སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དགག་ལན་སྣ་ཟིན་སྤུ་ཟིན།། | 2018/1/11 13:18:00
དགག་ལན་སྣ་ཟིན་སྤུ་ཟིན། དེ་ཡང་དང་པོ་བོན་པོར་དམར་མཆོད་འབུལ་སྲོལ་ཡོད་རེད་ཟེར་བར་དགག་ལན། གཉིས་པ་བན་དེར་ཡང་རྡོལ་ཆོས་འཁྱལ་ཆོས་བསྒྱུར་ཆོས་ཡོད་པ་སྒྲུབ་པ་དང་། བོན་པོའི་རྡོལ་འཁྱལ་བསྒྱུར་གསུམ་ཟེར་བ་ངོ་སྤྲོད། གསུམ་པ་བོན་པོའི་ཕྱི་པ་ནང་པའི་ཁྱད་པར་འབྱེད་ལུགས། བཞི་པ་བོན་པོའི་སངས་རྒྱས་ལ་སྐྱབས་སུ་འགྲོ་ཞོར། ཤྰཀྱ་ཐུབ་པ་ལའང་སྐྱབས་སུ་འགྲོ་བས་ཚུལ། ལྔ་པར་དགེ་ལུགས་པའི་བླ་མར་དགག་ལན་དང་། རྙིང་མའི་བླ་མར་དགག་ལན་དང་དེ་ཚོའི་རྗེས་འབྲེངས་སོགས་ལ་ངོ་རྒོལ་དགོས་ཚུལ་བཅས་སོ། དང་པོ། བོད་པའི་དམར་མཆོད་འབུལ་མྱོང་བ་རེད་འདུག དེ་ཡང་བོད་ལ་ཐོག་མར་ཡོད་པའི་གདོད་མའི་བོན་ནམ། སྲིད་པའི་བོན་ཞེས། གནའ་ནས་ཡོད་པ། བོན་བན་གཉིས་ཀའི་ལོ་རྒྱུས་ནང་གསལ་ལྟར་ལ། དེ་ཡང་ཆེས་གདོད་མ་གནའ་བོའི་དུས་སུ། བོད་རང་ས་ནས་དར་བའི། བདུད་མཆོད་མཁན་བདུད་བོན་དང་། བཙན་མཆོད་མཁན་བཙན་བོན། ཀླུ་མཆོད་མཁན་ཀླུ་བོན། ཟེར་བ་སོགས་དང་། དེ་བཞིན་མཐའ་འཁོར་གྱི་མི་རིགས་ཁག་ནས་དར་བའི་ལུགས་སྲོལ། གནམ་ས་དང་། ཉི་ཟླ་མཆོད་མཁན་ལྟ་བུའི་མཚོན། མོ་པ་ལྷ་པ་རིགས་འདྲ་མིན། ཡུལ་ལུང་བྱེ་བྲག་པ་རེ་རེ་ལ་སྣ་རེ་ཙམ་དར་ཡོད་ནའང་། དེ་དག་ཚང་མས། བདུད་དང་བཙན་ལྷ་ཀླུ་དང་། གནམ་ས་ཉི་ཟླ་ཡུལ་ས་བཅས་ལ་ཤ་ཁྲག་གི་མཆོད་པ་འབུལ་སོགས། འཚེ་བ་ཅན་གྱི་ཆོས་སམ། རྨོང་དད་པ་ཡིན་པར་འདྲ་ན་ཡང་། དེ་ཚོར་སྟོན་པ་ཟེར་བ་ཞིག་མེད་པ་དང་། དེ་མེད་དུས་དེའི་ལུགས་སྲོལ་ལམ། ཚུགས་ཐུབ་ཀྱི་གྲུབ་མཐའི་གཞུང་ལུགས་ཀྱང་མེད་པར་སྙམ། དེར་རྟེན་ཁོ་ཚོར་ལྟ་སྤྱོད་སོགས་ཚུགས་ཐུབ་ཀྱི་གྲུབ་མཐའ་ཞིག་མེད་པའི། ཕྱི་རོལ་མུ་སྟེགས་པ་དང་མི་འདྲ་སྙམ། རྗེས་སུ་སྟོན་པ་བོད་ལ་བྱོན་སྐབས། འབྲས་བུའི་བོན་རྣམས་གསུང་སའི་སྣོད་མེད་ན་ཡང་། ནམ་ཞིག་བོན་ཐེག་པ་རིམ་དགུ་དར་བའི་སྨོན་ལམ་བཏབས་མཛད་པ་དང་། སྐབས་དེར་ཞང་བོད་མཐོ་སྒང་གི་དུས་བབ་དང་བསྟུན་ནས། གདོད་མའི་བོན་ལ་སྒོ་བསྟུན་ནས། བོད་དུ་ལྷ་གསོལ་བ་དང་འདྲེ་བརྔན་པ་སྲི་གནོན་པའི་བོན་དང་། སྤ་དང་སུམ་པར་འདྲེ་བཀར་བ་དང་ཡུག་ཕུད་པའི་བོན་དང་། ཞང་ཞུང་ལ་ཛྭ་ཐིས་ཀྱི་བོན་སོགས། གདོད་མའི་བོན་དང་ཆ་འདྲ་བའི་རྒྱུ་བོན་རིགས་བཞི་་བསྟན་པར་མཛད་པ་དང་། གདོད་མའི་བོན་ལུགས་སུ་ཡོད་བསྡད་པའི། གཞི་བདག་འཛིན་གྱིས་བཅིངས་པའི། འཚེ་་བ་ཅན་གྱི་ཆོས་ལུགས་ཀྱི་ཤ་ཁྲག་གི་མཆོད་པའི་རིགས་ཐམས་ཅད། གཤེན་རབ་ཀྱི་བསྟན་པའི་བོན་སྡེ་ཡོངས་རྫོགས་ནས་གཙང་བཀག་བཟོས་ཏེ། དེའི་ཚབ་ཏུ་མི་འཚེ་བའི་རྒྱུ་བོན་ཏེ། གཞི་བདག་མེད་དང་སྙིང་རྗེའི་བཟུངས་ཏེ། མཆོད་པའང་། དཀར་གསུམ་དང་། མངར་གསུམ། འབྲུ་སྣ། ཆང་དང་འོ་མ་བཅས་མཆོད་དགོས་པར་བསྟན་པ་དང་། བདུད་བོན་དང་བཙན་བོན་སོགས་གདོད་མའི་བོན་པོ་རྣམས་ཀྱིས་ཆོ་ག་བགྱིས་སྐབས་སུ། སེམས་ཅན་དངོས་བསད་དེ། མཆོད་སྦྱིན་བྱེད་པས་ལུགས་སྲོལ་བཀགས་ཏེ། གཤེན་རབ་ཀྱིས་རྒྱུ་བོན་རིགས་བཞིའི་སྒོ་ནས། མདོས་ཡས་སོགས་ཀྱི་ཆོ་ག་བགྱིད་སྐབས། སེམས་ཅན་དངོས་ཀྱི་ཚབ་ཏུ། བྱ་གཅན་རི་གཡང་ཆུ་གནས་སོགས། མི་ནོར་གྱི་གཟུགས་འགྲོས་ཀྱི་འཐུས་པའི་སྲོལ་གཙུགས་མཛད་པར་ཡོད་པ་གསལ་ཏེ། དེ་ཡང་བོད་རྒྱལ་གཉའ་ཁྲི་ནས་རྩིས་པས་བོད་རྒྱལ་བཞི་པ། སོ་ཁྲི་བཙན་པོའི་སྐུ་གཤེན་གཅོའུ་འོད་དཀར་ནས་བརྒྱུད་དེ། བོད་རྒྱལ་སྲོང་བཙན་སྒམ་པོའི་མེས་པོ་བཙན་པོ་སྟག་རི་སྙན་གཟིག་གི་སྐུ་གཤེན་ར་སངས་ཁྲི་ན་ཁོད་ཀྱིས་ཡི་གེར་བཏབས་པ། དུས་དེ་ནས་བོད་ཀྱི་ཞིང་འབྲོག་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ནས། གཏེར་དུ་མ་སོང་བའི་བོན། སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ལས། ༼་་བསྭོ། ཡ་གཞི་ལ་གཡང་རེ་ཆགས། སྟན་ཀར་ནི་ལིངས་སེ་ལིང་། འབྲུ་ཀར་གྱི་གཡུང་དྲུང་ལ། སྟན་མཁར་ནི་བྲིམས་སེ་བྲིམ། ཕོ་མདོང་ནི་ཁྲིགས་སེ་ཁྲིག མོ་མདོང་ནི་ཞུམས་སེ་ཞུམ། ནམ་རྒྱང་ནི་ཧྲོབས་སེ་ཧྲོབ། དར་མཚོན་ནི་ལྷུབས་སེ་ལྷུབ། བལ་མཚོན་ནི་ལམས་སེ་ལམ། ཤིང་ཙེ་ནི་ཕུངས་སེ་ཕུང་། མདའ་མདུང་ནི་ཧྲུགས་སེ་ཧྲུགས། བཤོས་གཏོར་ནི་ལྡེམས་སེ་ལྡེམ། ངར་གླུད་ནི་ཡེམས་སེ་ཡེམ། འབྲུ་སྨན་ནི་ཁྲོབས་སེ་ཁྲོབ། སྐྱེམས་ཕུད་ནི་ཡམས་སེ་ཡམ། རི་དྭགས་ནི་ཁྱུགས་སེ་འཁྱུགས། གཡུང་དྭགས་ནི་ཞམས་སེ་ཞམ། རྔ་གཤང་ནི་ཆེམས་སེ་ཆེམ། མདོས་རྫས་ནི་ཐིབས་སེ་ཐིབ། དགུང་རྒྱལ་མ་མདོས་ཀྱིས་བསྐང་། རྨུ་རྗེ་ནི་མདོས་ཀྱིས་བསྐང་། གུ་ལང་ཡང་མདོས་ཀྱིས་བསྐང་། བཙན་རྗེ་ཡང་མདོས་ཀྱིས་བསྐང་། ཐིས་རྗེ་ཡང་མདོས་ཀྱིས་བསྐང་། མ་མོ་ཡང་མདོས་ཀྱིས་བསྐང་། དོགས་བདག་ཀྱང་མདོས་ཀྱིས་བསྐང་། གཉན་རྗེ་ཡང་མདོས་ཀྱིས་བསྐང་། ཀླུ་རྗེ་ཡང་མདོས་ཀྱིས་བསྐང་། ཐོད་དཀར་ཡང་མདོས་ཀྱིས་བསྐང་། ཝེར་མ་ཡང་མདོས་ཀྱིས་བསྐང་། བསྐང་བཤགས་ནི། མདོས་ཁ་གསོ་ནས། བསྭོ། བདུད་བོན་གྱི་དམར་ཐབ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་ཀར་གྱི་གཏོར་མ་བཀང་། དམར་ཐག་གི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། གདོན་བོན་གྱི་ཤེ་ཚུའི་སྐྱེམས། གཤེན་རབ་ནི་ཅི་དགྱེས་ཏེ། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་ཀར་ནི་ཡུ་ཏིས་བཀང་། ཤེ་ཚུ་ཡི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། འདུར་བོན་གྱི་ཐོ་ཅོ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། བླ་གཤེ་ཀྱི་འདྲེ་བྱུང་ན། སྣང་སྲིད་ཀྱི་མདོས་ཀྱིས་བཀང་། ངན་དུག་གི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། ཡེ་སྲིད་ཀྱི་སོ་མཚམས་ན། མདོས་ཐག་ནི་ཅི་ཆེ་སྟེ། སྲིད་བོན་ནི་ཆམ་ལ་ཕབ། ཡེ་ཀློང་གི་མདོས་ཀྱིས་བཀང་། སྡོང་ཞན་གྱི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། བསྭོ་བསྭོ་བསྭོ། ཨ་ཕྱི་ནི་ནམ་གྱི་ལྷ། ཡང་ཕྱི་ནི་དགུང་རྒྱལ་མ། ཕྱི་ཀློང་གི་རྒྱལ་མོ་ཟེར། ནང་ཁམ་གྱི་བདག་མོ་ཟེར། དགའ་དགའ་ལ་མ་མ་འདྲ། སྡང་སྡང་ལ་གཤེད་མ་འདྲ། གཟའ་སྐར་གྱི་བདག་མོ་ཟེར། སྣང་སྲིད་ཀྱི་མདོས་ཀྱིས་བཀང་། ངན་དུག་གི་འདྲེ་བྱུང་ན། དགུང་རྒྱལ་མ་ནོངས་པས་མཐོལ། གདོན་བོན་གྱི་ཤེ་ཚུའི་སྐྱེམས། རྨུ་རྗེ་ཡང་ཅི་དགྱེས་ཏེ། ཡེ་སྲིད་ཀྱི་རྨུ་ཐག་ཅད། གཤེན་རབ་ནི་མཐུ་རེ་ཆེ། ཆད་པ་ལ་ཐུད་དུ་སྲིད། རྨུ་རྗེ་ནི་བཙད་པོ་ལ། སྣང་སྲིད་ཀྱི་མདོས་སྐྱེམས་འབུལ། ཤེ་ཚུ་ཡི་འདྲེ་བྱུང་ན། རྨུ་རྗེ་ལ་ནོངས་པ་མཐོལ། ཤེ་ཐུན་གྱི་མཆོད་པ་ལ། བདུད་རྗེ་ཡང་ཅི་དགྱེས་ཏེ། གཤེན་ལྷ་ལ་ནོངས་པ་མཐོལ། སྲོག་བདུད་ནི་ཆམ་ལ་ཕབ། གནག་ཕྱུགས་ཀྱི་གླུད་ཀྱིས་བརྔན། བླ་སྲོག་གི་འདྲེ་བྱུང་ན། གུ་ལང་ལ་ནོངས་པ་མཐོལ། བསྭོ་བསྭོ་བསྭོ། བཙན་རྗེ་ནི་ཅི་ལ་དགྱེས། ཟ་བ་ནི་ཤ་ལ་རྔམ། འཐུང་བ་ནི་ཁྲག་ལ་ཧབ། ལེན་པ་ནི་སྲོག་དབུགས་ལེན། སྡོང་བ་ནི་བགེགས་དང་སྡོང་། འགྲོགས་པ་ནི་གཉན་དང་འགྲོགས། མགོན་པ་ནི་བཙན་བོན་མགོན། འཚེ་བ་ནི་གསས་ལ་འཚེ། གཤེན་རབ་ནི་མཐུ་བཙན་པས། ཛོ་དམར་ནི་གླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས་སྲིད། སྲོག་གླུད་ལ་ནམ་མཁས་བརྔན། དབུགས་གླུད་ལ་རླུང་གིས་བརྔན། དྲོད་གླུད་ལ་མར་མྱེས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཤ་གླུད་ལ་ཁམ་པས་བརྔན། ཐུན་རྫས་ནི་འདི་བཤམ་ན། ངན་འདྲེས་ཀྱི་ནོངས་པ་མཐོལ། ཐིས་རང་ནི་ཅི་ལ་དགྱེས། ཟས་སུ་ནི་སྲོག་དབུགས་འགམ། གོས་སུ་ནི་པགས་དམར་འབུད། ལས་སུ་ནི་འཁྲུགས་རྩོད་སློང་། སྡོང་བ་ནི་སྲི་དང་སྡོང་། འགྲོགས་པ་ནི་བྱུར་དང་འགྲོགས། མགོན་པ་ནི་དུན་ཙེ་མགོན། འཚེ་བ་ནི་གཞོན་ལ་འཚེ། གཤེན་རབ་ནི་མཐུ་བཙན་པས། ཛོ་དམར་ནི་གླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས་སྲིད། ཟས་གླུད་ལ་གཏོར་མས་བརྔན། སྐོམ་གླུད་ལ་ཡུ་ཏིས་བརྔན། གོས་གླུད་ལ་དར་སྣས་བརྔན། ཐུན་རྫས་ནི་འདི་བཤམ་ན། ངན་འདྲེས་ཀྱི་ནོངས་པ་མཐོལ། མ་མོ་ནི་ཅི་ལ་དགྱེས། རྒྱུ་བ་ནི་ཀུན་ལ་རྒྱུ། ཟས་སུ་ནི་ཚེ་སྲོག་ཟ། སྐོམ་དུ་ནི་གསོན་ཁྲག་འཐུང་། མི་རྫུ་ནི་དགུ་རུ་རྫུ། སྤྲིན་གསེབ་ན་གློགས་ལ་རྫུ། ཐོག་སེར་དང་དལ་ཡམ་བཏང་། རྒྱལ་ཁམས་སུ་བྱག་མོར་རྫུ། རིམས་ནད་དང་ལྟས་ངན་འགྱེད། སྟོང་ཁམས་སུ་བདག་མོར་རྫུ། མྱི་ཁ་དང་འཁྲུགས་རྩོད་སློང་། སྡོང་བ་ནི་ཐན་དང་སྡོང་། འགྲོགས་པ་ནི་གདོན་དང་འགྲོགས། མགོན་པ་ནི་བསེ་རག་མགོན། འཚེ་བ་ནི་མྱི་ལ་འཚེ། གཤེན་རབ་ནི་མཐུ་བཙན་པས། ཛོ་དམར་ནི་གླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས་སྲིད། སྲོག་གླུད་ནི་དུན་ཙེའི་སྲོག ཚེ་གླུད་ཀྱང་དུན་ཙེའི་སྲོག ཚེ་གླུད་ཀྱང་དུན་ཙེའི་ཚེ། ཁྲག་གླུད་ཀྱང་དུན་ཙེའི་ཁྲག ཐུན་རྫས་ནི་འདི་བཤམ་ན། ངན་འདྲེས་ཀྱི་ནོངས་པ་མཐོལ། བསྭོ་བསྭོ་བསྭོ། དོགས་བདག་ནི་གཙང་སྦྲ་ཆེ། རྨེ་གཞོབ་ཀྱིས་སྐུ་རེ་མནོལ། དོགས་བདག་ནི་ལྷོད་བག་ཆེ། ཀུ་ཅོ་ཡིས་སྙན་རེ་བསུན། དོགས་བདག་ནི་བརྟན་རླིང་ཆེ། འཁྲུ་སློག་གིས་ཐུགས་རེ་དཀྲུགས། ཁྲོས་པ་ནི་འགའ་ལ་ཁྲོས། ཆད་པ་ནི་ཀུན་ལ་བཅད། གཤེན་རབ་ནི་མཐུ་བཙན་པས། སྡུམ་ཆེན་གྱི་ཡས་རྟགས་གནང་། དཀར་མངར་དང་འོ་ཞོས་མཆོད། དཀོར་ཆས་དང་མདོས་ཀྱིས་བརྔན། མནོལ་རྨུག་དང་འཁོན་འགྲས་བསང་། ངན་འདྲེས་ཀྱི་ནོངས་པ་མཐོལ། གཉན་རྗེ་ནི་བཀའ་རེ་གཉན། མྱི་འཁོན་གྱིས་གཉན་ལ་འཁོན། རི་རྨས་ཀྱིས་གཉན་ལ་རྨས། རྔོན་བསད་ཀྱིས་གཉན་ལ་ཕོག ཁྲོས་པ་ནི་འགའ་ལ་ཁྲོས། ཆད་པ་ནི་ཀུན་ལ་བཅད། གཤེན་རབ་ནི་མཐུ་བཙན་པས། སྡུམ་ཆེན་གྱི་ཡས་རྟགས་གནང་། དཀར་མངར་དང་འོ་ཞོས་མཆོད། དཀོར་ཆས་དང་མདོས་ཀྱིས་བརྔན། མནོལ་རྨུག་དང་འཁོན་འགྲས་བསང་། ངན་འདྲེས་ཀྱི་ནོངས་པ་མཐོལ། ཀླུ་རྗེ་ནི་ཀོ་ལོང་ཆེ། དམར་ཐབ་ཀྱིས་ནད་ཕོག་ན། ཀླུ་ནད་ནི་མྱི་ལ་ཕབ། གོད་ཁ་ནི་ཕྱུགས་ལ་དྲང་། བཙའ་སད་ནི་ཞིང་ལ་གཏོང་། ཁྲོས་པ་ནི་འགའ་ལ་ཁྲོས། ཆད་པ་ནི་ཀུན་ལ་བཅད། གཤེན་རབ་ནི་མཐུ་བཙན་པས། སྡུམ་ཆེན་གྱི་ཡས་རྟགས་གནང་། དཀར་མངར་དང་འོ་ཞོས་མཆོད། དཀོར་ཆས་དང་མདོས་ཀྱིས་བརྔན། མནོལ་རྨུག་དང་འཁོན་འགྲས་བསང་། ངན་འདྲེས་ཀྱི་ནོངས་པ་མཐོལ།་་༽ འདིར་ཆ་ཚང་དྲང་མེད་དེའི་འཇུག་བྱང་ལས།༼་་ སྲིད་པ་སྤྱི་སྐོང་སྣང་སྲིད་ཀྱི་མདོས་ཟབ་མོ། དབོན་གསས་ཐམས་ཅད་ཀྱི་སྲུང་བའི་གོ་ཁྲབ། གཤེན་ཆེན་པོ་གཅེ་འོད་ནས་རིམ་པར་བརྒྱུད་པ། སངས་པོ་ཁྲི་ན་ཁོད་བདག་གིས་ཡི་གེར་བཏབ་པ། ཞང་བོད་དབོན་གསས་བར་མ་ཆད་པས་མཐུ་ཐོན་པ། ཟབ་མོ་ཆིག་ཆོག་ནི་རྫོགས་སོ། ། མུ་ཙུག་སྨྲར་རོ། ། ༽ཞེས་དང་ཡང་། རྨ་སྟོན་གཏེར་མ་དྲ་བ་དམར་ནག་གི་རྒྱུད་ལས། ༼་དེ་བའི་ང་ཡིས་བཀའ་ལ་ཉོན། ཞེས་གསུངས་པས། བདུན་ཆེན་རེ་སྟེ་འགོང་ཡག་གིས་སྨྲས་པ།། ཤ་ཁྲག་ཟས་སུ་མི་ཟ་རུ། ངེད་ལ་བཟའ་རྒྱུ་དེ་ལས་མེད། སྲོག་ལ་ཧུར་ཐུམ་མི་བྱ་རུ། ཤ་ཁྲག་སྲོག་གཅོད་རྒྱུ་ལས་བྱུང་།༽ཅེས་དང་ཡང་དེ་ལས། ༼་བདུད་བཙན་སྨན་འབྲོག་ལས་ངན་ཀུན། ཤ་ཟ་ཁྲག་འཐུང་དབུགས་འཕྲོག་ལས། བཟའ་བའི་ཟ་སྐལ་ཅི་ལ་བྱ། བཏུང་བའི་འཐུང་སྐལ་ཅི་ལ་བྱ། འགྲན་གྱི་དོ་བསྡོ་གང་ལ་བྱེད། ལས་ཀྱི་སྐལ་པ་གང་ལ་འཇུག །འབོད་ན་བརྡ་མིང་གང་གིས་འདྲེན། ཞེས་ཞུས་སོ། དེ་ལ་ཧྲིས་པ་གྱེར་མེད་ཀྱིས། འཇིགས་པའི་སྤྲུལ་པ་སྣང་སྟེ་གསུངས་པ། བཙན་རྒོད་ལ་སོགས་ཡེ་འགྲོག་རྣམས། བྱིན་གྱིས་རླབས་པའི་འབན་གཏོར་ལ། ཆེད་དུ་སྲོག་ལ་མ་གཟེར་བས། ཤ་དང་ཁྲག་གིས་རབ་སྤྲས་ཏེ། བདུད་རྩི་གཡུ་འབྲང་ཆུ་དང་སྦྱར། ཤ་རི་ཁྲག་མཚོ་བདུད་རྩི་དང་། རིན་ཆེན་སྣ་ལྔའི་གཏེར་བཞིན་ལ། ཟས་སྐོམ་སྐལ་པ་དེ་ལ་བྱོས། དེ་ལ་ཟད་ཅིང་བྲི་བ་མེད། སྐུ་རྟེན་མདའ་དང་དར་ལ་བྱོས། འགྲན་སྡོས་རུ་ཏྲ་ཀུན་ལ་ཚུགས། ལས་སྐས་གཤེན་གྱི་དགྲ་སྡང་སྒྲོལ། སྲོག་སྙིང་སྔགས་ཀྱི་བོས་ལ་ཤོག། ༽ ཅེས་གསུངས་པ་ལྟར། གནམ་གྱི་ཁྲི་བདུན་སྐབས་སུ་བཞུགས་པའི། བོན་གཤེན་ཧྲིས་པ་གྱེར་མེད་ཀྱིས། བདུད་བཙན་མ་མོ་རྣམས་དམ་ལ་བཏགས་ནས། སེམས་ཅན་གྱི་ཤ་ཟ་བ་དང་ཁྲག་འཐུང་བ། དབུག་འཕྲོག་པ་སོགས། བཅད་དུ་བཅུག་སྟེ། དེའི་ཚབ་ཏུ་དབལ་གྱི་འབན་གཏོར་ལ། ཆེད་དུ་སྲོག་མ་གཅོད་པའི་བམ་ཆེན་ཤ་ལྔའི་ཤི་ཤ་གོད་ཁྲག་སོགས་ཀྱིས་བརྒྱན་པ། ཟས་སུ་རོལ་དགོས་པར་བསྟན་པས་སོ།༢༠༡༨༑༡༑༩ཉིན་ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་བྲིས།། །།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.