“
རི་བོ་དགེ་ལྡན་པའི་མཁས་དབང་བེ་རི་བས་ང་ལ་སྙན་ངག་བྲིས་དང་གསུངས་སོང་། ”
ཀ་དག་རྣལ་འབྱོར་འདྲ་བའི་བེ་རི་བས། །
ཁ་ནས་གང་བྱུང་ལག་ནས་བྲིས་བྲིས་ནས། །
ག་ས་ག་ལ་མཚན་སྙན་ཁྱབ་དྲགས་པས། །
ང་ལའང་གང་བྱུང་ཉུལ་རྒྱུའི་གོ་སྐབས་ཐོབ། །
ཅ་ཅོའི་གཏམ་ལ་དགའ་བའི་བེ་རི་བས། །
ཆ་ལུགས་འགྲིག་ཀྱང་རང་མདོག་མི་བཟང་བའི། །
ཇ་མངར་ཐུང་ཞོར་བྲིས་པའི་ ༡) ལྷ་མོ་ནི། །
ཉ་རེ་ཉོ་རེའི་ཨ་ཅག་རྒྱག་པ་ཞིག །
ཏ་ཀུ་ནོར་ལ་མི་མོས་བེ་རི་བས། །
ཐ་སྙད་ཚིག་ལ་དབུ་རིལ་རྒྱུད་ཐལ་ནས། །
ད་ནང་བཞེངས་ནས་མུན་འགོ་མ་རུབ་བར། །
ན་ཟུག་གཏོང་ཡང་ཞལ་ལག་མ་མཆོད་གསུངས། །
པ་ཅོག་ཅན་ལ་མོས་པའི་བེ་རི་བས། །
ཕ་རོལ་ཚོགས་ལ་སྙན་ངག་བྲིས་བྲིས་ནས། །
བ་ལང་གཉེར་ས་ལྟ་བུའི་སྲང་གཞུང་ན། །
མ་ཇུ་ཊི་ལའི་ ༢) མ་རྒན་མཇལ་མཁན་མང༌། །
ཙ་གེ་ཙི་གེ་མི་དགོས་བེ་རི་བས། །
ཚ་བ་ཆེ་བའི་ལྡི་ལིའི་གྲོང་ཁྱེར་ན། །
ཛ་དྲག་ཆེད་དུ་ཡར་མར་རྒྱུགས་དྲགས་ནས། །
ཝ་ལེར་དགོས་མཁོའི་ཅ་དངོས་གཡུག་པ་མང༌། །
ཞྭ་གོས་དང་འདོད་མི་དགོས་བེ་རི་བས། །
ཟ་མ་གང་བྱུང་ཐམས་ཅད་མཆོད་ཐལ་ནས། །
འ་ཙི་མཚན་དཔེ་རྫོགས་པའི་ཞལ་རས་ལ། །
ཡ་མའི་ན་ཚས་གདུང་བ་ཉུང་ཉུང་མིན། །
རྭ་ལྟར་ཁོག་གྱང་མིན་པའི་བེ་རི་བས། །
ལ་ལུང་གང་དུ་ཕེབས་ཀྱང་དེ་གནས་སུ། །
ཤ་ཁྲག་མི་གཅིག་ཕ་ཡུལ་མི་གཅིག་པའི། །
ས་ཆ་གང་སར་གྲོགས་པོ་བཟོས་པ་མང༌། །
ཧ་ཅང་ཡ་མཚན་ཅན་གྱི་བེ་རི་བས། །
ཨ་རོགས་ང་ལ་སྙན་ངག་བྲིས་དང་གསུངས། །
ཧ་ཅང་རྒྱུ་རྩལ་མེད་པའི་བུ་རུལ་ངས། །
ཨ་མཚར་འདི་ནི་མ་ཇུ་ཊི་ལར་བྲིས།
༡)ལྷ་མོ་ནི་དེ་སྔོན་བེ་རི་བས་སྙན་ངག་ཞིག་བྲིས་ནས་སྐད་གྲགས་ཆོད་པའི་ཨ་ཅག་དེ་རེད།
༢) མ་ཇུ་ཊི་ལ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་མིའི་གཞིས་སྒར་ཞིག་རེད།
- ཟིན་ཐོ་གོང་མ།གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར།
- ཟིན་ཐོ་འོག་མ།བོན་དང་འབྲེལ་བའི་གཞས་ཚིག་གསར་པ།