ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ངའི་སྲིང་སྡུག་མ། | 2011/9/5 19:55:00

གངས་རིའི་དབལ་སོ་བལྟམས་པའི་ཕར་ཕྱོགས་སུ། །

རྫ་སྤང་རི་ཚོམ་འཁྱིལ་བའི་འདབས་རོལ་དུ། །

སྦྲ་ནག་གྲུ་བཞིས་ཕྱུག་པའི་སྤང་ལྗོངས་སུ། །

བདེ་བར་འཚོ་ཞིང་ཨེ་ཡོད་སྲིང་སྡུག་མ། །

 

ཁ་བ་བུ་ཡུག་འཚུབ་པའི་རི་སུལ་དུ། །

ནོར་ལུག་རི་ལ་བགོ་བའི་ཉིན་སྲིབ་ཏུ། །

རི་སྤྱང་ངུ་ཚག་འདེབས་པའི་ལ་ཀླུང་དུ། །

གཅུང་པོ་ཡིད་ལ་ཨེ་འཁོར་སྲིང་སྡུག་མ། །

 

ལྕི་རྫིང་འབག་གིས་བརྫིས་པའི་ལྷས་འདབས་སུ། །

འབྲི་མོས་ངུར་སྒྲ་སྒྲོག་པའི་སྦྲ་འདབས་ན། །

འོ་ཇའི་རླངས་པ་འཐུལ་བའི་གོ་ཁ་ནས། །

གཅུང་པོ་ཡིད་ལ་ཨེ་འཁོར་སྲིང་སྡུག་མ། །

 

ཆུ་བོ་དར་ཁ་འགྲིག་པའི་དགུན་དུས་སུ། །

ཁྲུང་ཁྲུང་ལྷོ་རུ་གཞུད་པའི་ནམ་དུས་སུ། །

རི་ཀླུང་དངུལ་སྐུས་བརྒྱན་པའི་ས་སྲོད་དུ། །

གཅུང་པོ་ཡིད་ལ་ཨེ་འཁོར་སྲིང་སྡུག་མ། །

 

མཆོད་མེས་མདོ་སྦུག་གསལ་བའི་ཁྱིམ་གཞི་ན། །

འདྲེ་སྒྲུང་གནའ་གཏམ་གླེང་བའི་མཚན་དཀྱིལ་དུ། །

ཨ་མས་འཕྲེང་གོག་བགྲང་བའི་པང་ཁུག་ཏུ། །

གཅུང་པོ་ཡིད་ལ་ཨེ་དྲན་སྲིང་སྡུག་མ། །

 

རྩིག་ཆུང་ཞིག་རལ་སོང་བའི་རྩེད་ར་ན། །

རྡོ་ཀོང་ཕོར་པ་བཟོས་པའི་རྩེད་ཁྱིམ་དུ། །

སྣང་བ་རྒྱ་ཡན་བཏང་བའི་ལོ་ཟླ་རུ། །

གཅུང་པོ་ཡིད་ལ་ཨེ་འཁོར་སྲིང་སྡུག་མ། །

 

རི་ཆེན་དགུ་ཕྲེང་བལྟམས་པའི་ཚུར་རོལ་ནས། །

ལོངས་སྤྱོད་མངའ་ཐང་རྒྱས་པའི་ནུབ་གླིང་ནས། །

ཁོམ་མེད་འདུ་འཛི་རྒོད་པའི་གྲོང་ཁྱེར་ནས། །

ཁྱེད་ཉིད་ཡིད་ལ་འཁོར་གྱི་སྲིང་སྡུག་མ། །

 

རྨི་ལམ་འཇའ་ཚོན་བཀྲ་བའི་མདང་ནུབ་ཏུ། །

ཁེར་རྐྱང་གཉིད་དུ་ཡོལ་བའི་སྔས་འགྲམ་དུ། །

ཞི་འཇམ་བཞིན་རས་མཇལ་བའི་ཚོར་སྣེ་རུ། །

གཅུང་པོས་དྲན་གླུ་ཤོར་ཐལ་སྲིང་སྡུག་མ། །

 

ཞེས་རྩོམ་ཐུང་འདི་རྨི་ལམ་ཞིག་གིས་རྐྱེན་བྱས་ཏེ་ལོ་མང་རིང་མ་མཇལ་བའི་སྲིང་མོ་ཚེ་སྒྲོན་ལགས་སུ་གཅུང་འོད་རྒྱལ་པས་ཕྱི་ལོ  ༢༠༡༡ ཟླ་ ༩ ཚེས ༥ ཉིན་ནུབ་གླིང་འབྲས་ལྡན་གྲོང་དུ་བྲིས།། །།

Re:ངའི་སྲིང་སྡུག་མ། | 2011/9/13 22:37:38
danzengyixi

བཀླགས་ཟིན།
ཞག་ཤས་མ་མཇལ་རིང་སྐུ་ཁམས་བདེ་ལགས་སམ།
ལྷ་གཡག་དར་མས
Re:ངའི་སྲིང་སྡུག་མ། | 2011/9/11 0:59:36
woserཁྱུང་དཀར་ཟླ་བ་ལགས་ཕེབས་ནས་ལེགས་འདེམས་གནང་བར་ཐུགས་རྗེ་ཆེ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.