ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མེས་པོའི་བླ་མཁར།  | 2011/11/28 3:02:00

    མཁས་པའི་དབང་པོ་དཔལ་ལྡན་ཚུལ་ཁྲིམས་གྱིས། “རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌། གཤེན་ལ་སྔ་བ་སྣང་བ་མདོག་ཅན་དང༌། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་དང༌། མཁར་ལ་སྔ་བ་ཕྱིང་བ་སྟག་རྩེ་(འབྲི་ལུགས་མང་པོ་ཡོད་ཀྱང་ཡོངས་གྲགས་ལྟར་ཡིན)ཞེས། སྔ་རབས་བོད་ཀྱི་གཏམ་དུ་གྲགས་པ་ཡིན།” ཞེས་གསུངས་པ་ལྟར། སྔ་རབས་བོད་མི་རྣམས་ཀྱིས་དེ་ལྟར་ཞིག་བཤད་སྲོལ་ཡོད་པའང་བོན་རིའི་དཀར་ཆག་ཏུའང་གསལ། འདིར་ཕྱིང་བ་སྟག་རྩེ་དང་ཡུམ་བུ་བླ་མཁར་(འབྲི་སྲོལ་མང་ཡང་རྒྱུ་མཚན་ཆེ་བའི་དབང་ལྟར་ཡིན)གཉིས་གཅིག་ཏུ་བཤད་པའང་ཡོད་ལ་སོ་སོར་བཤད་པའང་ཡོད། བོན་ལུགས་ཀྱི་ལོ་རྒྱུས་ཁག་ནང་མང་ཆེ་བར་བོད་ཀྱི་རྒྱལ་མཁར་སྔ་ཤོས་དེ་ཕྱིང་བ་སྟག་རྩེ་ཡིན་པར་བཤད་ཡོད། ཡུམ་བུ་བླ་སྒང་བོད་མཁར་ཐོག་མ་ཡིན་སྐོར་དེབ་ཐེར་ཁག་ཏུ་ཐོན་མང་ཤོས་ནི་(ལྡེའུ་ཆོས་འབྱུང་)དང་(ཆོས་འབྱུང་མཁས་པའི་དགའ་སྟོན་)། ཕྱིས་བྱུང་གི་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱི་དེབ་ཐེར་སོགས་རེད། འོན་ཀྱང་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་གྲོང་ལ་སྔ་བ་ཕྱིང་བ་སྟག་རྩེ་སོགས་གསུངས་ཡོད་ཀྱང་སྤུ་རྒྱལ་དགུ་པ་སྤུ་ལྡེ་གུང་རྒྱལ་གྱི་སྐབས་སུ་ཁོང་གིས་“ཕྱིང་བ་སྟག་རྩེ་རུ་སྐུ་མཁར་དངོས་སུ་བརྩིགས།” ཞེས་གསུངས་པར་བརྟག་ན་ཕྱིང་བ་སྟག་རྩེ་ནི་རྒྱལ་མཁར་ཡིན་པར་བསྟན་ཡོད། འདི་སྐབས་དངོས་སུ་བརྩིགས་ཞེས་སྔར་མེད་གསར་དུ་བཞེངས་པར་གོ་རྒྱུ་མིན་པར་རྒྱལ་སྲས་དེ་དག་གིས་རང་གི་མེས་པོའི་ཕ་མཁར་སྐྱོང་བའི་དབུ་བརྩམས་པ་ལ་གོ་དགོས། དེའང་ཡིན་ཏེ་(ལེགས་བཤད་རིན་པོ་ ཆེའི་གཏེར་མཛོད་)ལས། “དེར་རུ་ལས་སྐྱེས་ཀྱིས་སྤུ་ལྡེའུ་སྤྱན་དྲངས། རྒྱལ་མཁར་ཕྱིང་བ་སྟག་རྩེར་རྒྱལ་སར་བཏོན།” ཞེས་སོགས་ཀྱིས་ངེས།

    སྐུ་མཁར་དེ་དག་གཉའ་ཁྲིའི་སྐབས་ནས་ཡོད་པར་གཞན་སྡེས་ཀྱང་འདོད་ཀྱི་ཡོད་པ་དཔེར་ན། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་(ལྡེའུ་ཆོས་འབྱུང་ལས) “དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་(གཉའ་ཁྲི་བཙན་པོ)ཏེ། ཡེ་ནས་མཐོ་བ་ལ། ཕྱག་ཚང་ལྷོ་དང་སྙགས། དེ་ནས་ཕྱིང་བ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས། བླའི་སྐུ་ཡ་རབས་རྣམས་ཀྱིས་བསྐོར་ནས།” སོགས་གཉའ་ཁྲིས་མཁར་ཕྱིང་བ་སྟག་རྩེ་རུ་རྒྱལ་ཁྲིམས་གཏན་ལ་ཕབས་ཚུལ་བཤད་ཡོད་པས་མཁར་དེ་གཉིས་གཉའ་ཁྲིའི་སྐབས་ནས་ཀྱང་ཡོད་པར་གསུངས་ཡོད།

ཕྱིང་བ་སྟག་རྩེ།

    འདིར་ཕྱིང་བ་སྟག་རྩེ་བོད་ཀྱི་རྒྱལ་མཁར་ཐོག་མ་ཡིན་པའི་ཡིག་ཆ་རྙིང་ཤོས་ཞིག་ནི་(གཡུང་དྲུང་བོན་གྱི་བསྒྲགས་པ་རིན་པོ་ཆེན་གླིང་གྲགས། )༣༤ ཤ (དྲན་པ་ནམ་མཁས་ཡི་གེར་བཏབ།)ལས། “དགོངས་པ་གཙང་མ་ཡར་ཀླུང་(ཀླུངས)སོག་ཁར་གཟིགས། གནས་གཙང་མ་རྩེ་མོ་བྱུང་རྒྱལ་ལ་བབས། སྐུ་མཁར་བྱེ་མ་སྟག་རྩེ་བརྩེགས་(བརྩིགས)།” ཞེས་པ་འདི་རེད། འོན་ཀྱང་འདིར་དེང་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་“ཕྱིང་བ་སྟག་རྩེ་”ཞེས་མ་གསལ་ཡང་གོང་གི་“བྱེ་མ་སྟག་རྩེ་”ཞེས་པ་ནི་ཕྱིང་བ་སྟག་རྩེ་ལས་མ་འདས།  ཡང་ཡིག་ཆ་འགའ་ཞིག་ཏུ་བྱི་བ་མཁར་དང་ཕྱིང་བ་སྟག་རྩེ་གཉིས་གཅིག་ཏུ་ངོས་བཟུང་མཁན་བྱུང་འདུག་ཀྱང་དེ་ནི་ལོ་རྒྱུས་ལ་གཟིགས་རྒྱ་ཆུང་བའི་སྐྱོན་ལས་“བྱི་བ་མཁར་”ནི་གད་ཀྱི་བྱི་བ་མཁར་ཏེ་བོད་དང་ཞང་ཞུང་གི་རུ་མཚམས་ཡོད་པར་གསུངས་ཡོད་ལ། དེ་ནི་བོན་གཤེན་རྣམས་བཀའ་བགྲོས་སྐབས་འཚོགས་ས་ཞིག་ལས་རྒྱལ་པོའི་མཁར་ཞིག་མིན།

    ཕྱིང་བའམ་བྱེ་མ་སྟག་རྩེའི་གོ་དོན་ལ་དཔྱད་པ་བྱེད་སྐབས་བདག་གི་རྨོངས་བློ་ལྟར་ན་“བྱེ་མ་སྟག་རྩེ་”ཞེས་པ་འདི་དག་པར་མིན་ནམ་སྙམ། རྒྱུ་མཚན་ནི་མཁར་འདི་ཉིད་བོད་ལྗོངས་དབུས་ཀྱི་ལྷོ་རྒྱུད་ཡར་ལྷ་ཤམ་པོའི་ཆུའི་ནུབ་ངོས་དང་ཡར་ཀླུངས་གཙང་པོའི་ལྷོ་ངོས་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཞོལ་ན་ཡོད། དེའང་འཕྱོངས་རྒྱས་ཀྱི་ཡུལ་སྤྱི་ཡི་ཆ་ནས་བྱེ་ལུང་ཡིན་པ་དང་ཡང་ན་མང་བའི་དོན་དུ་“བྱེ་མ་”ཞེས་རྗོད་སྲོལ་ཡོད་པ་ལྟར་དེ་སྐབས་མི་ཚོགས་འདུ་ཛོམས་ཆེ་ཤོས་ཀྱི་མཁར་གྲོང་ཞིག་ཡིན་སྟབས་དེ་ལྟར་བཏགས་ཡོད་སྲིད་པ་ཞིག་རེད། ཐ་སྙད་ཕྱི་མ་“སྟག་” ནི་འགྱིངས་བའི་རྣམ་པ་སྟེ་མཐོ་སྒང་སོགས་ནས་འགྱིངས་བ་ལྟར་གྱི་དངོས་པོ་ལ་“སྟག”ཅེས་པའི་ཐ་སྙད་འཇུག་ཚུལ་ཞིག་བོད་ཀྱི་སྲོལ་རྒྱུན་དུ་ཡོད་པ་རེད། “རྩེ་”ནི་ཆེས་མཐོ་བའམ་སྦུག་བཙན་པོའི་དོན་ཡིན།

ཡུམ་བུ་བླ་མཁར།

    བོན་གཞུང་གི་ཡིག་ཆ་རྙིང་ཤོས་རྣམས་སུ་མཁར་ལ་སྔ་བ་ཡུམ་བུ་བླ་མཁར་ཡིན་པ་ད་བར་མ་མཇལ་ཡང་གཞན་སྡེ་ལྟར་ཡོངས་གྲགས་ཡིན། འོན་ཀྱང་ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་བྲིས་པའི་ཡར་ཀླུངས་སྐོར་ལས་“བོན་གྱི་ལོ་རྒྱུས་ལྟར་ན་ཡུམ་བླ་སྒང་ནི་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་”ཞེས་བྲིས་འདུག་ཀྱང་ཁོང་གིས་བོན་གྱི་ལོ་རྒྱུས་གང་ཞིག་ཏུ་བཤད་པའང་གསུངས་མེད།

    གཞན་སྡེས་བཤད་སྲོལ་གོང་ཞུས་ལྟར་སྔ་ཤོས་ནི་(ལྡེའུ་ཆོས་འབྱུང་)དང་(ཆོས་འབྱུང་མཁས་དགའ་)། ད་དུང་(ཡུམ་བླ་སྒང་གི་དཀར་ཆག)སོགས་རེད། འདི་དག་ནང་བོད་རྗེ་ཐོག་མ་གཉའ་ཁྲིས་བཞེངས་པའི་སྐོར་ཤ་སྟག་བཤད་ཡོད། འདིའི་ཐ་སྙད་འགྲེལ་སྟངས་གཞན་སྡེའི་ལུགས་ལྟར་ན། ཕོ་བྲང་འདི་ཉིད་ལྷོ་ཁ་སྣེ་གདོང་རྫོང་ཕོ་བྲང་ཆུས་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཤ་བ་ཡུ་མོའི་རླ་སྒང་འདྲ་བའི་སྟེང་ན་ཆགས་པས་“ཡུམ་བུ་” ནི་ཤ་བ་ཡུ་མོ་དང་། “རླ་སྒང་”ནི་དེའི་རླ་ཡི་སྒང་དུ་ཆགས་པ་འདྲ་བས་དེ་ལྟར་ཡིན་ལ། ཕྱིས་སུ་སྒྲ་འགྱུར་ནས་“བླ་སྒང་” ཞེས་འབོད་པ་ཡིན་ཚུལ་བཤད་པ་ཡོངས་གྲགས་ཡིན།

    ཁོ་བོའི་རྨོངས་བློ་ལྟར་ན་ཐ་སྙད་དེར་དཔྱད་པ་གཏོང་རྒྱུ་མེད་པ་ཞིག་མིན་ལ། དེའང་རྒྱུ་མཚན་ཡང་དག་ཞིག་ཡོད་པར་འདོད། ཡུམ་བུ་བླ་སྒང་ཆགས་ས་ནི་གོང་ཞུས་ལྟར་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཇོ་མོ་བཀྲིས་ཚེ་རིང་ཞེས་པའི་རི་སུལ་དུ་ཆགས་ཡོད་སྟབས། རྒྱལ་མཁར་འདི་ཉིད་ཡུམ་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་འཁོར་དུ་བུ་གཉེར་བ་བཞིན་གནས་པས་དང་། དེའང་ཇོ་མོ་ཞེས་པ་འདི་སྐབས་ཨ་ནེ་མ་ཡིན་པར་ཡུམ་ལ་གོ་རྒྱུ་ཡིན་སྟབས་“ཡུམ་བུ་” དང་། ཐ་སྙད་ཕྱི་མ་ནི་“རླ་སྒང་ངམ་བླ་སྒང་”གང་ཡང་མིན་པར། དེ་ནི་“བླ་མཁར་”ཏེ་སྔོན་མ་རྒྱལ་པོའི་མཁར་ལ་བླ་མཁར་ཞེས་འབོད་སྲོལ་ཡོད་པ་ལོ་རྒྱུས་མང་པོར་གསལ་ཡོད། དཔེར་ན་རྒྱལ་པོ་དང་མི་དཔོན་དེ་དག་གི་ཆེ་བ་རྗོད་སྐབས་“མ་བརྩིགས་སྲིད་པའི་བླ་མཁར་རེ། ”སོགས་གསུངས་པ་ལྟར་རེད། ད་དུང་ཕྱི་རྒྱལ་མཁས་པ་ཞིག་གིས་ཡུམ་བུ་བླ་མཁར་ལ་འགྲེལ་བཤད་གནང་སྐབས་“ཡུམ་སྲས་ཀྱི་མཁར་” ཞེས་གསུངས་ཡོད་པས་གོ་རྒྱུ་མེད་པ་ཞིག་གཏན་ནས་མིན། དེའང་གནམ་གྱི་ཁྲི་བདུན་གྱིས་མཚོན་པའི་རྒྱལ་པོ་དེ་དག་གང་ཟག་རང་གལ་བ་ཞིག་གཏན་ནས་མིན་པར་སྐུ་ཚེའི་འཕེན་པ་རྫོགས་ཚེ་འབྱུང་ལྔའི་རང་འོད་དང་འགྲོགས་ཏེ་ཕུང་པོ་ལྷག་མེད་སངས་རྒྱས་པ་ཤ་སྟག་ཡིན་རྩང་མི་རྣམས་ཀྱིས་བླ་ཡི་མཆོད་གནས་ལྟ་བུར་བཀུར་གྱི་ཡོད་པས། བླ་མའམ་རང་གི་མགོན་སྐྱབས་དཔུང་གཉེན་ཆེ་གེ་མོ་ཚོའི་བཞུགས་གནས་ལའང་བླ་བྲང་ངམ་བླ་མཁར་ཞེས་འབོད་ཀྱི་ཡོད་པ་ཡོངས་གྲགས་རེད།

    བླ་མཁར་འདི་ཉིད་གཉའ་ཁྲིས་སྐབས་སུ་་ཡོད་ནའང་སྐྱོན་གང་ཡང་མེད་སྙམ། རྒྱུ་མཚན་ནི་གོང་གི་དུས་རབས་བཅུ་གཉིས་ནང་ཐོན་པའི་(ལྡེའུ་ཆོས་འབྱུང་) ལུང་དྲངས་པ་ལྟར། “དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ། ཡེ་ནས་མཐོ་བ་ལ། ཕྱག་ཚང་ལྷོ་དང་སྙགས། དེ་ནས་ཕྱིང་བ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས།” ཞེས་པར་དཔྱད་ཚེ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་ཁྲིམས་གཏན་ལ་ཕབས་སྐབས་ཡུམ་བུ་བླ་མཁར་ནས་ཕྱིང་བ་སྟག་རྩེར་ཕེབས་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་གྱིས་སྦུག་ཕྱི་ནང་བཅད་རྗེས་གསང་བའི་ངང་རྒྱལ་བློན་གྲོས་ལ་ཞུགས་པ་གསལ་པོར་རྟོགས་ཐུབ་སྟབས། ཡུམ་བུ་བླ་མཁར་ནི་ནམ་རྒྱུན་རྒྱལ་པོས་གསོལ་གཟིམས་ཕེབས་བཞུགས་གནང་ས་ཞིག་དང་། ཕྱིང་བ་སྟག་རྩེའམ་བྱེ་མ་སྟག་རྩེ་ནི་དེང་དུས་རྒྱལ་ཁབ་ཀྱི་གྲོས་ཚོགས་ཕོ་བྲང་ལྟ་བུ་སྟེ་རྒྱལ་བློན་རྣམས་རྒྱལ་ཁབ་ཀྱི་དོན་དུ་གལ་ཆེའི་བཀའ་བགྲོས་ས་ཞིག་ཡིན་པར་སྙམས། དེའང་ཡིན་ཏེ་ཕོ་བྲང་འདི་ཉིད་གཉའ་ཁྲིས་བཞེངས་པའི་བོད་མཁར་ཐོག་མ་དེ་ཡིན་སྟབས་རྒྱལ་དོན་དུ་གལ་ཆེའི་བཀའ་བགྲོས་མཛད་ས་ཞིག་ཆགས་ཡོད་པ་ནི་གླེང་མི་དགོས་པ་ཞིག་རེད།

    ད་དུང་གཉའ་ཁྲི་ནས་བཟུང་བོད་ཀྱི་རྒྱལ་རབས་སོ་གཅིག་བར་རྒྱལ་པོ་རྣམས་ཀྱིས་བཀའ་བགྲོས་དང་རྒྱལ་ཁབ་སྐྱོང་སའི་ཕོ་བྲང་ཞིག་ཡིན་པའང།  རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཏུང་ཧོང་གི་གཏེར་ཡིག་ཞིག་ལས་འདི་ལྟར་བྲིས་ཡོད། “མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས་སམ་སྟག་རི་གཉན་གཟིགས་ཏེ་གནམ་རིའི་ཡབ་བཞུགས།” ཞེས་པ་འདིས་གསལ་པོར་བསྟན་ཡོད།

གནད་བསྡུད།

    ཡུམ་བུ་བླ་མཁར་ནི་ལྷོ་ཁ་སྣེ་གདོང་རྫོང་ནས་སྤྱི་ལེ་ལྔ་ཡི་མཚམས་སུ་ཡོད་ལ་རྒྱལ་དབང་ལྔ་པས་གསེར་ཕེབས་སོགས་བརྒྱབ་རྗེས་དགེ་ལུགས་པའི་དགོན་པ་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༦༠ ནང་སྐྱར་གསོ་མཛད་ནས་དར་རྒྱས་སུ་ཡོད།

    ཕྱིང་བ་སྟག་རྩེ་ནི་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་ཀན་ན་ཡོད་ལ་ད་བར་ཉམས་གསོ་གནང་མཁན་མ་བྱུང་པས་གྱང་རོ་རྣ་བཞི་རུག་གེར་བསྡད་ཡོད།

   ཡུམ་བུ་བླ་མཁར་ནི་རྒྱལ་པོ་རྣམས་ཀྱི་གཟིམས་ཁང་ངམ་བླ་བྲང་ལྟ་བུ་ཡིན།

   ཕྱིང་བ་སྟག་རྩེ་ནི་རྒྱལ་བློན་གྲོས་ལ་རོལ་སའི་ཕོ་བྲང་ཡིན།

Re:མེས་པོའི་བླ་མཁར། | 2012/4/11 22:58:25
བོད་ཀྱི་རྩམ་པ།(སྐུ་མགྲོན)རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་་་་སོགས་ཀྱི་གསུང་ཚུལ་ཆ་ཚང་དེ་མཁྱེན་མཁན་འདྲ་ཡོད་དམ།
རྩོམ་པ་པོ།:བོད་ཀྱི་རྩམ་པ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མེས་པོའི་བླ་མཁར། | 2011/12/2 13:38:16
སྐུ་མགྲོན་sXOa61(སྐུ་མགྲོན)གྲོགས་མཆོག་གཤེན་ཚེ་ཚང་ལ་བཀྲ་ཤིས་བདེ་ལེགས་ཡང་ནས་ཡང་དུ་ཞུའོ། ཁྱུང་གསེར་ཞུན་ནས།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
ཁྱུང་གསེར་ཞུན་ཕེབས་པར་དགའ་སོང་། བཀྲ་ཤིས་བདེ་ལེགས་ཞུ་ལགས།
རྩོམ་པ་པོ།:སྐུ་མགྲོན་sXOa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མེས་པོའི་བླ་མཁར། | 2011/11/30 22:04:03
wishfulfillingགྲོགས་པོ་ལགས་ཐུགས་རྗེ་ཆེ།འདིར་བཀོད་པའི་ཕྱིང་བ་སྟག་རྩེའི་མཁར་ཤུལ་འདི་ཧ་ཅང་ཡིན་འདོག་ཁ་ལེ་བ་ཞིག་འདུག ང་དེ་སྔོན་འདི་གར་ཐེང་ཁ་ཤས་ཕྱིན་ཀྱང་འདི་མཐོང་མི་འདུག ད་རེས་བོད་དུ་སླེབ་རྗེས་སླར་ཡང་ཡར་ལུང་དུ་འདི་མཇལ་བར་འགྲོ་གི་ཡིན།ཟི་ཁྲོན་ཁྲིན་འདུ་ནས་གཙང་ཚས།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
བོན་གྲོགས་གཙང་ཚ་ལགས།
བོད་ཆོལ་ཁ་གསུམ་ན་མི་ལོ་སྟོང་ཕྲག་མང་པོའི་ནང་དུ་ཆགས་འཇིག་ཅི་རིགས་བྱུང་བའི་བོད་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་གྱི་དགོན་ཤུལ་དང་སྒྲུབ་སྡེའི་གནའ་ཤུལ་སོགས་ཆེས་མང་བ་ཞིག་ཡོད་སྲིད་ཀྱང་། ང་ཚོས་འཁོར་ཡུག་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་སྐྱར་བཞེངས་དང་འཚོལ་སྒྲུབ་བྱ་རྒྱུར་དཀའ་ངལ་ཡོད་པ་དངོས་མཐོང་རེད། འོན་ཀྱང་སྔོན་བྱོན་གྲུབ་ཐོབ་རྣམས་ཀྱིས་“ནམ་ཞིག་སྤང་ལ་མེ་ཏོག་རྡོལ་བ་བཞིན་”ཞེས་ལུང་བསྟན་པ་ལྟར། དུས་དང་སྐབས་ལ་བབ་ཡོད་མི་སྲིད་པ་མིན་ཚེ་ཁྱེད་རྣམ་པ་ས་གནས་དེ་དག་ཏུ་ཕེབས་ཁོམ་བྱུང་ན་ས་བདག་རྡོ་བདག་གནང་རྒྱུ་གལ་ཆེ་ལགས།
རྩོམ་པ་པོ།:wishfulfilling | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མེས་པོའི་བླ་མཁར། | 2011/11/30 10:14:51
སྐུ་མགྲོན་N63Ul8(སྐུ་མགྲོན)ཕྱིང་བ་སྟག་རྩེའི་མཁར་ཤུལ་དེ་བོན་པོས་བདག་པོ་རྒྱག་མ་ཐུབ་ན་ཤི་ལེའི་རོ་རེད། ཕྱིང་བ་སྟག་རྩེའི་མཁར་ཤུལ་གྱི་འདྲ་པར་འདིར་དེ་རིང་ཐོག་མར་མཇལ་བར་སེམས་པ་ཧ་ཅང་དགའ་བྱུང་ཁྱེད་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ད་དུང་་་གསས་མཁར་གཡུང་དྲུང་ལྷ་རྩེ་་་ག་བ་ཡོད་འཚོལ་ཞིབ་གནང་དགོས་པའང་འདུག། དེ་ནས་་་ཡར་ལྷ་ཤམ་པོ་་་ལ་ལོ་དུས་ཀྱི་མཆོད་པ་དང་ཟླ་དུས་ཀྱི་སྟངས་རག་ཞིག་འབུལ་རྒྱུའི་དུས་ཆེན་ཞིག་ཀྱང་བཟོ་དགོས་པ་འདུག། འདི་ཚོ་ང་ཚོས་ལས་འགན་རེད།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
གོང་གི་སྐུ་མགྲོན་ཕེབས་པར་དགའ་སོང་། རང་རེའི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ཏུ་གཉའ་ཁྲིས་“གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས”ཞེས་པ་ཞིག་ཡོང་གི་འདུག་སྟབས། དེ་དག་གཅིག་བྱས་ན་ཕྱིང་བ་སྟག་རྩེའི་མིང་གཞན་དག་ཡིན་སྲིད་པ་ཞིག་ཀྱང་རེད། ཡང་ན་ཁོང་གིས་རྒྱལ་ཁང་དང་གསས་ཁང་སོ་སོར་བཞེངས་ཡོད་ཚེ་ང་ཚོས་འཚོལ་དགོས་པ་ངེས་གཏན་རེད།
རྩོམ་པ་པོ།:སྐུ་མགྲོན་N63Ul8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མེས་པོའི་བླ་མཁར། | 2011/11/29 9:15:41
snowyouthབཀྲ་ཤིས་བདེ་ལེགས། ཁྱེད་ཀྱི་ཟིན་བྲིས་སུ་ཞིབ་གཤེར་བྱས་རྗེས་གཙོ་ངོས་སུ་ཅུང་བཟོ་བཅོས་བརྒྱབ་ཡོད། ཐུགས་འདུན་དང་འཚམས་པའི་སྨོན་འདུན་ཞུ། གོང་གི་རྩོམ་ཡིག་འདིའི་སྟེང་པར་རིས་བཀོད་འདོད་པ་མང་པོ་མེད་ཚེ་བདག་ལ་བསྐུར་དང་ངས་འདི་གར་བཀོད་ཆོག སྤྱིར་ཟིན་བྲིས་སུ་པར་རིས་འཇོག་སྟངས། ཐོག་མར་པར་རིས་དེ་པར་སྒམ་ཞིག་གི་ནང་འཇོག་དགོས། རྗེས་སུ་པར་སྒམ་ལས་ཚུར་བླངས་ནས་ཟིན་ཐོ་འགོད་སར་བཞག་ན་ད་གཟོད་གཞི་ནས་འཆར་ཐུབ་ངེས་རེད། འདྲ་པར་ཐད་ཀར་དུ་ཟིན་ཐོ་འགོད་སར་བཞག་ན་འཆར་ཐུབ་ཀི་མི་འདུག དེ་མིན་པར་སྒྲོམ་ལའང་ཁྱད་པར་འདུག རྒྱ་ནང་ན་རྒྱུགས་ཆེ་བQQཔར་སྒྲོམ་དང་51པར་སྒྲོམ་ལྟ་བུའི་པར་སྒྲོམ་དག་བེད་སྤྱོད་གཏོང་ཐུབ་ཀྱིན་མི་འདུག ཕྱི་ཕྱོགས་ཀྱི་པར་སྒྲོམ་ཡིན་ན་བཟང་ས་རེད། པར་སྒྲོམ་http://photobucket.comའདི་ལྟ་བུ་བཀོལ་སྤྱོད་བྱེད་ཐུབ་པས་དགོངས་འཇགས་ཞུ། ཁ་སང་སྐད་འདི་འདྲ་ཞིག་སྐད་བཞག་པ་ཡིན་མོད་འཆར་མི་འདུག་པས་ཡང་བསྐྱར་བསྐུར་བ་ཡིན། མུ་མཐུད་རྩོམ་ཡིག་གང་མང་དགྱེས་སྩོལ་གནང་བའི་རེ་བ་ཡོད།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
མཁྱེན་ཡངས་ཁྲི་བསོད་བསྟན་ལགས་ནས་ལམ་སྟོན་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ།
Re:མེས་པོའི་བླ་མཁར། | 2011/11/29 2:24:19
སྐུ་མགྲོན་sXOa61(སྐུ་མགྲོན)སྤྱིར་་་རྩེ་་་ལབ་ཚད་རི་རྩེ་དང་རི་སྒང་རི་མགོ་བཅས་ལ་ངེས་པར་དུ་གོ་དགོས་པ་མེད་ཀྱང། འདིར་མཁར་ཕྱིང་བ་སྟག་རྩེ་ཞེས་པའི་རྩེ་དེ་རི་མགོ་ཞིག་ལ་གོ་དགོས་པ་ལྟ་བུ་ཞིག་ཏུ་མཐོང། དཔེར་ན་རྩེ་ཕོ་ཕྲང་པོ་ཏ་ལ་དང་རྩེ་རི་རྒྱལ་དགོན་བཞིན་སྔ་རབས་་་རྩེ་་་ཞེས་པ་དེ་ཆེ་བའི་ཐོབ་ཐང་གི་ཐོག་ནས་ཡུལ་གྲོང་ཀུན་གྱི་མཐོ་སྒང་ཞིག་དུ་རྒྱལ་པོའི་ཕ་ཕྲང་སོགས་གཞེངས་སྲོལ་ཡོད་པ་འདྲ། དུས་ཚོད་ཀྱིས་དེ་རིང་དེ་ཙམ་མོ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་གཟིགས་རྗེས་སུ་བཀའ་སློབ་གནང་བར་བཀའ་དྲིན་ཆེ།
རྩོམ་པ་པོ།:སྐུ་མགྲོན་sXOa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མེས་པོའི་བླ་མཁར། | 2011/11/28 16:04:58
yongdromདེ་སྔོན་ཕྱིང་བ་སྟག་རྩེ་དང་ཡུམ་བུ་བླ་མཁར་གཉིས་གཅིག་ཏུ་བསམ་པའི་གནས་ཚུལ་ཞིག་བདག་ལ་བྱུང་མྱོང་ལ་༢༠༠༩ལོར་དུས་དེབ་གླང་དར་མའི་སྟེང་ནས་དེ་གཉིས་ཁྱེད་པར་གསལ་པོར་ཕྱེས་པའི་དཔྱད་རྩོམ་ཞིག་མཐོང་བ་ནས་རྣམ་རྟོག་དེ་སེལ་ཞིང་རྒྱུ་མཚན་དེ་ལྟར་གྱིས་མཚོན་པའི་ཁ་སོང་དེ་རིང་འགའ་ཞིག་གིས་སྐུ་མཁར་གཉིས་གཅིག་ཏུ་བརྩི་བཞིན་འདུག་པ་དེའི་རིངས་ལ་ཕན་ཆེ་བར་མཐོང་། སྤེལ་བར་བཀའ་དྲིན་ཆེ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
གཉེན་ཆེན་ཐང་ལྷ་ཕེབས་པ་དགའ་བྱུང་།
Re:མེས་པོའི་བླ་མཁར། | 2011/11/28 14:05:13
atongringaylགཤེན་ཚེ་ཚང་བཀྲ་ཤིས་བདེ་ལེགས། འདི་ལྟ་བུ་གང་མང་སྤེལ་བའི་རེ་བ་ཡོད།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་རིན་རྒྱལ་ཕེབས་པར་དགའ་བྱུང་།
རྩོམ་པ་པོ།:atongringayl | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མེས་པོའི་བླ་མཁར། | 2011/11/28 11:39:46
སྐུ་མགྲོན་1hx3Bn(སྐུ་མགྲོན)མཆེད་གྲོགས་ལགས་ཡག་པོ་བྲིས་འདུག་ཡི་རངས་དགའ་བསུ་ཞུ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
བོན་མཆེད་ཕེབས་པར་དགའ་བྱུང་།
རྩོམ་པ་པོ།:སྐུ་མགྲོན་1hx3Bn(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.