྱེད་ལ། བུ་མེད་རྣམས་ལྷ་གསོལ་ས་དང་གསས་མཁར་རྩིག་ས་སོགས་སུ་གཏན་ནས་མི་འགྲོ། འབྲོག་པ་རྣམས་ཀྱིས་ཆུ་མིག་དང་ན་འཁོར་སོགས་སུ་འོ་མ་བཤོ་བ་དང་ཁྲག་སོགས་འཕོ་བ་རིགས་མི་བྱེད་ལ། ལྷག་པར་བུ་མེད་རྣམས་འབྲོག་པ་གཞན་གྱི་སྦྲ་གུར་གྱི་གོང་ནས་འགྲོ་བ་དང་ནོར་གྱི་རྡང་ཐག་བགོམ་པ་སོགས་གཏན་ནས་མི་བྱེད། རུ་བ་སྤོ་བ་དང་སོས་ཀར་ཞོ་ཐོག་མར་སྙལ་བ། ལུག་ཐུག་དང་ར་ཐུག་གི་ཁེབས་གློད་པ་སོགས་ལ་གཟའ་སྐར་མ་བརྟག་པར་གང་བྱུང་དུ་མི་བྱེད། མཆོད་ཆ་དང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བགོམ་གཡུག་དང་དེ་དག་དམའ་སར་གཏན་ནས་མི་འཇོག་ལ། ལྷག་པར་རྒན་རབས་རྣམས་ཀྱི་རྐང་པར་བགོམ་ནས་འགྲོ་བ་དང་དེ་དག་ལ་ཁར་ཐུག་མ་རུང་པའི་ཚིག་མཚོན་འདེབས་པ་སོགས་ལ་འཛེམ་ང་ཆེན་པོ་བྱེད་ཀྱི་རེད། འུ་ཐུག་ན་མ་གཏོགས་ཕོ་སྐྱེས་རྣམས་ཀྱིས་བུ་མེད་ཀྱི་འཕང་དང་ཐག་ཁྲི། པང་གདན། ཉི་ཞྭ་སོགས་ལ་ལག་པ་འཆང་རྒྱུར་འཛེམ་གྱི་རེད་ལ། བུ་མེད་རྣམས་ཀྱིས་ཀྱང་གྲི་དང་མེ་མདའ་སོགས་མཚོན་ཆའི་རིགས་ལ་ལག་པ་མི་འཆང༌། ཉེ་འབྲེལ་ནང་མི་ཡོད་སར་ཆགས་གཏམ་གླེང་བ་དང་ཤ་རྗེན་འཕུད་པ་སོགས་གཏན་ནས་མི་བྱེད། མདོར་ན་ཡུལ་ལུང་དང་སྡེ་བ། དུད་ཚང་སོགས་ཀྱི་ལུགས་སྲོལ་དམིགས་གསལ་བ་རྣམས་ཕུད། དེ་མིན་བཀྲིས་མི་ཤིས་པ་དང་ལྷ་ཀླུ་གཉེན་གསུམ་ལ་ཕོག་ཐུག་འཆོར་བ། གཟའ་སྐར་མ་བརྟག་པ་དང་ལྟས་ངན་པའི་བྱ་བ་སོགས་ལ་འཛེམ་ཟོན་བྱེད་ཀྱི་རེད། །
(མདོ་ཁམས་ལོ་རྒྱུས་ཆེན་མོའི་ནང་ཚན་“ཁྱུང་པོ་སེར་ཚའི་ལོ་རྒྱུས་སྲིད་པ་རྒད་པོའི་འབེལ་གཏམ་”ལས་དྲངས།)
- ཟིན་ཐོ་གོང་མ།མེས་པོའི་བླ་མཁར།
- ཟིན་ཐོ་འོག་མ།རྒྱུ་མཚན་ཁུངས་སྐྱེལ་བྱེད་ཀྱི་ཡོད།
གོང་གི་སྐུ་མགྲོན་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་སོང་།