གངས་ཅན་ཨ་མའི་མངལ་དུ་སྦྲུམ་ཞིང་མེས་པོའི་ཕ་ནོར་གླེང་མཁན་ང་། །
གངས་རིའི་ལོ་རྒྱུས་རུམ་དུ་བཅུག་སྟེ་ཕ་གཞིས་རྒྱབ་ཏུ་བོར་མཁན་ང་། །
གངས་ལྷ་སྒེགས་མོའི་མཛུམ་ཞལ་མ་མཇལ་མི་ཚེར་ཁེར་རྐྱང་འཚོ་མཁན་ང་། །
བསམ་ཞིང་བསམ་ན་དྲན་སྣང་ཡོད་ཚད་གངས་རིའི་ལྗོངས་སུ་ཤོར་མཁན་ང་། །
ཁྲི་བདུན་གཟི་འོད་མཁའ་རུ་དེངས་པས་ཆེ་བའི་ཡིག་ཚང་ཡོད་མཁན་ང་། །
འཕོ་ཆེན་ཉེར་བཞིའི་ཤུལ་ལམ་བརྗིད་པས་དོན་ལྡན་གླེགས་བམ་རྩིག་མཁན་ང་། །
རྒྱན་དྲུག་མཁས་པས་རྗེས་བཞག་ལེགས་པས་གཏན་ཚིག་ལོ་རྒྱུས་ཕྱུག་མཁན་ང་། །
བསམ་ཞིང་བསམ་ན་རིན་ཆེན་འདི་དག་ནོར་ཉམས་མ་ཆོད་ལུས་མཁན་ང་། །
སྤུ་རྒྱལ་བཙད་པོའི་ཡིག་ཚང་བརྡོལ་ཡང་བདག་པའི་རང་སྟོབས་མེད་མཁན་ང་། །
ཞང་བོད་ཤེས་རིག་ཁུངས་འགོ་བཙན་ཡང་འཚོལ་སྙིགས་གོམས་སྟབས་མེད་མཁན་ང་། །
ཕ་བོན་གཙང་མའི་དམ་ཚིག་ཟབ་ཡང་མོས་གུས་བརྩོན་འགྲུས་མེད་མཁན་ང་། །
བསམ་ཞིང་བསམ་ན་ངུ་མ་དགོད་ཀྱིས་མི་ཚེར་རྐྱལ་སྟོང་འཚོ་མཁན་ང་། །
གངས་དཀར་ཏི་སིའི་རང་ཞལ་ངོམ་ཡང་ལ་རྒྱའི་གཡུ་རལ་མེད་མཁན་ང་། །
ཡར་ཀླུང་གཙང་པོའི་གཏམ་རྒྱུད་རིང་ཡང་ཉན་པའི་སྤྲོ་སྣང་མེད་མཁན་ང་། །
ཕ་གཞིས་བོར་བའི་གནའ་མཁར་མང་ཡང་ཤུལ་འཛིན་སྙིང་སྟོབས་མེད་མཁན་ང་། །
བསམ་ཞིང་བསམ་ན་མྱ་ངམ་ཐང་དུ་སྐྱོ་བའི་མཆི་མ་འབྲུག་མཁན་ང་། །
གནའ་བོའི་གླེགས་ཧྲུལ་ཕྲག་ཏུ་ཁུར་ཡང་སྡོམས་ཚིག་མེད་པའི་བླུན་རྒན་ང་། །
དེངས་རབ་འཕྲུལ་གྱི་སྒྱུ་རྩལ་འགྲོག་ཀྱང་བྱ་བཞག་མེད་པའི་འཁྱམས་པོ་ང་། །
ཕྱི་ནང་མི་རིགས་མཁས་བརྒྱའི་ཁྲོད་ན་ལོ་ཙཱ་མི་ཤེས་ལྐུག་པ་ང་། །
བསམ་ཞིང་བསམ་ན་མི་ཚེ་འདི་ལ་ཨ་ཐང་ཆད་པའི་བུ་རུལ་ང་། །
ཞེས་འཆལ་རྩོམ་ཐོར་བུ་འདི་དྷོ་ནཱའོ་༡༽གཙང་པོའི་འགྲམ་དུ་གཤེན་ཚེ་ཚང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་བྲིས།
༡༽ (དྷོ་ནཱའོ་ (Donau) གཙང་པོ་ནི་ཡུ་རོབ་གླེང་ཆེན་གྱི་གཙང་ཆེན་གཉིས་པ་དེ་རེད་ལ། ཆུ་འགོ་ནི་འཇར་མན་ནིའི་བྱང་ཕྱོགས་“ནགས་ཀྱི་གླེང་ཕྲན་ནག་པོ་”ཞེས་པ་ནས་འབབ་ཀྱི་ཡོད་སྟབས་དྷོ་ནཱའོ་འམ་“གཙང་ནག་”ཅེས་འབོད། )
- ཟིན་ཐོ་གོང་མ།འཛམ་གླིང་སྟེང་གི་ཐོག་མའི་རིག་མཛོད་འཕྲུལ་ཆས།
- ཟིན་ཐོ་འོག་མ།གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར།
གཡུང་དྲུང་གཙུག་ཕུད་ལགས་ཕེབས་ནས་དཔྱད་གཟིགས་གནང་བར་ཐུགས་རྗེ་ཆེ། ལྷག་པར་བདག་གི་རྩོམ་དེབ་(གསང་གཏམ་དམར་པོ)ལ་མཐོང་བཞག་གནང་བར་བཀའ་དྲིན་ཆེ། ད་ལན་ཁྱེད་ཀྱི་དྲི་བ་ཏི་སེ་ཞེས་པ་ནི་རང་ལུགས་ཀྱི་མ་ཡིག་ཁུངས་མ་རྣམས་སྔོག་སྐབས། “ཏི་སེ་”ཞེས་པ་ནི་ཞང་སྐད་དེ། “ཏི་”ནི་ཆུའམ་དབལ་ལ་གོ་བ་དང་། “སེ་”ནི་གསས་ཀྱི་བརྡ་སྟེ་ལྷ་ལ་གོ་ཡི་འདུག དེས་ན་“ཏི་སེ་”ཞེས་པ་ནི་“དབལ་ལྷ་”འམ་དབལ་ཆེན་ལྟ་བུའམ་ཡང་ན་ཆུ་ལྷ་ལྟ་བུར་གོ་རྒྱུ་ཡོད་པར་འདུག་ལགས།
མ་པང་མཚོ་གཉན་ཟབ་ཏུ་འཁྱིལ་ས་ན།།
རི་བོ་ནག་པོ་ཟོར་དུ་བརྒྱུས་པ་ལ།།
གཤེན་རབ་བོན་པོས་སྨྲང་ཚིག་ངག་ཏུ་གྱེར།།
གཡས་ན་སྟག་རི་ངར་གྱིས་ཁྲོ་བགས་དང་།།
གཡོན་ན་མུ་ལེ་མཚོ་ཡིས་མཛེས་ཉམས་འཁྱུད།།
དུག་རི་མདུན་དུ་བསྐྱེང་བའི་ཟོལ་འགྱུར་དེས།།
བདུད་འདུལ་བོན་པོས་སྒྲ་བླ་མཁར་དུ་དྲངས།།
རྒྱུང་ཡ་གནམ་ལ་གཤེགས་པའི་མཁར་ཤུལ་དང་།།
བླ་ཆེན་རྒྱ་ལ་ཕེབས་པའི་དར་ལམ་ན།།
མ་བཞེངས་རྡོ་སྐུ་ས་ནས་འབུས་པ་དེས།།
གཤེན་བཙུན་བོན་པོས་ལས་མཐའ་འགྲུབ་པའི་རྟགས།།
ཡ་བྲང་གཡུ་འབྲུག
མཁྱེན་ཡངས་ཡ་བྲང་ཚང་ཕེབས་ནས་དཔྱད་རྗོད་སྤེལ་བར་བཀའ་དྲིན་ཆེ།