གནམ་སྲས་གཟི་དམར།
སྤྱི་བསྒྲགས།

    རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན།   སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885  ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408  རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།

ལི་ཐོ།
    <<  < 2021 - >  >>
    123
    45678910
    11121314151617
    18192021222324
    25262728
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བོནད་ལ་གྲགས་ཆེའི་ཚིག་ལྔའི་འབྲུ་འགྲེལ།། | 2018/2/21 12:10:00
༄༅།། །། བཀྲ་བའི་བློ་རིག་ལོངས་སྤྱོད་ཀུན་ལ་བཀྲ།། ཤིས་པའི་ཞི་བདེའི་འཛམ་གླིང་ཀུན་ལ་ཤིས།། བདེ་སྐྱིད་རང་དབང་མཉམ་གནས་མི་ཀུན་བདེ།། ལེགས་པའི་བསམ་སྤྱོད་དགེ་ལེགས་ཀུན་འགྲུབ་ཤོག། །། 
བཀྲ་ཤིས་བདེ་ལེགས་ཤོག་ཅེས་པའི་ཚིག་འགྲེལ།། བཀྲ་ཤིས་བདེ་ལེགས་ཤོག་ཅེས་པའི་ཚིག་འབྲུ་ལྔའི་དང་པོའི་བཀྲ་ཞེས་པའི་ནི། བསམ་པ་དཔལ་ཡོན་དང་དངོས་པོའི་དཔལ་འབྱོར། སྣ་མང་ཕུན་སུམ་ཚོགས་པར་ལྡན་པའམ་ཡོད་པར་ཤོག་ཅེས་པའམ། ཡང་ན་མེད་པ་ལ་ཡོད་པ་དང་། ཡོད་པ་ནས་གོང་འཕེལ་དར་རྒྱས་ཡུན་གནས་འབྱུང་བར་ཤོག་ཅེས་པའི་དོན་ཏེ།། དེ་ཡང་བསམ་པའི་དཔལ་ཡོན་བཀྲ་བ་སྟེ།  གཙོ་བོ་སེམས་ཁམས་བདེ་ཐང་དང་། དད་པ། ཕུགས་འདུན། ཤེས་ཡོན། གཞན་ཕན། བློ་རིག་སོགས་བཀྲ་བ་དང་། དངོས་པོའི་དཔལ་འབྱོར་བཀྲ་བ་སྟེ། གཙོ་བོ་ལུས་ཁམས་ཐང་པོ་དང་། རྒྱུ་ཟས། དཔལ་འབྱོར། ལོངས་སྤྱོད། མི་ནོར། བུ་རྒྱུད། སྟོབས་ཤུགས། ཐོབ་ཐང་། གོ་ས། སྙན་གྲགས། བཙན་ཕྱུག་སོགས་བཀྲ་བ་སྟེ། དེ་དག་མེད་པ་ལ་ཡོད་པ་དང་། ཡོད་པ་ལ་གོང་འཕེལ་དར་རྒྱས། ཡུན་གནས་བཅས་འབྱུང་བར་ཤོག་ཅེས་པའོ།། དེ་ཡང་དཔེར་མཚོན་ན། རིག་པ་གསལ་ཞིང་ལེགས་ཉེས་བླང་དོར་འབྱེད་ཤེས་པའི་བློ་གྲོས་ལྡན་པ་ལ། བློ་རིག་བཀྲ་བ་ཟེར་ལ། རིག་པའི་གནས་ལྔ་སོགས། ཤེས་བྱ་ཡོན་ཏན་ལྡན་པ་ལ། ཤེས་རིག་བཀྲ་ཟེར་བ་དང་། ནམ་མཁར། ཚོན་སྣ་བདུན་ལྡན་གྱི་འཇའ་ཤར་བ་ལ། ནམ་མཁར་གཞའ་ཚོན་བཀྲ་ཟེར་ལ། དབྱར་ཁར་སྤང་ལ། རྩི་ཐོག་དང་མེ་ཏོག་སྣ་མང་བཞད་པ་ལ། རྩི་ཏོག་བཀྲ་ཟེར་བ་ལྟ་བུའོ། མདོར་ན་བཀྲ་ཞེས་པ་ནི། ཅི་འདོད་ཕུན་སུམ་འཚོགས་པ་དང་། གང་འདོད་རེ་བ་འགྲུབ་པར་ཤོག་ཅེས་པའི་དོན་ནོ་སྙམ།། རང་གཞན་གཉིས་ལས་རང་ལ་ལྟོས་ནས་བཞག་པ་ཡིན་ཏེ། བློ་རིག་དང་ཤེས་ཡོན་དཔལ་འབྱོར་སོགས། རང་ལ་ལྡན་དགོས་པའི་ནའོ།། དུས་གསུམ་ལས་ད་ལྟ་དང་མ་འོང་པ། རྒྱུ་འབྲས་གཉིས་ལས་རྒྱུ་ལ་སྨོན་པས་ཚིག་གོ།  བཀྲ་ཤིས་བདེ་ལེགས་ཤོག ་ཅེས་པའི་ཚིག་འབྲུ་ལྔའི་གཉིས་པ། ཤིས་ཞེས་པ་ནི། རང་དང་རང་དབང་གི་ལོངས་སྤྱོད། ཕུན་སུམ་འཚོགས་པ་ཐམས་ཅད་ལ། འགལ་རྐྱེན་བར་ཆོད་མེད་པར་ཤོག་ཅེས་པའི་དོན་ཏེ། རང་གི་ལུས་སེམས་གཉིས་དང་། རང་གི་ལོངས་སྤྱོད། སྟོབས་འབྱོར། སྙན་གྲགས་སོགས། སྣ་མང་ཕུན་ཚོགས་ཐམས་ཅད་ལ། སྐྱོན་དང་ལྷད་མེད་པ།  འགལ་རྐྱེན་བར་ཆོད་མེད་པ། སྡང་དགྲ་གནོད་བགེགས་མེད་པར་ཤོག་ཅེས་པའི་དོན་ནོ། དེ་ཡང་དཔེར་མཚོན་ན། ཡོན་བདག་ཤིས་པར་ཤོག་ཟེར་བ་དང་། ཤིས་པ་རྩོལ་ཞེས་པ་ལྟ་བུ། བརྡ་རྙིང་ངོ་།། མདོར་ན། རང་གི་ལུས་དང་། རང་གི་བསམ་པ།  རང་གི་ལོངས་སྤྱོད། རང་གི་བྱ་བ་ཐམས་ཅད་ལ། གནོད་བྱེད་བར་ཆོད་མེད་པར་ཤོག་ ཅེས་པའི་དོན་ནོ་དྲན།། རང་གཞན་གཉིས་ལས། གཞན་ལ་ལྟོས་ནས་བཞག་པ་ཡིན་ཏེ། གཞན་གྱིས་འཚེ་མིན་ལ་རག་ལས་པའི་ནའོ།། དུས་གསུམ་ལས་ད་ལྟ་དང་མ་འོང་པ། རྒྱུ་འབྲས་གཉིས་ལས། འབྲས་བུར་སྨོན་པས་ཚིག་གོ།  བཀྲ་ཤིས་བདེ་ལེགས་ཤོག་ ཅེས་པའི་ཚིག་འབྲུ་ལྔའི་གསུམ་པ་བདེ་ཞེས་པ་ནི། སྡུག་སྔལ་གྱི་ལྡོག་ཟླ་བདེ་བ་སྟེ། རང་འདོད་ཀྱི་ལོངས་སྤྱོད་གང་དག་ལ། གཞན་གྱིས་བར་ཆོད་འཚེ་བ་མེད་པའི་ཞི་བདེ། རང་དབང་གི་དགའ་སྐྱིད་དེ། དུས་གཏན་དུ་འགྱུར་ལྡོག་མེད་པར། ཞི་བར་གནས་པར་ཤོག་ཅེས་པའི་དོན་ཏེ། དེ་ཡང་བདེ་བ་ཐམས་ཅད་རང་དབང་ལས་བྱུང་ཞིང་། སྡུག་སྔལ་ཐམས་ཅད་གཞན་དབང་ལས་འབྱུང་བའི་ན། ལུས་ལ་ནད་མེད་པར་བདེ་བ་དང་། བསམ་པ་ལ་བར་ཆད་མེད་པར་བདེ་བ་དང་།  རང་གི་ལུས་སེམས་ལ་རང་དབང་ཡོད་པའི་བདེ་བ་དང་། རང་གི་ལོངས་སྤྱོད་ལ་འགྲིབ་པ་མེད་པའི་བདེ་བ་དང་། དེ་བཞིན་དུ།  ཡུལ་ཁམས་ལ་ནད་མུག་འཁྲུགས་རྩོད་མི་འབྱུང་བར། ཞི་བ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ། ཡུན་རིང་དུ་གནས་པར་ཤོག་ཅེས་པ་དང་། ཡང་ན་གཏན་བདེ་དེ།  ཞི་བ་མྱང་འདས་ཐོབ་པར་ཤོག་ཅེས་པའི་དོན་ནོ་བསམ། རང་གཞན་གཉིས་ལས་རང་གཞན་གཉིས་ཀ་ལ་ལྟོས་པ་ཡིན་ཏེ། གཙོ་བོ་རང་གི་ལུས་སེམས་བདེ་དགོས་པ་དང་། གཞན་འཚེ་བྲལ་དགོས་པའི་ནའོ།། དུས་གསུམ་ལས་ད་ལྟ་དང་མ་འོང་པ། རྒྱུ་འབྲས་གཉིས་ལས། འབྲས་བུར་སྨོན་པས་ཚིག་གོ། 
 བཀྲ་ཤིས་བདེ་ལེགས་ཤོག་ཅེས་པའི་ཚིག་འབྲུ་ལྔའི་བཞི་པ། ལེགས་ཞེས་པ་ནི། རང་གི་བསམ་པ་དང་བྱ་བ་ཐམས་ཅད། རང་གཞན་གཉིས་ཕན་གྱི་དགེ་བའི་བྱ་བ་བཟང་པོར་གྱུར་པ་དང་། དེ་ལྟའི་བྱ་བཟང་གང་སྒྲུབ་པ་ཐམས་ཅད། མཐར་རུ་ཕྱིན་པར་ཤོག་ཅེས་པའི་དོན་ཏེ། རང་གི་བསམ་པ་དང་། བྱ་བ་ལས་དཀའ་ཆེ་ཆུང་གང་བསྒྲུབས་པ་ཐམས་ཅད། རང་གཞན་གང་ལའང་གནོད་པ་མེད་པའི་བྱ་བ་བཟང་པོའམ། རང་གཞན་གཉིས་ཀྱི་སྣང་ངོར། རང་གི་བསམ་པ་དང་སྤྱོད་ལམ་བྱ་བ་ཐམས་ཅད། ཡག་པོ་དང་བཟང་པོ། མཛེས་པོ། དགའ་བ། མགུ་བ། མཐུན་པ། ཕན་ཐོག་ཅན་སོགས། དགེ་བའི་ལས་དཀའ་སྟེ། ལེགས་པའི་བྱ་བ་རུ་གྱུར་ཞིང་། རང་གཞན་གཉིས་ཕན་གྱི་བྱ་བ་བཟང་པོ་དགེ་བའི་ཆ་གང་བྱས་པ་ཐམས་ཅད། ལེགས་པའི་ལམ་ནས་ཡོངས་སུ་འགྲུབ་སྟེ། བསམ་པ་ཐམས་ཅད་མཐར་རུ་ཕྱིན་པར་ཤོག་ཅེས་པའི་དོན་ནོ་སེམས་སོ། ཚིག་འདི་རང་གཞན་གཉིས་ལས། གཞན་ལ་ལྟོས་ནས་བཞག་དགོས་ཏེ། བྱ་བ་ལེགས་ཉེས་ནི། སྤྱི་ཚོགས་དང་མི་གཞན་ལ། ཕན་གནོད་གང་ཡོད་ཀྱི་ཐོག་ནས་བཏགས་པའི་ནའོ།། དུས་གསུམ་ལས་མ་འོང་པ་ཤས་ཆེ། རྒྱུ་འབྲས་གཉིས་ལས་འབྲས་བུར་སྨོན་པའོ།། ཤོག་ཅེས་པ་ནི་སྨོན་ཚིག་དངོས་སོ།། 
རང་གཞན་གཉིས་ཀར་སྦྱར་ཆོག་ བཀྲ་ཤིས་བདེ་ལེགས་ཞུ་ཞེས་པ་ནི། གཞན་ལ་ཕུལ་བས་སྨོན་ཚིག་གོ། 

ཞོར་དུ་དྲི་བ་ཁ་ཤས་ལ་ལན། དེ་ཡང་རང་གི་ཕ་མ་སྤུན་མཆེད་དང་། བླ་མ་སློབ་དཔོན། མཆེད་གྲོགས། དགེ་རྒན་སོགས། རང་ལ་དཀའ་དྲིན་ཐོབ་མྱོང་བ་དག་ལ། གུས་པ་ཞེས། ཞེ་ས་སྦྱར་དགོས་ལ། ཡང་ན་བཀུར་འོས་ཀྱི་གནས་སུ་གྱུར་པ་ཀུན་ལ། གུས་པས་ཕུལ་དང་། གུས་པ་ནས་ཞེས་སོགས་སྦྱར་དགོས་པ་མ་གཏོགས། དེ་མིན་རྒྱུས་ཡོད་མེད་ཚང་མ་ལ་གུས་པ་ཞེས་འབྲི་ན་མི་འཚམས་དྲན། དཔེར་ན། གུས་པ་ཞེས་ཞུ་ས་དེ། བཀུར་འོས་པའི་གནས་སུ་ཡིན་མིན་མི་ཤེས་པས་སོ། 
ཁེངས་སྐྱུང་གི་ཚིག་ ཕྲན་བུའམ། ཕྲན་ཆུང་ནི། སུ་ལ་ཡང་ཞུ་ཆོག་ལ། དེ་བཞིན་ལོ་ཆུང་གི་བུ་ལ། ན་གཞོན་དང་གཞོན་པ། ཞེས་བྲིས་ན་འོས་པ་མཐོང་ཞིང་། ལོ་ཆུང་གི་བུ་མོ་ལ་གཞོན་ནུ་ཞེས་འབྲི་ན་འཚམས་པར་མཐོང་མོད། གཞོན་ནུ་ཞེས་པ་ནི། སྤྱིར་ཕོ་མོ་གཉིས་ཀར་སྦྱར་སྲོལ་ཡོད། དེ་བཞིན་རང་གིས་འབོས་པའམ། རང་དང་འབྲེལ་བ་ཡོད་པའི་མི་དག་ལ། མགྲོན་པོ་དང་། དེ་དག་འགྲོ་སར་མགྲོན་འཁོར། སྡོད་སར་མགྲོན་ཁང་། ཅེས་འབྲི་འོས་ལ། རང་དང་འབྲེལ་བ་མེད་པའི་མི་ལམ་ཁར་ཕར་འགྲོ་ཚུར་ཡོང་བྱེད་མཁན་དག་ལ། འགྲུལ་པ་དང་། དེ་དག་འགྲོ་སར་འགྲུལ་འཁོར། སྡོད་སར་འགྲུལ་ཁང་ཅེས་བྲིས་ན་འཚམས་པ་ལས། འགྲུལ་ཁང་ལ་མགྲོན་ཁང་ཟེར་ན་འོས་པ་མ་མཐོང་ངོ་།། དེ་བཞིན་རྒྱ་སྐད་བློ་སྦོམ་ཟེར་བའི་འབོད་ཚབ་ནི། དཔལ་འབྱོར་ཆེ་ཙམ་ཡོད་པ་དག་ལ། འབྱོར་ལྡན་དང་ཡང་ན་ཕྱུག་བདག་ཅེས་ཟེར་འོས་ལས། ཡོན་བདག་དང་སྦྱིན་བདག་ཟེར་ན་མི་འཚམས་ལ། ཡང་ལས་རིགས་འདྲ་མིན་ལ་ཡང་མིང་སོ་སོར་ཡོད་སྟེ། དཔེར་ན།  ཚོང་བདག་ ཚོང་པ། བཟོ་བདག་ བཟོ་པ། ལས་གཉེར་བདག་པོ། ལས་བདག་ ལས་དཀའ་བ། ཁང་བརྩེགས་པ། ཁང་བདག་ཁང་ལས་པ་སོགས་སོ།། དར་ཞེས་པ་ནི། སྔར་མེད་ལུགས་སྲོལ་ཞིག་གསར་དུ་དར་བ་ལ་ཟེར། འཕེལ་ཞེས་པ་ནི། དེ་དག་རིམ་བཞིན་གྲངས་ཁ་ཇེ་མང་དང་། གོང་འཕེལ་བྱུང་བ་ལ་ཟེར། རྒྱས་ཞེས་པ་ནི། སྒྲིག་གཞི་དང་མ་ལག་ཆ་ཚང་བ། རྒྱ་ཆེ་བ། མཐུན་སྒོ་ཚང་བ། སྟོབས་དང་ལྡན་པ། ཕུན་སུམ་ཚོགས་པ། གང་ལ་གང་དགོས་སོགས། མདོར་ན་དང་པོ་དར། དེ་ནས་འཕེལ། དེ་ནས་རྒྱས་པ་སྟེ། ལྟོས་གཞི་ལྟོས་འཇོག་གི་གྲངས་ཚད་ཆེས་མང་ཤོས་སུ་སླེབས་ལ་ཟེར།  ཡུན་གནས་ཞེས་པ་ནི། དར་འཕེལ་རྒྱས་པ་དེ་དག་མི་ཉམས་པ་དང་། མི་འགྲིབ་པ། མི་ནུབ་པར། ཡུན་ནས་ཡུན་དུ་གནས་ཤིང་། རྟག་བརྟན་འགྱུར་བ་མེད་པ། གཡུང་དྲུང་རྡོ་རྗེའི་གཟུགས་སུ་གྲུབ་པ་ལའོ།། །། ཉ་ཉིང་གྲོགས་ཤིག་གི་དྲིས་པས་ལན་ཙམ་དུ། ཟླ་དགོན་རི་ཁྲོད་དུ་སྒོ་གསུམ་བཅད་རྒྱར་བསྡད་པས་ཐུན་མཚམས་སུ། ཞུ་འོས་རྒྱས་པས་མཚར་མཚར་ཅི་དྲན་གང་དྲན་ཤར་རེར་བྲིས་པའོ།། ༢༠༡༨༑༢༑༡༨ ཉིན།། །།  
  
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.