ལོ་རྒྱུས་དཔྱད་ཞིབ་སྨྲ་བ་རྣམས་ཀྱིས་འཛམ་གླིང་གི་མི་རྣམས་ལ་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་དང་ཡི་གེའི་རྣམ་བཞག་སྔ་ཤོས་ཀྱི་ཐད་ལ་རྩོད་པ་དང་དཔྱད་རྗོད་མང་པོ་ཞིག་བྲིས་དང་འབྲི་བཞིན་ཡོད་པས་མཐའ་གཅིག་ཏུ་འདི་དང་དེ་ཞེས་ཐག་གཅོད་དཀའ་བའི་གནས་སུ་སྐྱེལ་བཞིན་ཡོད། ལོ་རྒྱུས་སྨྲ་བ་དེ་དག་གིས་སྐད་རིགས་སྔ་ཤོས་དང་ཡི་གེ་སྔ་ཤོས་སོགས་མང་པོ་ཞིག་དབྱེ་ནས་བཤད་ཀྱི་ཡོད་ཀྱང་ཕལ་ཆེ་བས་སྐད་རིགས་སྔ་ཤོས་ནི་སུམེརིན (Sumerian in 2900 BC ཕྱི་ལོའི་གོང་གི་ལོ་) དང་། ཡི་གེ་སྔ་ཤོས་ལེགས་སྦྱར་ (1500 BC ཕྱི་ལོའི་གོང་གི་ལོ) དང་གྷི་རིག་སོགས་ཡིན་པར་འདོད་ཀྱི་ཡོད།
རང་རེ་ཁ་བ་གངས་ཅན་པའི་སྐད་དང་ཡི་གེའི་རྣམ་བཞག་གི་ཐད་ལའང་བོད་གངས་ཅན་པའི་སྐད་རིགས་ནི་ཡ་ཐོག་བོད་མིའི་འགྲོ་བ་བྱུང་བ་ནས་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་རིགས་ཀྱི་རྨོངས་གཞི་ནི་འཛམ་གླིང་སྤྱི་དང་འདྲ་བར་ཡར་རྒྱས་སུ་ཕྱིན་ཡོད་ལ། ཡི་གེའི་རྣམ་བཞག་ནི་གཞན་སྡེའི་མཁས་པས་དུས་རབས་བདུན་པའི་ནང་དུ་བོད་མི་སུ་དང་མ་འདྲ་བའི་མི་སྤྱང་ཞིག་རྒྱ་གར་ལ་སོང་ནས་ལོ་ཉུང་ཤས་ཞིག་གི་རིང་རྒྱ་གར་སྐད་སྦྱངས་པས་མ་ཚད་བོད་ལ་དགོས་པའི་ཡི་གེའང་བརྩམས་པའི་མཁས་པ་དེས་བོད་དུ་ཆུ་དང་ཇ། ཞོ། ཟ་མ་སོགས་ཀྱི་མིང་ཡང་མི་མཁྱེན་པ་འདྲ་བོ་སོགས་གོང་འོག་གབ་མི་འཐུག་པའི་སྒྲུང་འཇིགས་སུ་རུང་བ་མང་པོ་ཞིག་ཡོད་ཀྱང་། བོན་རང་ལུགས་ཀྱི་ལོ་རྒྱུས་ལྟར་ན་སྟོན་པ་སངས་རྒྱས་གཤེན་ལོ་ཉེར་བཞིའི་ནང་དུ་བདུད་ཀྱིས་བར་ཆད་བྱུང་སྐབས་དཔའ་བོ་འབྲུ་ལྔ་ལ་སྨོན་ལམ་བཏབ་པས་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་བྱུང་ནས་ད་ལྟའི་བོད་གངས་ཅན་པས་བེད་སྤྱོད་བཞིན་པ་འདི་ཡིན། དེས་ན་མི་ལོ་ ༡༦༠༠༠ ལྷག་གི་ལོ་རྒྱུས་ཡོད་པས་འཛམ་གླིང་སྟེང་གི་ཆེས་རྙིང་ཤོས་ཀྱི་སྐད་ཡིག་ཞིག་རེད་ཅེས་བཤད་ནའང་ཆོག འོན་ཀྱང་དེའི་གོང་དུ་ཡི་གེ་མེད་པའང་མ་ཡིན་ཏེ་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསང་བསྔགས་ཀྱི་བོན་སྡེ་ཐ་དག་རྩ་བའི་འཕྲུལ་གྱི་ཐོ་ཡིག་འདི་དག་གི་ནང་དུ་གཏན་ལ་ཕབས་ནས་ལྷ་ཀླུ་མི་གསུམ་གྱི་ཡུལ་དུ་དར་བར་མཛད་པས་སོ།
ད་ལན་འཆད་བྱ་གཙོ་བོ་འཛམ་གླིང་གི་སྐད་ཡིག་ཆེན་པོ་དེ་དག་ལ་གསལ་བྱེད་དང་དབྱངས་སོགས་དུ་མ་ཞིག་ཡོད་ཀྱང་དེ་དག་གི་མཚོན་དོན་ཇི་བཞིན་འགྲེལ་རྒྱུ་ཡོད་པ་ནི་ཆེས་དཀོན་པོ་རེད། དཔེར་ན་ལེགས་སྦྱར་གྱི་ཀ་(क)དང་། གྷི་རེག་ཨེ་(A)སོགས་ཀྱི་མཚོན་དོན་དང་འགྲེལ་བཤད་གང་ཡང་མ་མཐོང་། ཡིན་ནའང་བདག་གིས་མ་མཐོང་ན་མེད་པས་མ་ཁྱབ་པའང་ཁོ་བོས་ཤེས་ཀྱི་ཡོད།
དེ་བཞིན་གཞན་སྡེའི་ལུགས་ལའང་བོད་ཀྱི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་སོགས་ཀྱི་མཚོན་དོན་དང་འགྲེལ་བཤད་ཡོད་པའང་ད་བར་མ་མཐོང་། འོན་ཀྱང་བོན་རང་ལུགས་ལ་བོད་གངས་ཅན་པའི་གསལ་བྱེད་ཀ་སོགས་སུམ་ཅུ་དང་དབྱངས་སོགས་བཅུ་པོར་རེ་རེ་ནས་འབྲེལ་བཤད་དང་དགོས་པ་ཡོད་པར་གསུངས་འདུག་པས་རིམ་པར་འགོད་ཀྱི་ཡིན། ལོ་རྒྱུས་ཀྱི་གླེགས་ཧྲུལ་ཁུངས་མ་རྣམས་སུ་“འཕྲུལ་གྱི་ཐོ་ཡིག་བཞི་བཅུ་”ཞེས་གསལ་ཡོད་ལ། འདི་དག་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བ་དང་འབྲེལ་ནས་བཤད་ཡོད་སྟབས། འདི་དག་ལོངས་སུ་སྤྱོད་པའི་ཕ་ཁྱིམ་ནས་ཚར་ལོང་བྱུང་བའི་སྐྱེ་བོ་ཞིག་གིས་སྐད་རིགས་གཞན་དག་སྦྱོང་ཚེ་དེ་དག་གི་སྒྲ་ཇི་བཞིན་འདོན་ཐུབ་པ་དང་བློ་བརྟན་པ་སོགས་ཡོང་གི་ཡོད་པ་འདི་དག་འཕྲུལ་གྱི་ཐོ་ཡིག་བཞི་བཅུའི་ནུས་པ་དང་བྱེད་རྩོལ་ལ་འབྲེལ་བ་ཤུགས་ཆེན་ཡོད་པར་ངེས།
ཇི་ལྟར་འཕྲུལ་གྱི་ཐོ་ཡིག་ཅེས་འབོད་ཅེ་ན་ཡི་གེ་འདི་དག་ཐོག་མར་མཛད་པ་པོ་དེ་ཉིད་རྫུ་འཕྲུལ་གྱི་མངག་བདག ཡེ་ཤེས་ཀྱི་སྤྱན་ཅན་ཞིག་ཡིན་པའི་ཆ་ནས་སམ་ཡི་གེ་འདི་དག་ལ་བརྟེན་ནས་རྨོངས་པ་རྣམས་ལྐུག་པ་ཁ་འབྱེད་ཀྱི་ཡོན་ཏན་འབྱུང་བས་ན་“འཕྲུལ་”དང་། ཡི་གེ་འདི་དག་ལ་བརྟེན་ནས་ཤེས་བྱ་བདེན་གཉིས་ཀྱི་བོན་རྣམས་ངེས་པར་བཟུང་བའམ་དོན་གང་ཞིག་མི་བརྗེད་པར་ཡིད་ལ་འཇུག་པ་དང་བརྡ་མཚོན་པར་བྱེད་པས་ན་“ཐོ་ཡིག་”ཅེས་གསུངས་པར་སྣང་། དེའང་ཡི་གེ་འདི་དག་གིས་ཇི་ལྟར་དོན་དང་བརྡ་མཚོན་པར་བྱེད་ཅེ་ན། སྟོན་པ་འོད་གསལ་ལྷ་ལས་བབ་པའི་མདོ་ལས་ལུང་བསྡུད་དེ་འཆད་ན།
སྟོན་པའི་སྐུ་ཡི་མཚན་བཟང་དང་དཔེ་བྱེད་འཆད་སྐབས། ཀ་ནི་ཀུན་གཞི་སྐྱེ་བ་མེད་པའི་དབྱིངས་ནས་ཀུན་ཁྱབ་ཡེ་སངས་རྒྱས་པའི་ངོ་བོར་ངེས་ཤིང་། སྐྱེ་མེད་བོན་སྐུར་བཞུགས་པའི་ཐོ་ཡིག ཁ་ནི་རང་བཞིན་མཁའ་ལྟར་དག་པའི་གནས་ནས་མཁའ་དབྱིངས་བདེ་ཆེན་དག་པའི་ཞིང་དུ་ངེས་ཤིང་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྤྲུལ་པ་འབྱེད་པར་ངེས་ཞིང་། ཅིར་ཡང་སྤྲུལ་སྐུར་བཞུགས་པའི་ཐོ་ཡིག ག་ནི་གང་དག་འགྲོ་བ་མ་ལུས་འདུལ་བའི་དོན་དུ་རྫོགས་པའི་སྐུ་ལ་སྤྲུལ་པ་འབྱེད་པར་ངེས་ཞིང་། ཅི་ཡང་སྤྲུལ་པའི་སྐུ་རུ་བཞུགས་པའི་ཐོ་ཡིག ང་ནི་ངོ་མཚར་མཛེས་རྗིད་ལྡན་ཞིང་ཞལ་རས་འཛུམ་བག་ལྡན་པར་ངེས་པས། འགྲོ་དྲུག་དང་བ་སྤྲོ་བའི་ཐོ་ཡིག ཅ་ནི་ཇི་ལྟར་མཐུན་པའི་སྤྲུལ་སྐུ་གྲངས་མེད་འབྱུང་པར་ངེས་ཞིང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་འདུལ་བའི་ཐོ་ཡིག ཆ་ནི་ཆགས་པ་མེད་པའི་དོན་ལ་གནས་པས་ཆགས་མེད་རྣམ་པར་དག་པར་ངེས་ཤིང་། མ་ཆགས་སྐྱོན་དང་བྲལ་བའི་ཐོ་ཡིག ཇ་ནི་པད་མའི་ལྗག་ལ་འཕྲུལ་གྱི་ཡི་གེ་སུམ་བཅུ་འབྱུང་བར་ངེས་ཤིང་། བརྒྱད་ཁྲི་བཞི་སྟོང་འཆད་པའི་ཐོ་ཡིག ཉ་ནི་ཉོན་མོངས་སྡུག་བསྔལ་གསེང་བའི་ཆ་ནས་བཙུན་སྙན་བརྗིད་དང་ལྡན་པར་ངེས་ཤིང་། སྙན་པའི་བ་དན་ཕྱར་བའི་ཐོ་ཡིག ཏ་ནི་སྟག་འགྲོས་སེང་སྟབས་དང་ལྡན་པ་ལས་སྟོབས་ཆེན་ཕལ་རོལ་གནོན་པར་ངེས་ཤིང་། བདུད་དང་མུ་སྟེགས་འདུལ་བའི་ཐོ་ཡིག ཐ་ནི་ཐབས་མཆོག་ཡབ་ཀྱི་མཁའ་ལ་ཐབས་མཆོག་རྨོངས་པ་མེད་པར་ངེས་ཤིང་། ཐབས་མཁས་འགྲོ་བ་འདུལ་བའི་ཐོ་ཡིག ད་ནི་དག་བྱེད་ཚན་དང་སྤོས་ཀྱིས་དྲི་ཞིམ་ངེད་ལྡན་རྒྱུན་དུ་ངེས་ཤིང་། ཕྱོགས་བཅུ་ཡོངས་ལ་ཁྱབ་པའི་ཐོ་ཡིག ན་ནི་ནད་རྣམས་འཇོམས་པའི་རྒྱལ་པོ་བེ་དུ་ཡ་ཡི་འོད་དང་ལྡན་པར་ངེས་ཤིང་། གཟི་བརྗིད་དཔལ་འབར་རྫོགས་པའི་ཐོ་ཡིག པ་ནི་སྐྱོན་གྱིས་མ་གོས་པད་མ་ལྟ་བུར་གནས་པས་ངོ་མཚར་རྨད་དུ་བྱུང་བར་ངེས་ཤིང་། གཞན་ལས་ཁྱད་པར་དུ་འཕགས་པའི་ཐོ་ཡིག ཕ་ནི་ཕར་རོལ་ཕྱིན་པ་བཅུ་དང་ལྡན་པས་དུག་ལྔ་སྐྱོན་གྱི་ཕུང་པོ་གཏན་ནས་སྤང་ཞིང་། སྐུ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ཐོ་ཡིག བ་ནི་བོན་ཉིད་བ་ག་ཡི་ཀློང་ནས་མཉམ་པ་ཉིད་དུ་གནས་པར་ངེས་ཤིང་། བོན་སྐུ་འགྱུར་བ་མེད་པའི་ཐོ་ཡིག མ་ནི་མ་རིག་མུན་པ་སེལ་བར་གསལ་བའི་སྒྲོན་མེ་འདེགས་པར་ངེས་ཤིང་། རང་རིག་ཡེ་ཤེས་སྟོན་པའི་ཐོ་ཡིག ཙ་ནི་རང་རང་ཉུར་བྱེད་ཀྱི་རྩ་ལས་རྩལ་དང་ཆོ་འཕྲུལ་འབྱུང་པར་ངེས་ཤིང་། འཇིག་རྟེན་འཁོར་ལོ་བསྒྱུར་བའི་ཐོ་ཡིག ཚ་ནི་ཚད་མེད་བཞི་དང་ལྡན་པས་མཁྱེན་བརྩེའི་འོད་ཟེར་འབྱུང་པར་ངེས་ཤིང་། སེམས་བསྐྱེད་མ་བཞི་དང་ལྡན་པའི་ཐོ་ཡིག ཛ་ནི་ཐུགས་རྗེ་རྫུ་འཕྲུལ་གྱི་ཞབས་དང་ལྡན་པ་ལས་སྣང་སྲིད་གོམ་པ་གཅིག་གིས་བགྲོད་པར་ངེས་ཤིང་། ཁམས་གསུམ་འཁོར་བ་དབྱིངས་སུ་སྒྲོལ་བའི་ཐོ་ཡིག ཝ་ནི་དོན་ལ་ཝལ་ཝོལ་མེད་པས་དོན་དམ་གཅིག་ཏུ་རྣམ་པར་ངེས་ཤིང་། དགོས་འདོད་ཡིད་བཞིན་འབྱུང་བའི་ཐོ་ཡིག ཞ་ནི་ཐུགས་ཉིད་ཞི་བའི་ངང་ལས་མ་བཅོས་མཉམ་པའི་ངང་ལ་གནས་པར་ངེས་ཤིང་། ཆ་ལུགས་ལྔ་དང་ལྡན་པའི་ཐོ་ཡིག ཟ་ནི་ཉི་མ་ཟླ་བའི་འོད་ལས་ཟེར་གྱི་ཕུང་པོ་སྟོང་དུ་ངེས་ཤིང་། ཐུགས་རྗེ་ཚད་མེད་སྤྱན་དང་ལྡན་པའི་ཐོ་ཡིག འ་ནི་འོད་ཟེར་བྱེ་བ་ས་ཡ་སྟོང་ཕྲག་དྲུག་ཏུ་ངེས་ཤིང་། སྤྲུལ་པའི་འོད་ཟེར་འབྱེད་པའི་ཐོ་ཡིག ཡ་ནི་ཡེ་ཤེ་ཆེན་པོས་མཚོན་ཤིང་སྐྱེ་འཆི་རྩད་ནས་གཅོད་པར་ངེས་ཤིང་། དུག་ལྔ་ཉོན་མོངས་འཇོམས་པའི་ཐོ་ཡིག ར་ནི་རང་བྱུང་རིག་པའི་ཡེ་ཤེས་མ་རིག་སྒོ་མོ་འབྱེད་པར་ངེས་ཤིང་། རང་རིང་བདག་ཞལ་མཐོང་བའི་ཐོ་ཡིག ལ་ནི་ལེགས་པའི་ངང་ཚུལ་ཞི་ཞིང་ངང་པ་ལྟ་བུ་འགྲོས་དང་ལྡན་པར་ངེས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པའི་ཐོ་ཡིག ཤ་ནི་ཤེས་རབ་ཡུམ་གྱི་དབྱིངས་སུ་རང་བྱུང་འགག་པ་མེད་པར་ངེས་ཤིང་། ཐབས་ཤེས་ཟུང་དུ་འབྲེལ་བའི་ཐོ་ཡིག ས་ནི་ས་བཅུ་མ་ལུས་ཟིལ་གྱིས་གནོན་པས་ཐེག་པ་བཞི་བཅུ་རྩ་ལྔ་རྫོགས་པར་ངེས་ཤིང་། འཁོར་བ་དབྱིངས་སུ་སྒྲོལ་བའི་ཐོ་ཡིག ཧ་ནི་རང་བྱུང་ཧ་དང་ཕཊ་ཀྱིས་བདུད་དང་མུ་སྟེགས་སྐྲག་པར་ངེས་ཤིང་། འཁོར་བ་དབྱིངས་སུ་སྒྲོལ་པའི་ཐོ་ཡིག ཨ་ནི་མ་སྐྱེས་ཁོངས་ནས་ཕྱུང་པ་སྟེ་སྐྱེ་བ་མེད་པའི་དོན་ལ་ངེས་པས། མ་བཅོས་ཐིག་ལེ་གཅིག་ལ་འཇོག་པའི་ཐོ་ཡིག དང་ཐོག་(༄༅)ནི་འཁོར་འདས་གཉིས་མེད་མཉམ་པའི་ལམ་སྟེ་དབུ་སྐྲ་ཐོད་མཐིང་གཡས་སུ་འཁྱིལ་བར་ངེས་ཤིང་། འགྲོ་དྲུག་ཐར་ལམ་དབྱིངས་སུ་འདྲེན་པའི་ཐོ་ཡིག ཤད་(།༑)ནི་དྲང་དོན་ངེས་དོན་མཉམ་པའི་ཆ་ལ་ཀུན་རྫོབ་མཚན་མ་དངོས་པོར་ངེས་ཤིང་། དོན་དམ་བོན་ཉིད་ཀློང་དུ་བདེན་པའི་ཐོ་ཡིག ཚེགས་(་)ནི་མི་འཁྲུག་མཉམ་པར་འབྱེད་པས་བྱེེ་བ་ས་ཡའི་གྲངས་སུ་ངེས་ཤིང་། བརྒྱ་སྟོང་ཁྲི་འབུམ་རྗོད་ལས་འདས་པའི་ཐོ་ཡིག ཐིག་འབྱོར་(ྃ)གསེར་གྱི་ཉ་མོ་ལྟར་དུ་མཛེས་པས་བཀྲ་ཤིས་རྟགས་ཀྱིས་བརྒྱན་པར་ངེས་ཤིང་། ཞིང་ཁམས་བདེ་ལེགས་ལྡན་པའི་ཐོ་ཡིག གུ་གི་(ི)ནི་སྟོང་རིག་སྒྲིབ་པ་མེད་པའི་སྤྱན་གྱིས་རྒྱལ་བའི་ཞིང་ཁམས་གཟིགས་པར་ངེས་ཤིང་། སྤྱན་དྲུག་འགྲོ་བ་ཡོངས་ལ་གཟིགས་པའི་ཐོ་ཡིག ཞབས་ཀྱུ་(ུ)ནི་ཐུགས་རྗེའི་ལྕགས་ཀྱུ་དང་འདྲ་བས། འཁོར་བ་དོང་ནས་སྤྲུག་པའི་ཐོ་ཡིག འགྲེང་བུ་(ེ)ནི་འགྲོ་བ་འདྲེན་པའི་ཐབས་དང་ལྡན་པས་སྤྲུལ་པ་བྱེ་བ་ས་ཡ་འབྱེད་པར་ངེས་ཤིང་། རྗེས་བཞག་མཐའ་རུ་རྒྱས་པའི་ཐོ་ཡིག ན་རོ་(ོ)ནི་སོ་སོར་བྱེ་བྲག་འབྱེད་པའི་ཐབས་ཀྱིས་འགྲོ་བ་གང་འདུལ་མཁྱེན་པར་ངེས་ཤིང་། ཐབས་དང་ཐུགས་རྗེས་ཟུང་དུ་འབྲེལ་བའི་ཐོ་ཡིག ཡ་སྟ་(ྱ)ནི་གཡས་བརྐྱང་གཡོམ་བསྐུམ་ཟིལ་གནོན་ཞབས་ཀྱིས་ས་གཞིའི་ཁྱོན་བཅས་གནོན་པར་ངེས་ཤིང་། འཕྲིན་ལས་རྣམ་བཞི་འགྲུབ་པའི་ཐོ་ཡིག ར་སྟ་(ྲ)ནི་ཞི་བའི་ངང་ལས་དྲག་པོར་སྤྲུལ་ཞིང་རབ་ཏུ་སྤུངས་སོགས་བརྗིད་པར་ངེས་པས། གཟི་མདངས་གཞན་ལས་དཔགས་པའི་ཐོ་ཡིག
ཅེས་ཀ་སོགས་གསལ་བྱེད་སུམ་བཅུ་དང་དབྱངས་སོགས་བཅུ་པོ་རྣམས་སྟོན་པའི་སྐུ་ཡི་མཚན་དཔེ་དང་སྦྱར་ཏེ་བཤད་ཡོད་པས། བོད་གངས་ཅན་པའི་ཕ་ནོར་ཡི་གེའི་བྱུང་བ་ནི་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་བསྡུར་ན་བྱེད་པ་དང་རྩོལ་བ། བྱུང་སྟངས་དང་ཁྱད་ནུས་སོགས་ཆེས་ཕུལ་བྱུང་གི་ནོར་བུ་རྩ་ཆེན་ཞིག་ཡིན་པ་ནི་ལོ་རྒྱུས་འདི་དག་གིས་ཁུངས་སྐྱེལ་ར་སྤྲོད་བྱེད་ཀྱི་འདུག་སྙམ་མོ།། །།
ཅེས་དགེ་མིང་པ་གཤེན་ཚེ་ཚང་གིས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༤ ཉིན་རྒྱལ་བའི་བཀའ་ལུང་ལ་གཞི་བཅོལ་ཏེ་བསྡུད་བྲིས་བྱས་སོ། །
- ཟིན་ཐོ་གོང་མ།འཛེམ་ཟོན་སྐོར།
- ཟིན་ཐོ་འོག་མ།ཁ་བ་འབབ་འགོ་ཚུགས་སོང་། །
བདེན་པ་སྲང་དུ་གཞལ་བ་དང་དངོས་ཡོད་མིག་ཏུ་སྒྲོན་པའི་འོག་ང་ལ་ཁ་གསལ་ཐག་ཆོད་ཅིང་དོན་ཡང་དག་ཡིན་པའི་བཀའ་ལན་ཞིག་བསྐྱོན་པ་གནང་། ཐུགས་རྗེ་ཆེ།
ཡ་བྲང་གཡུ་འབྲུག་གིས།
ཡ་འབྲང་ལགས་ཕེབས་ནས་དཔྱད་རྗོད་གནང་བར་དགའ་སོང་། ཁྱེད་ཀྱིས་དྲིས་པའི་“ཁ་གསལ་ཐག་ཆོད་ཅིང་དོན་ཡང་དག་ཡིན་པའི་ལན་”དེ་མ་གཞི་རྩོམ་འདི་རང་གིས་འགྲིག་པ་འདུག་མོད། ཁྱེད་ཀྱིས་ལྷ་སྒྲུང་ལས་ལྡོག་པའི་དངོས་ཡོད་མིག་ལམ་དུ་སྟོན་རྒྱུ་ཡོད་པ་ཁྱེར་ཤོག་གསུངས་པ་ལྟར་དྲི་ཚིག་གཉིས་གླེང་ན། དང་པོ་སྐུ་ཉིད་ཀྱིས་“བོད་པའི་ཡིག་གེ་ནི་བན་ལུགས་སུ་བཤད་པའི་ཐོན་མི་གོང་ནས་ཡོད་པ་སྨོས་སུ་མེད་ཀྱང” གསུངས་འདུག་པས་“དངོས་ཡོད་འཚོ་བ་ལྷ་སྒྲུང་ལ་བརྫུས་པའི་ཆོ་འཁྲུལ་ལས་འགང་སྟེ་”བཤད་དགོས་ཚེ་བོད་ཀྱི་ཡི་གེའི་མཛད་པ་པ་པོ་སུ་ཞིག་དང་དུས་ནམ་ཞིག་སོགས་ཡོད་དགོས། གཉིས་པ་ཚན་རིག་པའི་ཞིབ་འཇུག་དཔྱད་གཞི་ལྟར་ན་མི་ལོ་སྟོང་ཕྲག་ཁ་ཤས་གོང་གི་བོད་ཡུལ་དུ་རྡོ་དང་ཟངས་ལྕགས་སོགས་ལ་ཡི་གེ་བྲིས་པ་བརྙེད་ཀྱི་ཡོད་སྟབས་ཡི་གེ་འདི་དག་གི་མཛད་པ་པོ་སོགས་གོང་ལྟར་ལྷ་སྒྲུང་ལས་ལྡོག་པའི་དངོས་ཡོད་བསྟན་གྱི་ཡོད་དགོས། བདག་ནི་རྒྱལ་བའི་བཀའ་དང་གསུང་རབས་ལ་ཡིད་ཆེས་ཆེ་དྲག་པའི་“སྨྱོན་པས་རྡོ་སྲེག་པང་པའི་”ངང་ཚུལ་འཛིན་མཁན་ཞིག་ཡིན་པས་དུས་དང་ནམ་པ་ཀུན་ཏུ་བཀའ་ལུང་ལ་གདེང་སྤོབས་བརྙེད་ནས་སྡོད་ཀྱིན་ཡོད་ལགས།
གཙང་ཚ་ལགས་བཀྲིས་བདེ་ལེགས། ཁྱེད་ད་ལྟ་ལྷ་ལྡན་དུ་ཕྱིར་བདེ་ཕེབས་བྱུང་བར་དགའ་སོང་། དུས་ཚོད་འདྲ་བྱུང་ན་གདོད་མའི་གནའ་ཤུལ་དེ་དག་ཏུ་ཕེབས་རྒྱུ་མ་རྗེད།
བོན་མཆེད་ལགས་ཕེབས་ནས་བཀའ་སློབ་གནང་བར་དགའ་སོང་། འདི་དང་དེ་འདྲ་བར་བོན་པོ་ཚང་ལ་སྔོག་ཐུབ་ན་སྔོག་རྒྱུ་འདུག་ལགས།
རྒྱལ་པོས་བོན་སྤངས་ཆོས་ལ་ཞུགས་པའི་དུས་སུ་ཞང་བོད་མཁས་པ་མི་བཞིས་ཡུལ་བྱེ་མ་གཡུང་དྲུང། མཁར་གད་ཀྱི་བྱི་བ་མཁར་དུ་བཀའ་བགྲོས་ནས་གྲུབ་པ་མཐའ་བཟུང་བའི་ཆེད་དང་། ཕྱི་རབས་ལོ་པཎ་རྒྱུན་མི་འཆད་པའི་ཕྱིར་དུ་ཞང་སྐད་ནས་བོད་སྐད་དུ་སྒྱུར་བའི་བོན་རྣམས་བོད་སྐད་དུ་སྒྲ་ཡི་དོན་སྡེབ་བམ་ལྡེ་མིག་ཏུ་ལུང་དོན་བཞིན་འདི་ལྟར་བསྡེབས་པ་སྟེ།
མཛོད་སྒྲ་འགྲེལ། དཔེ་རིང་། སྤྱི་ཨང་༡༣ནས། ཨ་ནི་འགག་མེད་ཁོང་ནས་བྱུང་། ཧ་ནི་ངར་ངར་སྭ་ནས་བྱུང་། འ་ནི་འགར་དེ་ཅང་ལས་འབྱུང་། ཀའི་སྡེ་ཚན་གྲེ་བ་སྟེ། ཅའི་སྡེ་ཚན་ལྕེ་དཀྱིལ་དོག ཏའི་སྡེ་ཚན་ལྕེ་རྩེ་ཡངས། པའི་སྡེ་ཚན་མཆུ་ལས་སྤྲོ། ཞ་སྡེ་ས་སྡེ་འདྲེས་མ་ཡིན། ཙའི་སྡེ་ཚན་ལྕེ་རྩེ་སྭ། །ཨཱོྃ་ཧཱུཾ་ལས་རྩོགས་སྤྱི་ལས་འབྱུང་། །དེ་རྣམས་རྒྱན་དང་བཅས་པ་ནི། །དེ་ནི་གོང་མའི་རྗེས་འདེད་ཡིན། ནས་ནི་མ་འོངས་སུ་བ་ཡིན། །ད་ནི་སྐད་ཅིག་སྟོན་པའི་དུས། །ཡ་ནི་སྤྲོ་བར་བྱེད་པའི་བརྡའ། །ཡང་ནི་ཕྱི་མ་སྣོན་པའི་སྒྲ། །འང་ནི་ཐེ་ཙོམ་རྟོག་པའི་སྒྲ། །འོང་ནི་སླད་མ་སུ་བའི་སྒྲ། །ཡེ་ནི་ཡོད་ནས་སྟོན་པའི་སྒྲ། །ན་ནི་གཞན་ལ་སྨོན་པའི་སྒྲ། །ཐང་ནི་དཔེ་ལྔ་འཇོག་པའི་སྒྲ། །འདི་ནི་ཟླ་ལས་དགར་བའི་སྒྲ། །རྫོགས་སོ་བཤད་དུ་མེད་པའི་སྒྲ། །ཐལ་འགྱུར་གཞན་དུ་འཆུག་པའི་སྒྲ། །ཁྱབ་པ་འདོད་པ་སྤང་སྒྲུབ་སྒྲུབ་སྒྲ། །གཏན་ཚིགས་སྒྲུབ་བྱེད་འབྱོར་བའི་སྒྲ། །རྒྱུད་ནི་འབྲེལ་བར་སྟོན་པའི་སྒྲ། །ལུང་ནི་འཁོར་འདས་འབྱུང་བའི་སྒྲ། །མན་ངག་ངེས་པར་སྟོན་པའི་སྒྲ། །བཀའ་ནི་ཚད་མར་སྒྲུབ་པའི་སྒྲ། །རིག་པ་ཟིན་པས་བསུས་པའི་སྒྲ། །རིགས་པ་ཡུལ་ལ་སྤྱོད་པའི་སྒྲ། །མུ་མཐུད་་་
ཨ་ཀྲོང་རིན་རྒྱལ་པས་འཕགས་ཡུལ་སྨན་གླིང་ནས།
གྲོགས་རིན་རྒྱལ་ལགས་ཕེབས་པར་དགའ་སོང་།
ཁོ་བོས་ཀྱང་གཡུང་དྲུང་བོན་གྱི་དྲ་ཚིགས་སུ་དྲངས་ཡོད་པས་དགོངས་འཁྲོལ་ཞུ།
ཐུགས་རྗེ་ཆེ།
ཁྲི་གཡུང་བས།
གྲོགས་མར་ནང་ཚང་གིས་གདེང་འཇོག་གནང་བར་བཀའ་དྲིན་ཆེ།