གོ་ལ་ཟླུམ་པོར་གནས་འཆའ་བའི་མི་རིགས་ཕལ་མོ་ཆེ་སོ་སོའི་དགའ་སྡུག་གི་ཚོར་གནས་དྲག་པོར་ལྷུང་ཚེ་ཡིད་ཆེས་དད་སེམས་ཀྱི་སྒོ་ནས་རེ་ལྟོས་དང་མགོན་སྐྱབས་བྱ་སའི་ཡུལ་ཞིག་ཡོད་པ་ནི་གྲུབ་མཐའ་སོ་སོའི་སྐྱབས་ཡུལ་དེ་དག་རེད། ཇི་ལྟར་བཤད་ཀྱང་སྐྱབས་གནས་དེ་དག་ནི་གྲུབ་མཐའ་སོ་སོའི་ལུགས་ལ་མགོན་སྐྱབས་མཐར་ཐུག་ཡིན་ལ་སྐྱོན་བྲལ་ཁོ་ནའི་མཚན་གཞི་ཉག་ཅིག་ཡིན། འོན་ཀྱང་གྲུབ་མཐའ་གཞན་ཞིག་གིས་གཞན་ལ་དགག་བཞག་བྱ་ཚེ་ཕྱོགས་སྔས་རང་ལུགས་ཀྱི་འདོད་པ་ཁོ་ན་གཞི་བཟུང་ནས་ཕྱི་རྒོལ་ལ་དགག་བཞག་བྱེད་པ་ནི་ས་སྟེང་འདིར་མི་ཡི་རང་གཤིས་ལྟར་བུར་གྱུར། དཔེར་ན་ང་ཚོས་ནང་པ་ཞེས་འབོད་པའི་བན་བོན་གྱི་གྲུབ་མཐའ་སྨྲ་བ་མང་དག་ཞིག་གིས་ང་ཚོས་ཕྱི་རོལ་ཞེས་འབོད་པའི་གྲངས་ཅན་པ་དང་རྒྱང་འཕེན་པ་སོགས་མང་པོ་ཞིག་ལ་དགག་ཡོད་ལ། དེ་བཞིན་ང་ཚོས་ཁ་ཆེ་དང་ཡི་ཤུ། ཧིན་དྷུ་སོགས་ལ་ཕྱི་རོལ་པ་ཞེས་འབོད་ནས་ཕྱི་རྒོལ་གྱི་གྲལ་དུ་འཇོག་གིན་ཡོད། འོན་ཀྱང་ས་སྟེང་འདིར་ཡི་ཤུ་དང་ཁ་ཆེའི་རྗེས་འཇུག་པ་མང་ཤོས་ཆགས་ཡོད་ལ་མི་དེ་དག་ལོག་པའི་ལམ་དུ་འཇུག་བཞིན་འདུག་ཅེས་བཤད་ན་ཆེས་མི་འོས་པ་ཞིག་ཡིན། དེ་མཚུངས་ནང་པས་རྒོལ་སའི་ཧིན་དྷུའི་ལུགས་སོགས་ཀྱང་གཅིག་མཚུངས་ཡིན།
དེས་ན་ལུགས་སོ་སོའི་རྗེས་འཇུག་པ་རྣམས་ཀྱིས་སོ་སོའི་སྟོན་པའམ་སྲོལ་གཏོད་པས་ཇི་བཞིན་གསུངས་པ་ལྟར་ཉམས་ལེན་གནང་ན་ལུགས་དེར་སངས་རྒྱས་པའམ་བདེ་གནས་འཐོབ་པ་ཡོང་གི་ཡོད་པ་ནི་ལུགས་དེའི་སྲོལ་གཏོད་པ་པོའི་བཀས་མི་བསླུ་བ་ཡིན།
ང་ཚོས་ནང་པ་ཞེས་སྨྲ་བཞིན་པའི་གྲུབ་མཐའ་འདིའི་ལུགས་ལ་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་ཞིང་དེ་དག་ལ་སྐྱབས་སུ་འགྲོ་མཁན་ཀྱི་མི་ཞིག་ལ་ནང་པ་སངས་རྒྱས་པ་ཞེས་འབོད་ཀྱིན་ཡོད། དེ་ཡང་ཕྱི་ནང་དབྱེ་བ་སྐྱབས་འགྲོས་འགྱེད་དགོས་པ་བན་བོན་གཉིས་ཀའི་ལུགས་དང་མཐུན་པ་ལྟར། སྐྱབས་འགྲོ་ཞེས་པའང་ཡུལ་ཁྱད་པར་ཅན་འཁོར་བའི་འཇིགས་པ་སེལ་བའི་ཐབས་ལ་འཇུག་པ་ཞིག་ལ་གོ་དགོས། སྐྱབས་སུ་འགྲོ་བའི་ཡུལ་ཡང་བླ་མ་དཀོན་མཆོག་དང་། སངས་རྒྱས་དཀོན་མཆོག བོན་ནམ་ཆོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞེས་བཤད་ཀྱི་ཡོད། བླ་མ་དཀོན་མཆོག་ནི་སྐྱབས་ཀྱི་ཡུལ་མཆོག་གང་ཞིག་བསྟན་འཛིན་དུ་གྱུར་པ་སྟེ་འཁོར་བའི་སྡུག་བསྔལ་འདི་ནས་སྐྱོབ་པར་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་དགོས། སངས་རྒྱས་དཀོན་མཆོག་ནི་སྐྱབས་ཀྱི་ཡུལ་མཆོག་གང་ཞིག་ཐོབ་བྱ་མཐར་ཐུག་སྟེ་འཁོར་བ་ལས་སྐྱོབ་པར་བྱེད་པའི་ནུས་པ་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་ཟད་པའི་སྐུ་ཞིག་ཡིན་དགོས། བོན་ནམ་ཆོས་དཀོན་མཆོག་ནི་སྐྱབས་ཀྱི་ཡུལ་མཆོག་གང་ཞིག་བསྟན་བྱར་གྱུར་པ་སྟེ་སངས་རྒྱས་དང་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླང་ན་འཁོར་བ་ལས་སྐྱོབ་པའི་ནུས་པ་ཅན་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་དང་བསྟན་པ་རྣམས་ཡིན། འདི་དག་བན་བོན་གཉིས་ཀས་འདོད་ཀྱི་འདུག་ལ་སྐྱབས་གནས་ཀྱང་བྱེད་ཀྱི་འདུག འདི་དག་བསྟན་བྱེད་ཀྱི་ལུང་རིག་ཀྱང་བན་བོན་གཉིས་ཀར་འདུག གོང་གི་ཚད་མའི་སྐྱེས་བུ་དེ་དག་གིས་ཇི་ལྟར་གསུངས་པ་བཞིན་ཉམས་སུ་བླངས་ནས་སངས་རྒྱས་མཁན་ཀྱང་བན་བོན་གཉིས་ཀའི་ལུགས་ལ་འདུག
སྤྱིར་རང་རེས་འབོད་བཞིན་པའི་བཅོམ་ལྡན་འདས་ཀྱིས་བསྟན་པའི་ནང་པ་ཞེས་པའམ་དབྱིན་ཚིག་ཏུ་བྷུ་དྷིསམ་( Buddhism )ཞེས་པའི་མིང་དེའི་བྱུང་ཁུངས་ནི་ལེགས་སྦྱར་ཀྱི་བྷུ་དྷ། དྷརྨ་( बौद्ध धर्म Bauddha Dharma )ཞེས་པ་འདི་ཡིན། འདིའི་གོ་དོན་ནི་“སངས་རྒྱས་ཀྱི་ཆོས་”ཞེས་བཤད་པ་ལས་ནང་པ་ཞེས་ཆེ་བ་དང་ལྷག་པ་ཡིན་པ་སོགས་གང་ཡང་མ་བསྟན། ད་དུང་བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་འདི་ཉིད་ལ་“ནང་པ་”ཞེས་འབོད་དགོས་པའང་དེ་བས་མ་གསུངས། འོན་ཀྱང་རྗེས་འཇུག་རྣམས་ཀྱིས་མང་དག་ཞིག་བཤད་ཡོད། གཞན་ཞིག་སྟེ་བོན་གྱི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་ཐེག་པ་སྤྱི་ཡི་གཞུང་འཆད་སྐབས་(ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས་)“བསྡུས་ནས་བཤད་ན་རྣམ་པ་གཉིས་ཡིན་ཏེ། །ཕྱི་པ་མི་སྟེགས་པ་དང་ནང་པ་གཤེན་རབ་པའོ། ” ཞེས་རང་རེ་བོད་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལ་“ནང་པ་གཤེན་རབ་པ་“ཞེས་འབོད་དགོས་པ་གསུངས་ཡོད་སྟབས་དེས་ན་དངོས་གནས་ནང་པ་ཞེས་པའི་ཚིག་འདི་བོན་ལས་ཕར་ཐོག་པའང་ཆོས་ལས་ཚུར་ཐོག་པ་གང་ཡིན་མིན་དཔྱད་ན་ངེས་སླ། ད་དུང་ཆོས་ཕྱོགས་ཀྱི་ལུང་མཁའ་འགྲོའི་རྣམ་ཐར་༼ཤོག་གྲངས་༡༢༽ལས། “ལྷ་དཀོན་མཆོག་གསུམ་དངཿ ཆོས་ཡི་གེ་དྲུག་མཿ སྐུ་ཐུགས་རྗེ་ཆེན་པོས་བོད་ཁམས་རྒྱ་ནག་ཡན་ཁྱབཿ བོན་ནང་པ་དང་ཆོས་གཉིས་ཀ་དརཿ ” ཞེས། ལྷག་པར་འདིར་“བོན་ནང་པ་”དང་ཞེས་དམིགས་སུ་བཀར་ནས་བཤད་འདུག་པ་འདི་དག་འགྲེལ་བཤད་ཇི་ལྟར་བྱ། ལུང་འདི་དག་གཉིད་ལབ་དང་འཁྱོར་བཤད་ནི་ཡིན་དོན་མེད།
བར་ལམ་ཞིག་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་ཆེ་གེ་མོ་འགས་ཐབས་ལམ་ཡོད་དགུའི་རྩལ་སྤྲུག་སྟེ་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་འདི་ཉིད་ནང་པའི་གྲལ་ནས་འཕུད་ཐབས་ཀྱིས་“བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་”ཟེར་བ་དང་། “དཔལ་ན་ལནཌའི་ཆོས་རྒྱུད་”ཟེར་བ་དང་། “བོད་རྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཆེན་པོ་བཞི་”སོགས་མདོར་ན་རང་རེ་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་འདི་ཉིད་ནང་པའི་གྲལ་དུ་འཇོག་འདོད་མེད་པའི་ཐབས་ལམ་མང་པོ་ཞིག་འཚོལ་བཞིན་འདུག་པ་འདི་དག་ལ་བསམ་ཚེ། དེའང་པདྨ་བཀའ་ཐང་ལས། “བོན་དང་ཆོས་གཉིས་བོན་སྔ་བས། ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག ཆོས་པས་བོན་གཤེ་དམ་ཚིག་ཉམས། རྐྱེན་དེས་རང་བསྟན་རང་གིས་གཤིགས།” ཞེས་གསུངས་པ་འདི་མ་འོངས་ལུང་བསྟན་ཞིག་ལོས་ཡིན་ཏེ་བོད་གངས་ཅན་པའི་ལས་དབང་འདི་ཅི་ཞིག་གིས་གནོས་བསམ་ཞིང་མིག་ནས་འཆི་མའང་ཤོར་ཡོང་གི།
འོན་ཀྱང་བོན་པོ་ནང་པ་ཡིན་མིན་དང་བོན་ནང་པའི་གྲུབ་མཐའ་ཡིན་མིན་སོགས་ནི་གོང་དུ་ཞུས་ཟིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་དེ་ཁོ་ནས་ཤེས་སླ། ད་དུང་གཡུང་དྲུང་བོན་གྱི་ལུགས་ཉམས་སུ་བླངས་ནས་སངས་རྒྱས་མཁན་ཤིན་རུ་མང་པོ་བྱུང་འདུག དེ་དག་གི་རྣམ་ཐར་ལོ་རྒྱུས་རྣམས་ད་ལྟ་མཇལ་ཡུལ་དུ་འདུག གལ་སྲིད་རྣམ་ཐར་ལོ་རྒྱུས་དེ་དག་ཡིད་མི་ཆེས་ཟེར་ན་ངེད་ཅག་གིས་ཀྱང་བཅོམ་ལྡན་འདས་སངས་རྒྱས་མིན་དང་རྒྱ་གར་གྱི་པན་གྲུབ་ཞེས་པའི་མི་དེ་དག་བྱུང་ཡོད་མེད་ཇི་ལྟར་ཡིད་ཆེས་ཞེས་བཤད་རྒྱུ་ལས་མ་འདས། རྒྱུ་མཚན་ནི་ལོ་རྒྱུས་དང་རྣམ་ཐར། ལུགས་སོ་སོའི་གཞུང་རྣམས་ལ་ཡིད་ཆེས་མ་བྱས་ན་ལོ་ངོ་ཁྲི་སྟོང་མང་པོའི་གོང་གི་མི་ཞིག་ད་ལྟ་འཚོལ་ན་མི་རྙེད་པས་སུ་ལའང་ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུ་མེད། ཡང་བོན་པོ་ནང་པ་མིན་པའི་རྒྱུ་མཚན་གཞན་ཞིག་སྟེ་སངས་རྒྱས་བཅོམ་ལྡན་འདས་ད་ལྟའི་བསྟན་པའི་སྟོན་པ་རུ་ཁས་བླངས་ནས་སངས་རྒྱས་དཀོན་མཆོག་ཏུ་མི་འདོད་པ་དང་། དེས་གསུངས་པའི་བདེན་བཞིའི་ཆོས་འཁོར་སོགས་བཀའ་རུ་མི་འདོད་པའི་རྒྱུ་མཚན་སོགས་ཨུ་ཚུག་བྱ་ན་མ་འོངས་པའི་སྟོན་པ་འོད་སྲུང་དང་འདས་པའི་སྟོན་པ་གསེར་ཐུབ་སོགས་ཀྱི་རྗེས་འཇུག་རྣམས་ཀྱང་ནང་པ་ཡིན་མིན་ཐེ་ཚོམ་པས་བྱ་ཐབས་བྲལ། ཡང་འགའ་ཞིག་གིས་བོན་པོས་དམར་མཆོད་འབུལ་གྱི་རེད་དེས་ན་བོན་པོ་ནང་པ་ཇི་ལྟར་ཡིན་སོགས་ཟེར་མཁན་ཡོད་ཚོད་འདུག འོན་ཀྱང་བོན་གྱི་བཀའ་འགྱུར་པོད་གྲངས་ ༡༧༩ དང་བརྟེན་འགྱུར་པོད་གྲངས་ ༣༠༠ ལྷག་ཞིག་གི་ནང་དུ་དམར་མཆོད་འབུལ་བྱེད་ཀྱི་ཆོ་ག་ཞིག་རྙེད་ཀྱི་མི་འདུག་ལ། བོན་གྱི་སྟོན་པ་གཤེན་རབ་མི་བོས་ཀྱང་ “གཅིག་གསོ་གཅིག་གསོད་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། དེ་ནི་ལོག་པའི་ལས་ཡིན་པས་སྤང་བར་བྱའོ། ” ཞེས་གསུངས་འདུག་པ་ལས་འདི་དང་འདིའི་དོན་དུ་འདི་དམར་མཆོད་འབུལ་དགོས་ཞེས་གཞུང་ལུགས་གང་ཞིག་ཏུའང་གསུངས་མི་འདུག་པས་དེས་ན་གཡུང་དྲུང་བོན་གྱི་ལུགས་ལ་དམར་མཆོད་འབུལ་བའི་སྲོལ་ཡོད་པ་ཇི་ལྟར་བསྒྲུབ། འོན་ཀྱང་འབྲི་གུང་སྐྱོབས་འཇིག་དང་ཐུབ་ཀྭན་སོགས་ཀྱིས་བཤད་པས་སོ་ཟེར་ན། དེ་ནི་ལྟ་དགོས་སའི་བོན་གྱི་གཞུང་ལུགས་མ་དཔྱད་པར་ཕྱོགས་རིས་ཀྱིས་སྨྱོས་པའི་མི་ག་གེ་མོས་ཟེར་སྒྲོས་བགྲང་སྡད་ན་འདྲེ་ཤར་སྒོར་ཡོད་པར་གླུད་ནུབ་སྒོར་སྐྱེལ་བའི་དཔེ་ལྟར་སྐལ་པའི་བར་གྲུབ་མཐའ་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་མི་སྲིད།
སྤྱིར་ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་བན་བོན་བར་གྱི་རྩོད་རྙོག་རབས་དང་རིམ་པར་བྱུང་དང་འབྱུང་བཞིན་ཡོད། རྩོད་རྙོག་དེ་དག་ཡོང་རྐྱེན་གཙོ་བོ་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་མི་དཔོན་དང་བླ་སྤྲུལ་ཆེ་གེ་མོ་དག་གིས་གྲུབ་མཐའི་ལྟ་གྲུབ་རྣམས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དང་སྤྱོད་བཞིན་པའི་ཉེར་ལེན་ལས་བྱུང་བ་ཡིན། དེ་མིན་གྲུབ་མཐའ་སོ་སོའི་གཞུང་བཞིན་ཉམས་སུ་ལེན་མཁན་རྣམས་ཀྱིས་རིས་མེད་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་བཞིན་ཡོད། གང་ཞིག་གིས་ཚད་མའི་སྐྱེས་བུ་རྣམས་ཀྱིས་བསྟན་པའི་གཞུང་བཞིན་ཉམས་ལེན་དང་གོ་རྟོགས་སྤེལ་རེས་གནང་ན་གྲུབ་མཐའི་བར་གྱི་འགལ་ཟླ་བཟོ་བའི་ཀུན་སློང་དེ་དག་ཡོང་མི་སྲིད། རྒྱུ་མཚན་ནི་ཚད་མའི་སྐྱེས་བུས་གསུངས་པའི་བཀའ་རྣམས་ཀྱིས་མི་བསླུ་བ་དང་སྡིག་གསོག་གི་ལས་མིན་པ་ནི་བན་བོན་གཉིས་ཀས་འདོད།
ལྷག་དོན་ད་ལྟའི་དུས་འདིར་འཛམ་གླིང་གི་མི་རིགས་རྣམས་ཀྱིས་ཀླད་རྩའི་མཐོང་རྒྱ་འཕྱེ་ཅི་ཐུབ་དང་། ཞི་བདེ་དང་བག་ཕེབས། ཡར་རབས་དང་བློ་གྲོས་ཀྱི་སྒོ་མོ་འབྱེད་ལ་གཞོལ་བཞིན་པ་ལས་བདེན་པའི་ལོ་རྒྱུས་རྒྱབ་ཏུ་གཡུག་སྟེ་གྲུབ་མཐའ་དང་ཕྱོགས་རིས་ཀྱིས་རྒྱུད་སྡོམ་པ་ནི་ཡར་རབས་ཀྱི་མཛད་པ་ཞིག་མིན་པར་དེ་ནི་ངོ་ཚ་དང་རྗེས་ལུས་ཀྱི་རྣམ་པ་ཁོ་ན་ཡིན། ལྷག་དོན་བོད་མི་རྩམ་ཟན་རྣམས་ཕན་ཚུན་མཐུན་འབྲེལ་དང་རྡོག་རྩ་ཆིག་སྒྲིལ། གྲུབ་མཐའ་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་ཚུལ་དུ་ཕན་ཚུན་གོ་རྟོགས་སྤེལ་རེས་དང་ཉམས་མྱོང་རྗེ་རེས་ཀྱི་དུས་སྐབས་བསྐྲུན་དགོས་པ་ལས། གོ་སྐབས་ཞིག་བྱུང་ན་རང་གི་ཕ་མེས་ཀྱི་ལྟ་གྲུབ་དང་རིག་གཞུང་དེ་ཉིད་རྒྱང་ཕུད་གཏོང་ཐབས་ལ་འབད་སྡད་ན་འཛམ་གླིང་འདི་ཉིད་ཕར་ཞོག་ཐ་ན་རང་རེ་བོད་གངས་ཅན་པའི་སྤྱི་ཚོགས་འདིར་ཞི་བདེ་ཞིག་སྐྲུན་མི་ཐུབ། གླིང་འདིའི་ཞི་བདེའི་འཁོར་ཡུག་བཀྲོག་པ་ནི་དམག་རྒྱག་མཚོན་འཁྲུག་ཁོ་ནར་མིན། ནང་སེམས་ཀྱི་ཞི་བདེ་དཀྲོག་ན་སྐྱར་གསོ་བྱ་བར་ཆེས་དཀའ་བའི་གྲལ་ཞིག་རེད་ལ་དེ་ནི་མི་རིགས་ཁ་བྲལ་གཏོང་བའི་འབྱུང་རྩ་ཞིག་ཏུ་ཆགས་མི་སྲིད་པ་མིན་ནོ། ། །།
ཞེས་སྒང་པ་བོད་ཀྱི་མིང་དོན་མི་སྙོམ་པའི་མི་སྣ་འགའི་གནང་ཕྱོགས་ལ་སྐྱོ་བ་སྐྱེ་བཞིན་དུ་གཤེན་ཚེ་ཚང་གིས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་བྲིས། །
- ཟིན་ཐོ་གོང་མ།ཁྱེད་ཀྱིས་མེས་པོའི་ཤུལ་བཞག་གླེང་ཨེ་ཤེས།
- ཟིན་ཐོ་འོག་མ།འཛམ་གླིང་སྟེང་གི་ཐོག་མའི་རིག་མཛོད་འཕྲུལ་ཆས།
རེད་དེ། ཇི་མི་སྙོམས་པར་མཉམ་བཞག་ལ་གནས་ནས་འཁོར་བ་ཟད་པར་འཛིན་པའི་ཏིང་འཛིན་སྐྱོང་མཁན་རྣམས་ལ་བསམ་ཚེ། བརྗོད་མི་ཤེས་པ་དང་འཕོངས་དགོས་པའི་སྣང་ཚུལ་ཞིག་ཀྱང་འབྱུང་གི་འདུག། དེ་ནི་ཁོང་རྣམ་པ་ནི་རྣ་བ་བྲག་ཏུ་གྱུར་ཟིན་ནས་རིགས་གཞུང་འདི་དང་། ལོ་རྒྱུས་འདི། གྲུབ་མཐའ་འདི། མི་རིགས་འདི་ཡི་རྒྱུད་འཛིན་ལ་དོ་སྣང་གནང་གི་མེད་པའི་ཚུལ་དུ་བཞུགས་པ་མ་ཟད་ད་དུང་ཆོས་ཞུ་དབང་སྐུར་སྐབས་སུ་དང་པོ་རང་གིས་གང་ཞིག་ཉམས་སུ་ལེན་བཞིན་ཡོད་པའི་རིག་གཞུང་འདི་དང་། ལོ་རྒྱུས་འདི་ཡི་ངོ་སྤྲོད་གནང་ནས། འདི་ཉིད་གལ་ཆེ་ཚུལ་དང་། རྒྱུད་འཛིན་དགོས་པ་སོགས་དངོས་སུ་ཤེས་རྒྱུ་ཡོད་པ། གོ་རྒྱུ་ཡོད་པ། མི་རིགས་དང་རིག་གཞུང་ལ་ཕན་པའི་བསླབ་བྱ་དེ་རིགས་གསུང་རྒྱུ་ཕར་ཞོག འཇིག་རྟེན་བོན་བརྒྱད་བསྐྱུར་དགོས་པའི་བསླབ་བྱ་ཁ་རུ་ཁ་ཐུག་མ་རྐྱང་པ་གནང་འདུག་པ་དེས། ངོ་མ་ཡིད་ཚིམ་དུ་མི་འཇུག་འདུག་གོ། ལྟོས་དང་། བསླབ་བྱ་འདི་ཁོ་ན་ཡིན་ན་འདི་ཡིས་མ་འོངས་པའི་སེམས་ཅན་འབུམ་ཕྲག་མང་པོ་ཞིག་ལ་རིག་གཞུང་འདི་དང་ལོ་རྒྱུས་འདི་ཡི་སྟེང་ནས་སེམས་ཀྱི་ཞི་བདེ་བསྐྲུན་དགོས་པའི་འཆར་གཞི་དང་གྲ་སྒྲིག་རྦད་དུ་གཅོད་གཏོང་བ་མ་ཡིན་ནམ། མ་ཟད་ད་ལྟ་ལག་ཏུ་ལེན་རྒྱུའི་རིག་གཞུང་འདི་དང་ལོ་རྒྱུས་འདི་ཡི་མིང་གི་རྗེས་བཞག་ཙམ་ལ་ཡང་རེ་བ་གནང་གི་མེད་ན་ངོ་མ་སེམས་པ་སྐྱོ་དགོས་པ་ཞིག་རེད། སེམས་པ་སྐྱོ་སོང་།
མཇུག་ཏུ་གསལ་འདེབས་དགོས་པ་ཞིག་ལ། ཐོག་མར་འཛམ་གླིང་ཞི་བདེ་མ་དྲན་པའི་སྔོན་ལ་རང་ཅག་མི་རིགས་འདིར་ཞི་བདེ་བསྐྲུན་རྒྱུ་རྩ་བ་བཟུང་དགོས་སྟབས། དུས་རབས་ཉེར་གཅིག་པར་སླེབས་དུས་ད་དུང་དུས་རབས་བརྒྱད་པའི་སེམས་ཀྱི་ངན་རྒྱུས་བཀོད་ཡོང་མཁན་འདྲ་ཡོད་ན་དེ་རིགས་ང་ཚོས་ངོ་ཤེས་དགོས། ཧ་གོ་དགོས་སོ། །གླེན་པ་མིག་ཅན་བསམ་འཆར་དུ་གོང་གཤམ་འདིར་བཏགས་སོ། དགོངས་འགལ་མེད་པ་ཞུ།
གོང་གི་སྐུ་མགྲོན་ལགས་ཕེབས་ནས་གཟིགས་ཞིབ་གནང་བར་བཀའ་དྲིན་ཆེ།
དགོངས་འཆར་གང་ཡོད་གསུང་པར་དགོངས་འགལ་མེད་པར་མ་གསུང་། །
དགོངས་པའི་ཀློང་དུ་ཡོད་ན་དགོངས་དཔྱོད་གནང་ནས་གསུངས་རོགས། །