ཨེ་མ། གྱེར་བསྟན་ཆེ།
རི་བོ་གངས་དཀར་ཏི་སེ་བཞིན།
ཁྱེད་ལ་དཀར་གཙང་གི་གནས་ལུགས་དྲང་།
མཚོ་ཆེན་མ་པང་གཡུ་མཚོ་བཞིན།
ཁྱེད་ལ་གཏིང་གཟབ་ཀྱི་ལོ་རྒྱུས་རིང་།
གནའ་མཁར་ཡུམ་བུ་ལྷ་མཁར་བཞིན།
ཁྱེད་ལ་དོན་ལྡན་གྱི་བརྗིད་ཉམས་ལྡན།
གྲུ་འཛིན་ཕོ་བྲང་ལྷུམས་སུ་མ་ཞུགས་པའི་སྔ་རོལ།
ཡར་ལུང་གཙང་པོས་ས་ཆེན་བཤག་པའི་ཚུར་རོལ།
ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་མ་ཡལ་བའི་སྔོན་རོལ།
ཆོལ་ཁ་གསུམ་ན་ཁྱེད་ཀྱི་དབྱངས་རྟས་ཚེ་སྲོག་གི་རྒྱུ་བ་བསྐྲུན།
རེད། འདི་ལྟར།
ཁྱེད་ཀྱིས་ཁྲི་བདུན་གྱི་ས་སྐྱོང་འཇའ་ལམ་དུ་དྲངས་པས་རྟོགས་བརྗོད་སྙན།
ཁྱེད་ཀྱིས་འཕོ་ཆེན་ཉེར་བཞིའི་རྣམ་ཐར་མི་ཡུལ་དུ་བྲིས་པས་ངོ་མཚར་ཆེ།
ཁྱེད་ཀྱིས་འདུ་གནས་སོ་བདུན་གྱི་ཞིང་བཀོད་ཆོལ་གསུམ་ན་ཕབས་པས་གཏན་ཚིག་རྒོད།
ཁྱེད་ཀྱིས་ལོ་ངོ་སྟོང་ཕྲག་མང་པོར་སྲིད་སྐྱོང་གི་གྲོས་ཡ་བྱས་པས་རྒྱལ་ཁྲིམས་དར།
དེས་ན།
ཁྱེད་མེད་ན་རྒྱལ་པོས་བཀའ་མི་སྩོལ།
ཁྱེད་མེད་ན་བློན་པོས་གྲོས་མི་འཆའ།
ཁྱེད་མེད་ན་སྟོན་མོའི་འགོ་མི་རྩོམ།
བཀའ་བརྟེན་འགྱུར་གྱི་གླེགས་བམ་བརྒྱ་ཕྲག་བཞི་ལྔ།
དགོན་གནས་རྟེན་གྱི་མཁར་ཤུལ་སྟོང་ཕྲག་མང་པོ།
མགོན་སྐྱབས་ཡུལ་གྱི་དཔོན་གསས་ཁྲི་ཕྲག་རྒལ་བ།
འདི་དག་ཁྱེད་ཀྱི་རྟོགས་བརྗོད་ཡིན།
འདི་དག་ཁྱེད་ཀྱི་རྣམ་ཐར་ཡིན།
འདི་དག་ཁྱེད་ཀྱི་གཟི་བརྗིད་ཡིན།
རྡོར་དྲིལ་གྱི་སྐད་སྒྲས་གངས་ལྷ་མ་བཀྲོག་པའི་གོང་རོལ།
ཞྭ་སེར་གྱི་རྔ་འབོག་གངས་སུལ་ན་མ་འཁྱུད་པའི་གོང་རོལ།
གནམ་བབ་ཀྱི་གླེགས་བམ་ཕ་ཆོས་སུ་སྨོན་པའི་གོང་རོལ།
ཁྱེད་ཀྱིས་འགྲོ་བློ་ཡི་མུན་པ་བསལ་སོང་།
ཁྱེད་ཀྱིས་མི་ཡུལ་ན་ཞི་བདེ་བསྐྲུན་སོང་།
ཁྱེད་ཀྱིས་རིགས་དྲུག་ན་འོད་སྣང་སྦྱིན་སོང་།
དེ་དུས་ཁྱེད་ལ།
གཞི་ལམ་འབྲས་གསུམ་གྱི་ལྷ་ལམ་དྲང་།
གབ་མཛོད་ས་གསུམ་གྱི་རྒྱབ་རྟེན་ཟབ།
ཚད་གསུམ་གཏན་ཚིག་གི་ཕུ་ཐག་རིང་།
འོན་ཀྱང་།
བོད་གངས་ཅན་པའི་ལས་དབང་ཕྲ་སོང་།
རྗེ་བཙན་པོ་ཡི་བློ་གྲོས་སྙི་སོང་།
སྤྲང་རྒྱལ་ཁམས་པའི་ལྕེ་རྩ་རྒོད་སོང།
ཀྱེ་མ། དུས་དེ་ནས་བཟུང་།
ཁྱེད་ལ་འགའ་ཞིག་གིས་གོད་ཆག་བཟོས་སོང་།
ཁྱེད་ལ་འགའ་ཞིག་གིས་ཕོག་ཐུག་བཏང་སོང་།
ཁྱེད་ལ་འགའ་ཞིག་གིས་མི་ལོག་བསྟན་སོང་།
ད་དུང་།
དམར་པོའི་ཧོམ་ཞལ་དུའང་ཁྱེད་གཡུག་སོང་ལ།
སྔོན་མོའི་གཙང་ལམ་དུའང་ཁྱེད་བཏབ་སོང་།
སྲ་བའི་ཟངས་སྒྲོམ་དུ་ཁྱེད་བཅུག་སོང་ལ།
རྣོ་བའི་གསལ་ཤིང་དུའང་ཁྱེད་སྐྱོན་སོང་།
ལོ་ངོ་འདི་དག་གི་རིང་།
ནམ་ཟླ་འདི་དག་གི་དུས།
དཀའ་ཚིག་འདི་དག་གི་ནང་།
ཁྱེད་གླེང་མཁན་རྣམས་ལྕེ་བྲེག་སོང་།
ཁྱེད་གླེང་མཁན་རྣམས་རྒྱང་ཕུད་སོང་།
ཁྱེད་གླེང་མཁན་རྣམས་བཙད་ཕྱུང་སོང་།
ད་དུང་།
ད་ལོ་དང་ན་ནིངས།
ཁར་རྩང་དང་དེ་རིང་།
སང་ཉིན་དང་གནངས་ཉིན།
ཁྱེད་སྟོན་གྱི་མི་འདུག་པས་སྟོན་ཤོག་ཟེར།
ཁྱེད་འཁྱེར་རྒྱུ་མི་འདུག་པས་ཁྱེར་ཤོག་ཟེར།
ཁྱེད་བགྲང་རྒྱུ་མི་འདུག་པས་བགྲང་ཤོག་ཟེར།
ཀྱེ་མ། འདི་ཚོ་ལ་ངོ་ཚ་མེད།
འདི་ཚོ་ལ་ཁྲེལ་གཞུང་མེད།
འདི་ཚོ་ལ་ལ་རྒྱ་མེད།
མེ་ཆུ་ཧོམ་ཞལ་དུ་ཐེངས་མང་བཏབ་ཟིན་པའི་ཁྱེད་རང་།
གླེགས་བམ་གྱི་བྲག་རིར་ཐིལ་ཙེ་བརྒྱབ་ཟིན་པའི་ཁྱེད་རང་།
ལོ་རྒྱུས་ཀྱི་མ་ཡུལ་བཙོན་དུ་བཅུག་ཟིན་པའི་ཁྱེད་རང་།
ཇི་ལྟར་ཞིག་བྱས་ཀྱང་།
ཅི་འདྲ་ཞིག་གླེང་ཡང་།
སུ་ཞིག་གིས་དམོད་ཀྱང་།
གང་ལྟར།
རྒྱུ་འབྲས་རང་ཁ་རྒོད།
བདེན་པའི་ཕུ་ཐག་རིང་།
དམ་ཅན་འཕྲིན་ལས་མྱུར།
དེས་ན།
ཁྱེད་ནི་རིགས་དྲུག་གི་སྐྱབས་གནས་མཐར་ཐུག་ཡིན།
ཁྱེད་ནི་དགའ་འབོད་ཀྱི་གླུ་དབྱངས་ལེན་ས་ཡིན།
ཁྱེད་ནི་སྡུག་བསྔལ་གྱི་འོ་དོད་འབོད་ས་ཡིན།
ཁྱེད་ནི་གཏན་ནས་ནུབ་མི་ཐུབ་པའི་ཉི་གཞོན་ཡིན།
ཁྱེད་ནི་གངས་ཅན་པའི་ཕ་ནོར་ངོ་མ་ཡིན།
ཁྱེད་ནི་ཁ་བ་རི་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན།
ཁྱེད་ལ་དད།
ཁྱེད་ལ་དུངས་།
ཁྱེད་ལ་འདུད།
ཨེ་མ། གྱེར་བསྟན་ཆེ།
གཤེན་ཚེ་ཚང་གིས་རང་ཉིད་བོན་ཁྱིམ་ཞིག་ཏུ་སྐྱེས་པར་དགའ་བ་སྒོམ་བཞིན་དུ་ནུབ་གླིང་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༥ ཉིན་བྲིས།
- ཟིན་ཐོ་གོང་མ།མཁས་དབང་བེ་རི་བའི་རང་གཤིས་ཀྱི་ཆ་ཙམ་བརྗོད་པ།
- ཟིན་ཐོ་འོག་མ།མེས་པོའི་བླ་མཁར།

མ་འོངས་པས་ང་ཡི་བྱ་བཞག་སྒྲུབ་པ་ལ་ཁྱེད་རྣམ་པའི་གཟིགས་རོག་བཀྲ་ཤིས་བདེ་ལེགས།།།།།



ཁྱེད་ནི་གླིང་བཞིའི་མུན་པ་སེལ་བའི་ཉི་ཟླ་ཡིན་གྱི་དེང་རབས་གསར་པའི་གློག་འོད་མིན། །
ཁྱེད་ནི་བདེན་རྫུན་མཐིལ་དུ་འདྲེན་པའི་དྲང་ཤིང་ཡིན་གྱི་ཁ་སང་བཀུག་པའི་གཞུ་མོ་མིན། །
ཁྱེད་ནི་ལོ་རྒྱུས་བྲག་རིས་གཏམས་པའི་བང་མཛོད་ཡིན་གྱི་ན་ནིང་བསྐྲུན་པའི་སྤྲོ་ཁང་མིན། །
T.J

ཁྱེད་ནི་སྲིད་པའི་ཉི་ཟླ་ཡིན་གྱི་དེང་རབས་གསར་པའི་གློག་འོད་མིན། །
ཁྱེད་ནི་བདེན་པའི་དྲང་ཤིང་ཡིན་གྱི་ཁ་སང་བཀུག་པའི་གཞུ་མོ་མིན། །
ཁྱེད་ནི་ལོ་རྒྱུས་བྲག་རིས་གཏམས་པའི་བང་མཛོད་ཡིན་གྱི་ན་ནིང་བསྐྲུན་པའི་སྤྲོ་ཁང་མིན། །T.J