མ་འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །
དགེ་རྣམ་སྨིན་འཁོར་ཕྱོགས་ཞིག་གིས། །
ཁྱེད་ལན་གཅིག་བདག་དང་འཕྲད་ཀྱང༌།
ལས་རྒྱུ་འབྲས་རང་ཁ་རྒོད་པས། །
ད་ཕྱི་མའི་ཡུལ་ལ་གཤེགས་སོང༌།
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། །
སྡེ་ཁྲ་བོའི་སྨོན་ཕྱོགས་ཞིག་གིས། །
ནོར་དཀར་ནག་གདང་བརྒྱར་འགྲིགས་ཀྱང༌། །
དཔྱིད་འགོ་མའི་ནམ་ཟླ་བཙན་པས། །
ད་ཡོད་ཚད་སྟོང་ལ་ཉེ་སོང༌། །
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། །
གཞོན་ལོ་ཆུང་དགའ་ཕྱོགས་ཞིག་གིས། །
གྲོགས་ན་ཟླའི་སྣང་བ་སྐྱིད་ཀྱང༌། །
ཚེ་མི་རྟག་གོམ་ཁ་མྱུར་བས། །
མགོ་སྐྲ་རྩེ་སེ་ལ་བབས་སོང༌། །
ཨཱོཾ་མ་ཏྲི་མུ་ཡེ་ས་ལེ་འདུ། །
ང་འདི་ལ་སེམས་པ་ཡེ་ནས་སྐྱོ།
གོང་རྗེ་བོ་གཉའ་ཁྲི་བཙན་པོ་ནས། །
ཟམ་མ་ཆད་གངས་ཅན་ཕ་ནོར་ལ། །
ཞེ་མ་སོང་རྩོད་སྨྲ་བྱེད་པའི་དུས།།
ང་བུ་ཆུང་སེམས་པ་ཡེ་ནས་སྐྱོ། །
མགོན་ཡར་ལྷ་གདལ་དྲུག་སྤྲུལ་པའི་རྒྱུད། །
རིག་ཤ་ཁྲག་འདྲིས་པའི་གངས་ཅན་པ། །
ངོ་ཚ་མེད་ནང་འཁྲུག་བྱེད་པའི་ཚེ། །
ང་བུ་ཆུང་སེམས་པ་ཡེ་ནས་སྐྱོ། །
ཕྱྭ་སྒམ་པོའི་གཏོ་ཡི་བཀའ་སྒྲོམ་ལས། །
འཕྲུལ་རྐྱེན་པོས་གྲུབ་པའི་ཡི་གེ་ལ། །
ཕུག་མ་ཆོད་ལོག་འགྲེལ་བྱེད་པའི་ཚེ། །
ང་བུ་ཆུང་སེམས་པ་ཡེ་ནས་སྐྱོ། །
སྤུ་རྒྱལ་བོད།
ཕྱི་མཛེས་པ་ཁ་བའི་རི་དར་དང༌། །
ནང་ཕྱུག་པ་རིན་ཆེན་གཏེར་གྱིས་ཁེངས། །
བར་སྐྱིད་པ་གཡང་ར་སྒོ་བཞིས་བརྒྱན། །
འདི་སྤུ་རྒྱལ་བོད་ཀྱི་ཡུལ་གྲུ་རེད། །
ཕྱི་བཅུ་རིག་གནའ་བོའི་ཁྱད་ཡོན་དར། །
ནང་གཞི་ལམ་འབྲས་བུའི་སྒྲུབ་ཐབས་ལེགས། །
བར་འཕྲུལ་ཡིག་བཞི་བཅུའི་ངོ་མཚར་རྨད། །
འདི་སྤུ་རྒྱལ་བོད་གྱི་ཕ་ནོར་ཡིན། །
ཕྱི་ཞི་དུལ་སྤྱོད་ལམ་རྣམ་བཞིས་མཛེས། །
ནང་བྱམས་སེམས་སྙིང་རྗེའི་ངང་ཚུལ་ཅན། །
བར་བློ་རིག་དཔའ་མཛངས་བཀྲ་བའི་སྡེ། །
འདི་སྤུ་རྒྱལ་བོད་མའི་རང་གཤིས་ཡིན། །
ཡིད་ཀྱི་འཁྲི་ཤིང༌།
ཆར་པ་སིམ་སིམ་དུ་བབས་སོང༌། །
སྨུག་པ་ཐར་ཐུར་ཞིག་ལང་སོང༌། །
ཐོག་མའི་མཇལ་འཕྲད་དེ་བྱུང་བའི། །
ནམ་ཟླའི་འཁོར་ཁུག་དེ་དྲན་སོང༌། །
ཁུ་བྱུག་ལྷང་ལྷང་དུ་གྲགས་སོང༌། །
ཕྱེ་ལེབ་ཟིལ་ཟིལ་དུ་ལྡིང་སོང༌། །
འགྱུར་མེད་དམ་བཅའ་ཞིག་བཞག་པའི། །
གསུང་སྐད་སྙན་མོ་དེ་དྲན་སོང༌། །
ཟླ་བ་གུར་གུར་ཞིག་ཤར་སོང༌། །
སྐར་འོད་ཆིམ་ཆིམ་ཞིག་བཀྲ་སོང༌། །
ཞལ་རས་ཀུ་མུད་དང་འདྲ་བའི། །
ཡིད་ཀྱི་འཁྲི་ཤིང་ཁྱེད་དྲན་སོང༌། །
བོད་ཀྱི་བུ་མོ།
མགོ་མཛེས་པ་ཚལ་རུའི་ཞྭ་ཆུང༌། །
ལུས་མཛེས་པ་དངུལ་གྱི་རྒྱན་ཆ། །
རྐང་མཛེས་པ་བོད་ལྷམ་འཇའ་རིས། །
འདི་མཛེས་གསུམ་བོད་ཀྱི་བུ་མོ། །
གཟུགས་དྲང་བ་རྩ་རིའི་སྨྱུག་མ། །
གཞུང་དྲང་བ་ཚིག་མེད་མདའ་མོ། །
ལས་དྲང་བ་ཚོང་པའི་ཐིག་སྐུད། །
འདི་དྲང་གསུམ་བོད་ཀྱི་བུ་མོ། །
ལུས་གཙང་བ་ནམ་མཁའི་ལྷ་མོ། །
སེམས་གཙང་བ་དངུལ་དཀར་མེ་ལོང༌། །
ལག་གཙང་བ་པད་མའི་འདབས་མ། །
འདི་གཙང་གསུམ་བོད་ཀྱི་བུ་མོ། །
(གཞས་ཚིག་འདི་དག་དེ་སྔོན་བོན་གྱི་མཆེད་གྲོགས་ཞིག་གིས་བསྐུལ་བར་བརྟེན་འབྲི་ཁུལ་བྱས་པ་ཡིན་པས། སྤྱིར་བོད་ཀྱི་ཤེས་རིག་གི་སྣོད་བཅུད་ལ་དུངས་བ་ཟབ་ཅིང་སྒོས་སུ་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་ལ་དད་འདུན་ཆེ་བའི་གླུ་བ་གླུ་མ་གང་ཞིག་གིས་བདག་གི་གཞས་ཚིག་འདིར་མོས་པ་ཡོད་ན་དགྱེས་བཞེས་གནང་རོགས་ཞུ། ཞེས་དགེ་བཤེས་འོད་ཟེར་པས་ནུབ་ཕྱོགས་འབྲས་ལྡན་གྲོང་ནས་ཕུལ།། )
- ཟིན་ཐོ་གོང་མ།མཁས་དབང་བེ་རི་བའི་རང་གཤིས་ཀྱི་ཆ་ཙམ་བརྗོད་པ།
- ཟིན་ཐོ་འོག་མ།ཁྱེད་ནི་ཁ་བ་རི་བའི་ལོ་རྒྱུས་ཀྱི་རྡོ་རིང་ཡིན།
མི་ཚོས་གཤང་གཅི་འདོར་སྐབས་ཅི་ཡང་མི་སྨྲ་བ་དེ་དགེ་བར་འཛེམས་ནས་མི་སྨྲ་བ་ཤ་སྟག་ཡིན་ན་ཅི་འདྲའི་ཉམས་དོད་པོ་ཞིག་རེད། ཧ་ཧ་ཧ།
ལར་བཟླས་ཆོག་གི་འཛབ་རྣམས་བཟླས་པ་ཙམ་གྱིས་ངན་སོང་གི་གོ་ཁེག་ཅེས་རྒྱལ་བའི་བཀའ་ལུང་གི་དགོངས་དོན་ཡིན་སྟབས་འདི་དག་རོལ་དབྱངས་དང་གར་སྟབས་ཀྱི་ཉམས་དང་བསྟུན་ནས་བཟླས་ན་དགེ་ལས་ཞིག་ལས་སྡིག་ལས་ཇི་ལྟ་ཡིན།
གོང་གི་སྐུ་མགྲོན་ལགས་ནས་དགྱེས་གཟིགས་གནང་རྗེས་གཞན་ལ་ཕུལ་གནང་བར་དགའ་སྤྲོ་ཆེ་ཞུ།
ཞེས་པའི་དཔེ་ལྟར་ གཞན་སྡེས་མ་ཎི་དབྱངས་སུ་འཐེན་ཀྱང་ང་ཚོར་ལད་ཟློས་དེའི་དགོས་པ་ཨེ་ཡོད།