སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
ཁྲི་སྲོང་གོང་གི་བོན་པོའི་བཀའ་འགྱུར། | 2017/12/25 12:45:00
ཁྲི་སྲོང་གོང་གི་བོན་གྱི་བཀའ་འགྱུར་གྲས། གཡུང་དྲུང་བོན་གྱི་ལོ་རྒྱུས་དང་རིག་གཞུང་ལ་རྒྱུས་མངའ་ཕྱོགས་ཙམ་མེད་པའི། གཡམ་རྒྱུག་མཁན་འོད་སྐལ་བཟང་རྡོ་རྗེ་དང་། ཞང་ཞུང་གི་ལོ་རྒྱུས་དང་རིག་གཞུང་ལ་རྒྱུས་མངའ་རྩ་བ་ནས་མེད་པའི། ཅལ་འདྲོགས་མཁན་བོང་རྫི་དང་། དེ་དག་གི་རྗེས་སུ་འབྲེངས་བའི་མཐོང་རྒྱ་ཐོས་རྒྱ་དབེན་པའི་ཤེས་མེད་སེར་སྐྱ་བླུན་པོ་དག་ལ་ཆེད་དུ་བཤད་རྒྱུར། ཁྱེད་ཚོས་བསམ་པར། ཤག་ཐུབ་ཆོས་དང་། གཤེན་རབ་ཆོས་ལུགས་གཉིས་གཅིག་པ་གཅིག་ཀྱང་རེད་འདུག་སྙམ་མོད། དོན་ལ། གཡུང་དྲུང་བོན་གྱི་རིག་གཞུང་ལ། ཤག་ཐུབ་ཆོས་ལུགས་དང་རྩ་བ་ནས་མི་འདྲ་བའི། ཐུན་མིན་ཀྱི་རིག་གཞུང་མང་དུ་ཡོད་ཅིང་། བོད་དུ་བན་བོན་གཉིས་འདྲ་མཚུངས་སུ་ཡོད་པ་ནི། མཁན་སློབ་ཆོས་གསུམ་གྱི་བོད་མི་རིགས་ཀྱི་འདོད་བློ་སྐོང་ཆེད་དུ། བོན་ལ་ཆོས་སུ་མིང་བསྒྱུར་ནས་བྱུང་བ་ཞིག་ཡིན་ནོ། ཁྱེད་ཚོས་ཁྲི་སྲོང་གོང་དུ་། སྟོན་པ་གཤེན་རབ་དང་དེས་སྟོན་པའི་གཡུང་དྲུང་བོན། དེའི་རིག་གཞུང་གྲུབ་ཆ། བོན་གྱི་བཀའ་འགྱུར་དང་རྟེན་འགྱུར། དེའི་དག་ཏུ་བསྟན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མེད་པར་བཤད་འདུག་མོད། དེ་དག་ཡོད་ཚུལ་བོན་གཞུང་ལ་བལྟ་བའི་ཁྱེད་ཚོའི་བློ་མིག་ཞར་ཡོད་ན་ཐང་མོད། ཤག་ཐུབ་ཆོས་པས་སྲོང་བཙན་སྒམ་པོ་སྐབས་ནས། དུས་རབས་བཅུ་གསུམ་བར་དུ་བྲིས་པའི། ཆོས་གཞུང་དང་ལོ་རྒྱུས་ཁག་འགའ་ཤས་ལས། སྟོན་པ་གཤེན་རབ་བྱོན་པ་དང་། དེའི་གཡུང་དྲུང་བོན་བསྟན་པ། བོན་གཞུང་དེར་གཞི་ལམ་འབྲས་གསུམ་གྱི་ཆ་ཚང་བའི་གཞུང་ལུགས་ཡོད་ཚུལ་སོགས། གསལ་བར་བཤད་ཡོད་པ་རེད། དེ་དག་ལས། ཟུར་ཙམ་ཞིག་དབའ་བཞེད་ལས་གསལ་བ་འགའ་འདིར་བཤད་པར་བྱའོ། དེའང་། མི་རིགས་དཔེ་སྐྲུན་ཁང་གིས། ༢༠༠༩་ལོར་སྤར་དུ་སྐྲུན་པས། རྦ་བཞེད་ཕྱོགས་སྒྲིག་གི་སྦ་བཞེད་ཞབས་བཏགས་མའི་ཤོག་ངོས་༧་ལས།༼་བོད་དུ་ཡབ་རྒྱལ་པོ་ཡར་འབྲོག་སྦ་ཚལ་དུ་ཆིབ་གྲོན་པས་གྲོངས་པ་དང་། རྒྱལ་བུ་སྐུ་ན་མ་ལོན་པས། ཞང་མ་ཞང་ཁྲོམ་པ་སྐྱེས་ན་རེ། རྒྱལ་བུ་སྐུ་ཚེ་འཐུང་པ་ཆོས་བྱས་པས་ལན། བཀྲ་མ་ཤིས། ཚེ་ཕྱི་མའི་སྐྱེ་བ་ལེན་པ་རྫུན་ཡིན། ཚེ་འདིའི་རྐྱེན་བཟློག་བོན་བྱ། སུ་ཆོས་ཆོས་བྱེད་པ་དེ། ཕོ་རང་དུ་མཐར་གཏན་དུ་བཤུག ་ད་ཕྱིན་ཆད་བོད་ལ་ཚེ་བྱར་མི་གནང་།༽ཞེས་འཁོད་ལ་སྦ་གསལ་སྣང་གི་བཞེད་པ་ཞེས་ཤོག་ངོས་༨༧་ལས།༼་སྐུ་ནར་མ་སོ་པས། ཞང་མ་ཞང་ཁྲོན་པ་སྐྱེས་ན་རེ། རྒྱལ་པོ་སྐུ་ཚེ་འཐུང་པ་ཆོས་བྱས་པས་ལན་ཏེ་བཀྲ་མ་ཤིས་པར། ཚེ་ཕྱི་མ་སྐྱེ་བ་ལེན་བྱ་བ་རྫུན་ཡིན་ནོ། ཚེ་འདིའི་རྐྱེན་བཟློག་བོན་གྱིའ་བྱ། ཆོས་སུ་བྱེད་ཕོ་རེང་དུ་མཐར་སྤྱུག་༽ཅས་འབྱུང་ལ། ཆོས་འབྱུང་གི་ཡི་གེ་ཞིབ་མོ་ཞེས་པ་ལས་ཀྱང་དེ་བཞིན་འབྱུང་། ཡང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༠་ལོར་སྤར་བའི། ༼དབའ་བཞེད་བཞུགས་སོ་༽ཞེས་པའི་ནང་གི་ ༼སྦ་བཞེད་༽ཅེས་པ་དང་།༼ བཀའ་གཙིགས་ཀྱི་ཡེ་གེ་ཞིབ་མོ་ལ་ཞབས་བཏགས་པ་༽ཞེས་པ་ལས་ཀྱང་དེ་ལྟར་འབྱུང་མོད། དེ་དག་ནི། ཕྱིས་སུ་བན་དྷེའི་ལོ་རྒྱུས་མཁན་པོ་ཚོས་བཅོས་བསྒྱུར་རབ་དང་རིམ་པ་བྱས་བཞག་པ་ཞིག་ཡིན་པ། སྦ་བཞེད་འདི་དག་གི་འགོ་བརྗོད་ལས་གསལ་ལ། འདི་དག་གི་ཕྱི་མོར་འདོད་པ། ༼་དབའ་བཞེད་༽ལས་ཚིག་འདི་དག་ལས་༼་ཚེ་ཕྱི་མ་སྐྱེ་ལེན་པ་རྫུན་ཡིན། ༽བྱ་བའི་ཚིག་འདི་འབྱུང་མེད། དེ་ཡང་དབའ་བཞེད་འདི། སྦ་བཞེད་འདྲ་མིན་དག་གི་མ་ཕྱི་དེ་ཡིན་པར་བཤད་ཡོད་དེ། མི་རིགས་དཔེ་སྐྲུན་ཁང་གིས། ༢༠༠༩་ལོར་སྤར་དུ་སྐྲུན་པས། རྦ་བཞེད་ཕྱོགས་སྒྲིག་གི་སྦ་བཞེད་ཞབས་བཏགས་མའི་འགོ་བརྗོད་ཤོག་ངོས་༣་པ་ལས།༼་གང་ལྟར་ད་ལྟའི་༼སྦ་བཞེད་༽ཀྱི་ཡིག་ཆ་ཀུན་ལས་སྔ་ཤོས་སུ་འདོད་པ་༼དབའ་བཞེད་༽ཅེས་པ་དེའང་ཞབས་བཏགས་པ་ལྟ་བུར་མཐོང་བ་དང་།༽ཞེས་པས་ཤེས་ལ། ད་དུང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༠་ལོར་སྤར་བའི། ༼དབའ་བཞེད་བཞུགས་སོ་༽ཞེས་པའི་དཔེ་སྐྲུན་གསལ་བཤད་ཤོག་ངོས་༡་ལས། ༼་༼་དབའ་བཞེད་༽ཅེས་པའི་ལོ་རྒྱུས་ཡིག་རྙིང་འདི་ཉིད། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གི་སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཆོས་འབྱུང་ལོ་རྒྱུས་ཤིག་ཡིན་ཞིང་༽ཅེས་དང་། ཡང་དེ་ཤོག་ངོས་༢་པ་ལས། ༼༼་དབའ་བཞེད་༽ཅེས་པའི་རྩོམ་པ་པོ། དབའ་གསལ་སྣང་ལས། གཞན་པའི་ཁོང་དང་མཛད་རྗེས་ཡོངས་སུ་མཚུངས་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་གཉིས་པ་ཞིག་རྙེད་ཐབས་མེད་ཕྱིར། ཐོག་མའི་རྩོམ་པ་པོ་ནི། མི་གཅིག་ཡིན་པར་འདོད་དགོས་སྙམ། ཡང་ཡོངས་གྲགས་ལྟར་ན། ༼་དབའ་བཞེད། ༽་འདི་ཉིད་ནི། ༼་སྦ་བཞེད་༽་ལ་སོགས་པའི་ཆོས་འབྱུང་ལོ་རྒྱུས་རྣམས་ཀྱི་མ་ཕྱིར་འདོད་པས། དེས་ན་ཐོག་མའི་རྩོམ་པ་པོ་ནི། དབའ་གསལ་སྣང་ཁོ་ནར་འདོད་དགོས་སྙམ།༽ཞེས་དང་། ཡང་ཤོག་ངོས་༤་པ་ལས། ༼་ཕྱིས་སུདབའ་ཞེས་པ་དེ་སྦ་ཞེས་པར་བཅོས་པ་དང་། དེ་ནས་སྦ་ཞེས་པའི་ཡིག་གཟུགས་སམ་དག་ཆར་སྣང་མེད་ཤོར་བའི་རྐྱེན་གྱིས་སྦ་བཞེད་དང་། རྦ་བཞེད་ལ་སོགས་པའི་དཔེ་མིང་སྣ་ཚོགས་ཤིག་ཐོན་ནམ་སྙམ ༽ཞེས་དང་། ཡང་༼་དབའ་བཞེད་༽་ཀྱི་མཚམས་སྦྱོར་ཤོག་ངོས་༤་པ་ལས།༼་དབའ་བཞེད་ཅེས་པ་དེ་ནི། ཡོངས་གྲགས་སུ། སྦ་བཞེད་དང་། སྦ་བཞེད་ཞབས་བཏགས་མ། རྦ་བཞེད་ལ་སོགས་པའི་ལོ་རྒྱུས་ཡིག་རྙིང་དེ་རིགས་ཀྱི་མ་ཕྱི་ལྟ་བུ་ཡིན་ཞིང་། དཔེ་རྒྱུན་ཤིན་ཏུ་དཀོན། ༽ཞེས་དང་ ཡང་༼་དབའ་བཞེད་༽་ཀྱི་མཚམས་སྦྱོར་ཤོག་ངོས་༦་པ་ལས།༼་སྤྱིར་སྦ་བཞེད་དང་རྦ་བཞེད་སྦ་བཞེད་ཞབས་བཏགས་པ་ལ་སོགས་པའི་པའི་བྲིས་པ་དེ་རྣམས་ཀྱི་བརྗོད་གཞིའི་ལོ་རྒྱུས་ཀྱི་སྤྱི་ཁོག་རྩ་བའི་ཆ་ནས་མཚུངས་ལ། གཏམ་རྒྱུད་ཀྱི་ངོ་བོ་འདྲ་བ། བརྡ་སྦྱོར་ཡང་རྙིང་པ་འགའ་རེ་ཡོད་པས། སྤུ་རྒྱལ་བཙན་པོའི་དུས་ཀྱི་༼་དབའ་བཞེད་༽ཅེས་པའི་ཡིག་རྙིང་གི་ཕྱི་མོ་གཅིག་ནས་བྱོན་པ་ཡིན་པ་ནི་གོར་མ་ཆག ་འོན་ཀྱང་དབའ་བཞེད་ཡིག་རྙིང་དེ་དང་བསྡུར་ཚེ། སྦ་བཞེད་དང་། རྦ་བཞེད་ལ་སོགས་པར། སྦ་བཞེད་གཙང་མ། སྦ་བཞེད་སླད་མ། རྦ་བཞེད་རྒྱས་འབྲིང་བསྡུས་གསུམ། སྦ་བཞེད་ཞབས་བཏགས་མ་བྱ་བ་ལྟ་བུར་འབོད་པའི་ཐ་སྙད་ཀྱིས་དོན་བསྟན་པ་བཞིན། ནང་དོན་རྒྱས་བསྡུས་ལ་ཧེ་བག་ཆེ་བ་དང་། གོང་འོག་གི་དོན་མཚམས་སྦྱོར་མི་འགྲིག་པ། སྔ་ཕྱིའི་དུས་རིམ་འཛོལ་བ། བྲིས་ངན་རྒྱུན་འབྱམས་སུ་སོང་བའི་ཡིག་སྐྱོན་མང་བ། ཁྱད་པར་ཕྱི་རབས་ཀྱིས་རང་རང་གི་འདོད་པ་ལྟར། དུས་ཕྱིའི་ལོ་རྒྱུས་ཅི་རིགས་དང་། ཡང་ན་ངོ་མཚར་ཅན་གྱིས་སྒྲུང་སྣ་མི་ཉུང་བ་ཞིག་གསར་བཟོ་ཁ་སྣོན་བྱས་ཏེ། དབའ་བཞེད་ཅེས་པའི་ཡིག་རྙིང་དེ། གསར་རྩོམ་ལྟ་བུའི་ཡི་གེའི་རྣམ་པར་གྱུར་ཏེ། ཐ་ན་དཔེ་མིང་ཡང་། སྦ་བཞེད། རྦ་བཞེད་ཅེས་པར་བཏགས་ནས། མ་དག་རྒྱུན་འབྱམས་ལྟ་བུར། ལོ་ངོ་ཆིག་སྟོང་ཉེ་བར་སོང་བ་ལགས་ན། ༽ཞེས་དང་ཡང་༼་དབའ་བཞེད་༽་ཀྱི་མཚམས་སྦྱོར་ཤོག་ངོས་༨་པ་ལས། ༼གནའ་དཔེ་འདིའི་ཁྱད་ཆོས་ནི། གང་འདིའི་བརྗོད་ཚིག་དག་རྩ་བའི་ཆ་ནས་ལོ་རྒྱུས་དངོས་དངོས་སམ། སྤུ་རྒྱལ་དུས་ཀྱི་ཡི་གེ་དང་མཐུན་ཆེ་བ། སྦ་བཞེད་དང་རྦ་བཞེད སྦ་བཞེད་ཞབས་བཏགས་མ་ལྟ་བུའི་ཕྱི་རབས་ཀྱི་ལྷད་ཞུགས་པའམ། བཅོས་མར་སོང་བའི་སྔ་ཕྱི་འགལ་བའི་རིགས་དང་། ལྷ་སྒྲུང་ལྟ་བུའི་མཚར་གཏམ་དེ་རིགས་དེ་ཙམ་མ་མཆིས། ༽ཞེས་དང་ཡང་། ་དབའ་བཞེད་༽་ཀྱི ༼ ་མཚམས་སྦྱོར་ཤོག་ངོས་12་ལས།༼་འོ་ན་དབའ་བཞེད་ཅེས་པའི་དཔེ་རྙིང་འདི། དུས་གང་ཞིག་ལ་བཞེངས་སམ་ཟེར་ན། དང་པོ་༼་དབའ་བཞེད་༽་ཅེས་པ་ནི་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་བློན་པོ་དབའ་གསལ་སྣང་གི་བཞེད་པ་མཚོན་པའམ། དབའ་གསལ་སྣང་གིས་བརྩམས་པ་ཡིན་ཞེས་གྲགས་པ་ལྟར། དེའི་ཡི་གེ་དངོས་ནི། དུས་རབས་བརྒྱད་པའི་དུས་སྨད་དེ། ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བཞེངས་པ་ཞིག་ཡིན་དགོས་ཀྱི། ༽ཞེས་སོགས་ལས། དབའ་བཞེད་འདི་ཅུང་དག་པར་བཤད་ཡོད། དབའ་བཞེད་ཁག་ལས། ཞང་མ་ཞང་གྲོམ་པ་སྐྱེས་ཀྱི་སྐད་ཆ་དེ་ཡང་གོང་གི་སྦ་བཞེད་དང་རྦ་བཞེད། སྦ་བཞེད་ཞབས་བཏགས་སོགས་དང་མི་འདྲ་བར་བྱུང་འདུག་སྟེ། དེ་ཡང་མི་རིགས་དཔེ་སྐྲུན་ཁང་གིས། ༢༠༠༩་ལོར་སྤར་དུ་སྐྲུན་པས། རྦ་བཞེད་ཕྱོགས་སྒྲིག་གི་༼་དབའ་བཞེད་བཞུགས་སོ།༽་ཞེས་པའི་ཤོག་ངོས་༢༤༢་ལས། ༼་སྲས་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལ། དགུང་ལོ་བཅུ་གསུམ་ལོན་པ་ན། ཆབ་སྲིད་ཕྱག་ཏུ་བཞེས་མ་ཐག་ཏུ། ༼་ཁྲི་ཐོག་རྗེ་ཐང་ལ་འབར་དང་། ཅོག་རོ་སྐྱེས་བཟང་རྒྱལ་གོང་༣་ལས་ངན་གྱི་དབང་དང་། བདུད་ཀྱི་བྱིན་གྱིས་བརླབས་པས། སྣ་ནམ་བོ་རོ་༢་གྲོས་བྱས་ཏེ། དང་པོར་༽ སྣ་ནམ་མ་ཞང་ཁྲོམ་པ་སྐྱེས་ཀྱིས། ཐང་ལ་འབར་བ་བཀྱོན་ཕབ། ༼བོད་ལ་བཀྲ་མི་ཤིས་པ་བྱུང་བ་ཤྰཀྱ་དམ་ཆོས་བྱས་པས་ལན་ཟེར་ནས་༽་ལྷ་སར་ར་མོ་ཆེ་ནས་རྒྱའི་ལྷ་རྒྱ་ཡུལ་དུ་བསྐྱལ་དགོས་མཆི་ནས་བཏེགས་པས། ༽ཞེས་འབྱུང་ལ། ཡང་ཤོག་ངོས་དེར་ལས། ༼་ཞང་མ་ཞང་གིས་ཆོས་བཤིག་པའི་ཚེ་ར་ས་པེ་ཧར་དུ། བཟོ་གྲ་ཆེན་པོ་བགྱིས་ཏེ། སྐུ་གཟུགས་ལྡེར་ཙོ་ཀུན་གྱི་ཕྱག་ལ་ནི། ལུག་ཁོག་བཀལ། སྐྱེ་ལ་རྒྱུ་མ་དཀྲིས། ཞང་གིས་༼་འབངས་༽་ཡོངས་ལ་བསྒོ་བ། ད་ཕྱིན་ཆད་མི་ཤི་ན་ཚེ་བགྱིད་དུ་མི་གནང་། བརྒྱ་ལ་ཆོས་བྱེད་པ་ཅིག་ཡོད་ན། ཕོ་རེང་དུ་དུ་གཏན་སྤྱུག་གོ་ཞེས་ལུང་སྩལ་ཏེ་དམ་པའི་ཆོས་བཤིག་གོ།༽ ཞེས་པ་ལས་གོང་གི་སྦ་བཞེད་ཁག་ལས་བྱུང་བའི།༼ཚེ་ཕྱི་མའི་སྐྱེ་བ་ལེན་བྱ་བ་རྫུན་ཡིན། ཚེ་འདིའི་རྐྱེན་བཟློག་བོན་བྱ།༽བྱ་བའི་ཚིག་རྐང་འདི་གཉིས་བྱུང་མི་འདུག་ ད་དུང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༠་ལོར་སྤར་བའི། ༼དབའ་བཞེད་བཞུགས་སོ་༽ཞེས་པའི་ཤོག་ངོས་༧་པ་ལས། ༼་སྲས་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། དགུང་ལོ་བཅུ་གསུམ་ལོན་པ་ན། ཆབ་སྲིད་ཕྱག་ཏུ་བཞེས་པ་ཐག་ཏུ། ༼་སྣ་ནམ་མ་ཞང་ཁྲོམ་པ་སྐྱེས་དང་། ཁྲི་ཐོག་རྗེ་ཐང་ལ་འབར་དང་། ཅོག་རོ་སྐྱེས་བཟང་རྒྱལ་གོང་༣་ལས་ངན་གྱི་དབང་དང་། བདུད་ཀྱི་བྱིན་གྱིས་བརླབས་པས། སྣ་ནམ་ཅོ་རོ་༢་གྲོས་བྱས་ཏེ། དང་པོར་༽ སྣ་ནམ་མ་ཞང་ཁྲོམ་པ་སྐྱེས་ཀྱིས་ཐང་ལ་འབར་ལ་བཀྱོན་ཕབ། ༼་བོད་ལ་བཀྲ་མི་ཤིས་པ་བྱུང་བ་ཤྰ་ཀྱ་མུ་ནེ་དང་། ཆོས་བྱས་པས་ལན་ཟེར་ནས།༽་ལྷ་ས་ར་མོ་ཆེ་ནས་རྒྱའི་ལྷ། རྒྱ་ཡུལ་དུ་བསྐྱལ་དགོས་མཆི་ནས་བཏེག་༽ཅེས་དང་ཡང་དེའི་ཤོག་ངོས་༨་པ་ལས། ༼་ཞང་མ་ཞང་གིས། ཆོས་བཤིག་པའི་ཚེ་ར་ས། པེ་ཧར་དུ་བཟོ་གྲྭ་ཆེན་པོ་བགྱིས་ཏེ། སྐུ་གཟུགས་ལྡེར་ཙོ་ཀུན་གྱི་ཕྱག་ལ་ནི། ལུག་ཁོག་བཀལ། སྐྱེ་ལ་རྒྱུ་མ་དཀྲིས། ཞང་གིས་༼་འབངས་༽་ཡོངས་ལ་བསྒོ་བ། ད་ཕྱིན་ཆད་མི་ཤི་ན་ཚེ་མི་གནང་། བརྒྱ་ལ་ཆོས་བྱེད་ཅིག་ཡོད་ན་ཕོ་རེང་དུ་གཏན་དུ་སྤྱུག་གོ་ཞེས་ལུང་སྩལ་ཏེ་དམ་པའི་ཆོས་བཤིག་གོ་༽ཞེས་པ་ལས། གོང་གི་སྦ་བཞེད་ཁག་ལས་བྱུང་བའི།༼ཚེ་ཕྱི་མའི་སྐྱེ་བ་ལེན་བྱ་བ་རྫུན་ཡིན། ཚེ་འདིའི་རྐྱེན་བཟློག་བོན་བྱ།༽བྱ་བའི་ཚིག་རྐང་འདི་གཉིས་བྱུང་མི་འདུག་པས། ཚིག་ཆད་སོང་བ་མ་ཡིན་པ་ཤེས་ལ། གོང་གི་ཚིག་དེ་གཉིས་ཕྱིས་སུ་ཁ་སྣོན་བྱས་པ་གསལ་པོ་ངེས་སྙམ་མོ། ཡང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༠་ལོར་སྤར་བའི། ༼དབའ་བཞེད་བཞུགས་སོ་༽ཞེས་པའི་ཤོག་ངོས་༨་པ་ལས། ༼་དེ་ནས་རིང་པོར་མ་ལོན་པར། ཞང་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་ནི། ཐང་ལྷའི་རྩར་བསྐྱལ་ཏེ། ཀྭ་ཀྭ་ཞེས་ཡུན་རིང་དུ་འབོད་དེ་གུམ། ཅོག་རོ་སྐྱེས་བཟང་རྒྱལ་གོང་ནི་ལྕེ་དང་རྐང་ལག་ཀུན་སྐམས་ནས་གུམ། ཞང་མ་ཞང་ནི། འཆི་ལྟས་ཆེན་པོ་བྱུང་ནས། བླའི་སྐུ་ཕྱ་ངན་ནོ་ཞེས་མོ་མ་ལ་རྔན་པོ་སྩལ་ཏེ། སྐུ་གླུད་ཀྱི་ཚུལ་བསྟན་ཏེ་གསོན་ཁུང་དུ་སྩལ།༽ཞེས་པར་དཔྱད་ན། བོད་བཙན་པོའི་ཆབ་སྲིད་ལ་མཛད་རྗེས་བླ་ན་མཐོ་བའི་བློན་ཆེན་གསུམ་དེ། ཁྲི་སོང་སོགས། རྒྱལ་གར་གྱི་ཆོས་ལུགས་པས། དཀྲུགས་གཏམ་ལ་གསན་ནས་བསད་པར་གསལ་ལ། ད་རུང་བློན་ཆེན་རྟ་ར་ཀླུ་གོང་ཆོས་ཀྱི་ཆེད་དུ་བྱང་དུ་རྒྱང་འབུད་གཏོང་བར་བཤད་དེ། དེབ་དེའི་ཤོག་ངོས་༡༠༢་སྦ་བཞེད་ལས། ༼་བོད་འབངས་ཀུན་གྲོས་འཆམས་ནས། དེ་ལ་འོར་བཏབ། དེ་ལ་བློན་རྟ་ར་ཀླུ་གོང་ཆོས་ལ་གནག་པས། སྦ་ལྕགས་ས་ལ་བརྡབས་ནས། ལྷ་ཁང་རྩིག་དེ་ཆོས་ཡིན་པས། ང་མི་དགའ། ངེད་རང་བོན་བྱ་ཟེར་བས། རྗེའི་ཞལ་ནས་ངའི་བཀའ་གཅོག་པ། རྟ་ར་ཀླུ་གོང་བྱང་དུ་སྤྱུགས་ཤིག་ཅེས་གསུངས་པས། འབངས་རྒན་མི་གཉིས་ཀྱིས། རྩ་ཐག་གིས་བཏགས་ཏེ། ཚེར་ལྕག་གིས་བྲབ་ཅིང་བྱང་སྤྱུགས་སོ།། དེ་ལ་ཀུན་བྲེད་ནས་ཅང་མི་ཟེར། ༽་ཞེས་གསལ་ལ། ཞང་མ་ཞང་གསོན་པོར་དུར་དུ་སྦས་ལུགས་ཁ་གསལ་ཙམ་ཞིག་སྦ་བཞེད་ཤོག་ངོས་༧༧་ལས། ༼་དེ་ནས་རྗེ་བློན་ལ་ཞང་ཉ་བཟང་དང་། འགོས་ཁྲི་བཟང་དང་། ཆོས་་དགའ་བའི་བློན་པོ་ཀུན་འཚོགས་ནས། ཆོས་བྱ་བར་མོལ་གཏམ་བྱས་པ་ལ། ཞང་ཉ་བཟང་གིས་སྙན་དུ་གསོལ་བ། མེས་སྲོང་བཙན་གྱི་ལྷ་ཆོས་མཛད་པས། བོད་དུ་ལེགས་དགུ་བྱུང་བ་དང་། ལྷ་སྲས་ཡབ་སྲས་ཀྱིས་ཀྱང་མཛད་པ་ལས། ཡབ་ནོང་པའི་འོག་ཏུ་ཞང་མ་ཞང་གིས་བཤིག ་༽ཞེས་དང་ཡང་༼་སྔོན་ལྷ་སྲས་ཡབ་ཀྱིས་ཆོས་མཛད་པ་བཞིན། མཛད་ན་ལེགས་པ་འདྲ་ཡིས་ཀྱང་། ཞང་མ་ཞང་རོ་ངན་ལ། ཆོས་ལ་མི་དགའ་བས། ཐུགས་དགོངས་མི་འགྲུབ་སྟེ་མཆི་ཞེས་གསོལ་པ་དང་། བློན་ཆེན་པོ་འགོས་ཁྲི་བཟང་ཡབ་ལྷག་ན་རེ། དེ་ལ་ཐབས་བགྱི་བར་རྔོ་ཐོག་གིས། ཁོ་བོའི་རྗེས་སུ་རྟིང་གནོན་མཛོད། སླད་ནས་རྗེས་དགོངས་པ་སྒྲུབ་བོ་ཟེར་། དེ་ལྟར་ཆད་བྱས། བློན་ཁྲི་བཟང་གིས། བླ་འོག་གི་ཕྱག་སྤྲིན་དང་། མོ་པ་དང་ལྟས་མཁན་ཀུན་ལ། ལྐོག་ཏུ་བྱ་དགའ་བསྩལ་ནས། རྒྱལ་བུ་སྐུ་ཆགས་ཆེ། ཆབ་སྲིད་ལ་གནོད་པ་འོང་བར་ལུང་པར་སྨྲར་བསྩལ། དེ་ལ་ཇི་ལྟར་བྱ་བའི་ལུང་སྨྲར་བསྩལ་བ་ལས། རྗེའི་སྐུའི་རམ་གྲོར། ཞང་བློན་སུ་ཆེ་བ་ཟུང་གཅིག་དགུང་ལོ་གསུམ་ཆད་པར་དུར་དུ་བཅུག་ན། རྗེའི་སྐུ་ཚེ་དང་ཆབ་སྲིད་འཕེལ་ལོ་ཞེས་ལུང་ཕོག་ དེ་སྐྱེ་བོ་འདུ་ས་ཀུན་ན་མང་དུ་གླེང་པ་དང་། ༽ཞེས་དང་། ༼་རྗེ་འབངས་ཀུན་འཚོགས་པའི་དུས་ཞང་ཉ་བཟང་གིས་རྒྱལ་བུ་སྐུ་ཆགས་ཆེ་བའི་རིམ་གྲོ་བྱ་བར་གསོལ་བས། བློན་ཁྲི་བཟང་སྐད་ནས། དེའི་སྐུ་བླུད་བྱ་བར་རིགས་སོ་ཞིབ་ཏུ་སྨྲ་ན། དེ་ལ་རྗེའི་ཞབས་ཏོག་པ་སུ་ཆེ་བས་ཁས་ལོང་ཞེས་ཟེར་བས། བློན་ཆེན་པོ་འགོས་ཁྲི་བཟང་ན་རེ། རྗེའི་ཞབས་ཏོག་ཏུའང་དེ་ཆེ། བུ་ཚའི་དགེ་དང་ཡིག་ཚང་དུའང་དེ་ཆེ། བློན་པོ་ང་བས་ཆེ་བ་སུ་ཡོད། གཅིག་ངས་བྱེད་ཟེར། ཞང་མ་ཞང་ན་རེ། བློན་པོ་ང་བས་ཆེ་བ་ནི་མེད་ན། རྗེའི་ཞབས་ཏོག་པ་གཅིག་ངས་བྱེད་ཟེར། ཁས་བླངས། ད་ཆད་པ་གར་རྩིག་ཅེས་གླེང་པས། འགོས་ན་རེ། ཕ་རིར་བྱའམ། ཡང་ན་འཇུའི་ཡང་བཟངས་སུ་བྱེད་ཟེར་པས། ཞང་མ་ཞང་ན་རེ། སྣ་ནམ་བྲང་ཕུར་རྩིག་གོ་ཞེས་རྨང་བྲེས་པས། ཞང་མ་ཞང་འཕྲིགས་ན། ས་རྡོ་དགའ་མོ་སྣ་ནས་སྐྱོས་ཤིག་ཟེར། ཆུས་མི་བྲེལ་བའི་ཐབས་བྱེད་པ་ལ། རྭ་མཐུད་པའི་ཁྲོན་པར་ཆུ་ནང་དུ་འོངས་ནས་ཕྱིར་འགྲོ་བ་བྱས། མི་ལྟོགས་པའི་ཟས་མང་པོ་དང་། མི་འཁྱག་པའི་གོས་དང་། མི་སུབ་པའི་གསེང་ལ་སོགས་པ་ཡང་བྱས། ཆད་པ་འབྱོངས་ནས། བློན་པོ་གཉིས་ནང་དུ་མཆི་བར་མི་རུང་བས། ལོ་སྟེ་གུ་སྣ་གོང་དང་། འགོས་རྒན་གཉིས་གྲོས་བྱས་ནས། འགོས་ཀྱིས་རྐང་ལ་བྱ་རྒོད་ཀྱི་ལྷམ་གྱོན། ལུས་ལ་ཕ་བ་དགོ་དགོའི་ཐུལ་པ་གྱོན་ནས། བློན་ཆེན་པོ་དང་། ཞང་མ་ཞང་ནང་དུ་ཆུད་པ་དང་། འདིར་ཞང་གི་གཟིམ་མལ་བྱ། འདིར་ང་ཡི་བྱ། འདིར་ཆུ་བཞག་གོ་ཟེར་ཞིང་ཕར་འགྲོ་་ཚུར་འགྲོ་བྱེད་པ་དང་། ཞང་མ་ཞང་ཡང་ཕྱིར་སྤྲི་ལི་ལི་འབྲང་། དེའི་མོད་ལ་འགོས་ཀྱིས་ཐལ་མོ་བརྡབས་ནས། ཕ་གི་ན་ཅི་ཡིན་ན་ཟེར་ནས་བྲོས་པའི་རྐང་པ་ནས། ཞང་མ་ཞང་གིས་བཟུང་བས། བྱ་རྒོད་ཀྱི་སྤུ་སྤར་བ་གང་ལག་ན་གདའ། ཕ་བ་དགོ་དགོའི་ཐུལ་བས། མིག་གིས་ཅི་ཡང་མ་མཐོང་། ལོ་སྟེ་གུས། སྒོ་ཕ་བོང་གིས་བཀག་འགོས་རྒན་གྱི་ལྟོ་འོག་ནས་སོང་བ་ཞེས་ནང་ན་འཁུན་རིང་ཞིག་ན། ཁྱིམ་བྱའི་སྐད་གྲག་པས་ཆུ་ཤོར་སྙམ་སྟེ། དྲེའུ་ཡོས་ཟན་ལག་པ་བརྡུངས་པའི་སར། བརྐོས་པས། ཆུས་མི་བྲེལ་བའི་རྭ་མཐུན་པའི་ཐབས་དེ་བཤིག་ནང་ནས་མདའ་ལ་ཡི་གེ་བྲིས་ཏེ། སྣ་ནམ་པས་བྲུས་ཞེས་བྱ་བ་ཕྱིར་འཕེན། དེ་ལྟར་ཞང་མ་ཞང་ཆོས་ལ་མི་དགའ་བ་ལ་སྐྱོན་ཕབ་པའི་ལས་དེ་གྲུབ་པ་དང་། ༽ཞེས་པ་ལྟར་བོད་བཙན་པོ་དང་བོད་ལ་བློ་དཀར་བའི་བོན་བློན་རྣམས། བསད་རྗེས། བན་བོན་ཤག་འགྲན་ཚུལ་བྱས་ཀྱང་། གོང་གི་རྒྱལ་བློན་བན་ལ་ཕྱོགས་རྗེས་བོན་ལོས་ཀྱང་ཕམ། ཡང་ ད་རུང་དབའ་བཞེད་ནང་དུ་མེད་པའི་ཚིག་འགའ་སྦ་བཞེད་ཁག་ཏུ་ཡོད་དེ། མི་རིགས་དཔེ་སྐྲུན་ཁང་གིས། ༢༠༠༩་ལོར་སྤར་དུ་སྐྲུན་པས། རྦ་བཞེད་ཕྱོགས་སྒྲིག་གི་སྦ་བཞེད་ཞབས་བཏགས་མའི་ཤོག་ངོས་༥༠་ལས། ༼་བཙན་པོ་སྟོན་རྩེན་རེ་རེའི་ཕྱག་ཏུ་མེ་ཏོག་དཀར་པོའི་ཕྲིང་བ་རེ་རེ་ཕུལ་ཏེ། བཀའ་བརྩལ་པ། ངའི་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར། བོད་ཐམས་ཅད་རིལ་ནག་པོར་དགའ་བའི་དུས་སུ། ཟ་ཧོར་རྒྱལ་པོའི་བུ། བོ་དྷི་སཏྭ་སྤྱན་དྲངས་ནས། བོད་འབངས་ཉུང་ཤས་ཅིག་ཆོས་ལ་བཀོད། དད་པ་ཁ་ཅིག་རབ་ཏུ་བྱུང་། དཀོན་མཆོག་གསུམ་གྱི་རྟེན་གཙུགས་པའི་སྐབས་སུ། རྒྱ་ནག་པོའི་ཧྰ་ཤང་མ་ཧ་ཡ་ན། བྱོན་པས། བོན་ཀྱི་བཙུན་པ་ཕལ་ཆེར། དེ་ལ་སློབ་པར་གྱུར། ༽ཞེས་སྐབས་དེར་བོན་པོའི་བཙུན་པ་ཡོད་པར་བསྟན་ཡོད། བཙུན་པ་ནི། ཚེ་ཕྱི་མའི་ཆེད་དུ། ཕ་མ་སྤུན་མཆེད་བཟའ་ཟླ་རྒྱུ་ནོར། ཕ་ཡུལ་སྤངས་ནས། དགེ་བ་སྒྲུབ་མཁན་ཞིག་ལས། ཚེ་འདིའི་ཆེད་དུ། བཙུན་པ་བྱེད་མཁན་ཆེས་ཉུང་བས་སོ། ད་དུང་དབའ་བཞེད་ལས། མི་ཤི་ཚེ་བོན་བྱེད་པའི་གཏན་ཚིག་གཞན་ཞིག་ནི། མི་རིགས་དཔེ་སྐྲུན་ཁང་གིས། ༢༠༠༩་ལོར་སྤར་དུ་སྐྲུན་པས། རྦ་བཞེད་ཕྱོགས་སྒྲིག་ནང་གི་དབའ་བཞེད་བཞུགས་སོ། ཞེས་པའི་ཤོགངོས་༢༤༣་ལས། ༼་དེའི་རྗེས་ལ་དབའ་གསལ་སྣང་གི་བུ་ཚ་མིང་སྲིང་གཉིས་༢་དུས་༡་ཏུ་གུམ་པའི་་དུས་སུ། སྒོར་དུ་ནི་བོན་བགྱིད་དུ་སྩལ། ནང་དུ་གྱོད་དང་བསྡོས་ཏེ། ལྷ་མི་སྟོང་འཚལ་མ་སྩལ་ཏེ་ཚེ་བགྱིས། ༽ཞེས་འབྱུང་ལ་་ཡང་།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༠་ལོར་སྤར་བའི། ༼དབའ་བཞེད་བཞུགས་སོ་༽ཞེས་པར་ཡང་དེ་དང་གཅིག་པར་འབྱུང་མོད། ཡང་མི་རིགས་དཔེ་སྐྲུན་ཁང་གིས། ༢༠༠༩་ལོར་སྤར་དུ་སྐྲུན་པས། རྦ་བཞེད་ཕྱོགས་སྒྲིག་གི་སྦ་བཞེད་ཞབས་བཏགས་མའི་ཤོག་ངོས་༨་པ་ལས།༼་སྦ་གསལ་སྣང་གི་བུ་ཚ་མིང་སྲིང་༢་དུས་གཅིག་ལ་གུམ། ལྷའི་ཡབ་མེས་ཀུན་ན་རེ། ཆོས་བདེན་ཟེར། ཧྰ་ཤང་ལ་དྲི་སྙམ་ན་ཁོན་༼་ཧེན༽་ཁང་ནས་ཧྰ་ཤང་རྒད་པོ་བོས་ཏེ། ངའི་བུ་ཚ་༢་ལམ་བསྟན་དུ་གསོལ་དང་། ཚེ་སྔ་ཕྱི་བདེན་ནམ། ཞུས་པས་ཚེ་ཕྱི་མ་ཡོད་ཟེར་བས། ཕྱི་ཚུལ་དུ་བོན་བྱས། ནང་དུ་གྱོད་ཁ་དང་བགྲོད་དེ་ཚེ་བགྱིས། ༽ཞེས་མི་འདྲ་བར་འབྱུང་ཡོད། དེ་མིན་སྦ་བཞེད་སོགས་ལས་དེ་བཞིན་འབྱུང་། དེའི་གང་བསྟན་འདུག་ཟེར་ན། ཁྲི་སྲོང་གི་གོང་ནས་རྒྱུད་པའི་སྐབས་དེར་ཡང་། མི་ཤི་ན་གཤིན་པོ་དེ། ཚེ་ཕྱི་མར་ཐར་པ་ཐོབ་བྱེད་ཀྱི་བོན་བྱ་སྲོལ་ཡོད་པ་དེ་བསྟན་ཡོད། སྐྱེ་བ་ཕྱི་མ་ཁས་མ་ལེན་ན། མི་ཤི་དུས་བོན་བྱེད་དགོས་དོན་གང་ཡོད་དམ། ཕྱི་པ་མུ་སྟེགས་པ་ནང་བཞིན་ལས་རྒྱུ་འབྲས་ཁས་མ་ལེན་ན། མི་ཤི་ནས་ཚར་ཚར་བ་མ་རེད་དམ། དབའ་བཞེད་ནང་དེ་ནས་ཞང་བློན་དག་གིས་འདི་ནི་་མཐུ་ཆེ་བའི་སྲིད་འཕྲོག་ཅེས་སྙན་དུ་ཞུས་པས། ཁྲི་སྲོང་གིས་པད་མ་སམ་བྷ་བར། གསེར་ཕྱེ་སོགས་ཕུལ་ཏེ། ཨ་ཙ་རྱ་སླར་ཡུལ་དུ་བཞུད་ཅིག་ཞེས་ལུང་སྩལ། པད་མའི་བསམ་པར་བོད་ཀྱི་བཙན་པོ་སེམས་ཆུང་ཕྲག་དོག་ཆེ་བས། སྐལ་བ་ཆུང་བ་དག་གི་སེམས་ལ། ངས་རྒྱལ་སྲིད་ཕྲོགས་ཀྱིས་དོགས་པར་སྟེ། ང་རྒྱལ་སྲིད་འདི་འདྲ་བའི་རྒྱལ་སྲིད་པས་འཁོར་ལོ་སྒྱུར་བའི་སྲིད་ཀྱང་མི་འདོད་དོ་ཞེས་གསུང་ནས་རྒྱལ་པོས་་ཕུལ་བའི་གསེར་ཁྱོར་གང་བསྣས་ནས་རྒྱ་གར་ཡུལ་དུ་གཤེགས་སོ། དེ་ནས་མདུན་ས་ཆུང་ངུ་ནས་བགྲོས་ནས། པད་མ་ས་བྷ་བ་་བསད་ན། བོད་ལ་གནོད་པ་བགྱིད་པར་དཔྱད་དེ། གསོད་མི་བཀྱེས་པར་གསལ་ལ། དེ་ནས་བན་བོན་ཤག་འགྲན་པར་གསལ་ཏེ། ༼་སླད་ཀྱི་ཆོས་དང་བོན་འདྲན་པར་ཆད་ནས། ཕག་གི་ལོ་ལ་ཕོ་བྲང་ཟུས་ཕུག་སྐྱང་བུ་ཚལ་དུ་འདུས་ནས། ཆོས་ཀྱི་ཤགས་མཁན་ནི། མཁན་པོ་བོ་དྷི་ས་ཏྭ་དང་། མྱང་ཤ་མི་གོ་ཆ་དང་། ཞང་རྒྱལ་ཉ་བཟང་དང་། ཞང་མེས་སླེབས་དང་། སྙེར་སྟག་བཙན་ལྡོང་གཟིགས་དང་། སེང་མགོ་ལྷ་ལུང་གཟིགས་དང་། རྩིགས་རྨ་རྨ་རྣམས་ཀྱིས་བགྱིས། བོན་གྱི་ཤགས་མཁན་ནི་སྟག་ར་ཀླུ་གོང་དང་རྩིས་པ་ཆེན་པོ་ཁྱུང་པོ་དུན་ཙུག་དང་། རུ་དཔོན་ཆེན་པོ་ཁྱུང་པོ་ཚེ་ཐེ་དང་། གཟིམས་མལ་བ་གཙོ་སྨོན་ཙ་ར་ལསོགས་པས་བགྱིས་ནས། གཏན་ཚིགས་འདྲན་པར་བགྱིས། རྫུ་འཕྲུལ་གྱིས་འགྲན་པར་མ་བགྱིས་ནའང་། ཁྱད་ཆེ་ཞིག་ཆོས་གཏན་ཚིགས་ཆེ་བར་གྱུར་ཏེ། བཟང་ལ་རྒྱ་སྟེ། ཟབ་ལ་གཏིང་རིང་སྟེ། བོན་པོ་ཤགས་ངན་པར་གྱུར་ཏོ། ༽ཞེས་དང་། བན་དྷེ་བཀའ་ཐང་ལས། ༼བོན་གྱི་ཐེག་དགུ་དང་བན་གྱི་ཐེག་དགུ་འགྲན་ཚུལ་བཤད་ཡོད། ༽ཡང་རྦ་བཞེད་ཕྱོགས་བསྒྲིགས། ཤོག་ངོས་༢༤་ལས། ༼་བོན་ཁུངས་ངན་ལ་གཏན་ཚིགས་ཆུང་། ཆོས་ཁུངས་བཟང་ལ་རྒྱ་ཆེ་བར་བྱུང་སྟེ། ཤགས་བཟང་བ་རྣོ་སྟེ། བོན་གྱི་མ་ཐུབ། ཕྱིས་བོན་པོས་འཕན་ཡུལ་དུ། ཤི་ཁ་འདུར་བས་ཐམས་ཅད་བསེ་རགས་སུ་གྱུར་པས། སླད་ཆར་བོན་མི་བྱ་བ་དང་། ཤི་བ་མི་འདུར་བར་ཆད། ཞང་ཞུང་དང་ཚེ་མིས་རྗེའི་སྐུའི་བར་ཆད་སེལ་བའི་ཕྱིར། འདྲེ་སྲིན་ལ་དུས་བོན་རེ་བྱ་བ་ལས། གཞན་མི་བྱ་བ་དང་། གཤིན་ཆེད་དུ་རྟ་གསོད་པ་དང་། དངོས་སུ་ཤ་མི་ཟ་བར་ཆད། བོན་དཔེ་ཀུན་ཆབ་ལ་བསྐྱུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་གནན། དེས་ནས་སླད་ཆད་ཆོས་བྱ་བ་དང་། ལྷ་ཁང་རྩིགས་པར་ཆད་པས། ༽ཞེས་པར་བརྟགས་ན ཁོ་ཚོས་བོད་ཀྱི་སྲིད་མི་བཟུངས་བར་ཆད་བགོས་སམ་སྙམ་མོ། བོན་པོ་ཤགས་ཕམ་པས་རྒྱུ་རྐྱེན་ནི། བཙན་པོ་རྒྱལ་བློན་ཚོས་བོན་གྱི་མཁས་གྲུབ་བོན་གཤེན་རྣམས། བསད་པའམ་བཀར་བར་བྱས་ཏེ། གཡོ་རྒྱུས་ཐབས་བཤམས་ནས། བན་བོན་ཤགས་འགྲན་སར་ཞུགས་མ་ཐུབ་པར་མངོན་ཏེ། བོན་གྱི་ཤགས་མཁན། བོན་བློན་སྟག་ར་ཀླུ་གོང་སོགས་བྱས་ཚུལ་ལས། བོན་གཤེན་རིག་འཛིན་གྱི་མཚན་མ་གསལ་བས་སོ།། ད་དུང་༼བོན་དཔེ་ཀུན་ཆབ་ལ་བསྐྱུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་གནན། ༽ཞེས་པར་བརྟགས་དཔྱད་ཐོངས་དང་། དུས་རབས་བརྒྱད་པའི་གོང་ནས། བོན་པོར་བཀའ་རྟེན་དཔེ་ཆ་ཡོད་ནས། ཆུ་ལ་བསྐྱུར། ས་འོག་ཏུ་མནན་པར་བཤད་པ་ལས། དེའི་གོང་ནས་བོན་ལ་དཔེ་ཆ་མེད་ན། ཆུ་ལ་བསྐྱུར། ས་འོག་ཏུ་མནན་ཐབས་ཡོད་དམ། ཡང་དབའ་བཞེད་བཞུགས་སོ་ཞེས་པའི་ཤོག་ངོས་༢༨་ལས། ༼་དབའ་ཕ་ཚན་བོན་བཞག་ནས་ཆོས་བགྱིད་དུ་སྩལ། ༽ཞེས་པའི་མཚོན། བོན་འབངས་བན་ལ་བསྒྱུར་བར་ཤེས་སོ། ཟས་གཏད་ཀྱི་ལོ་རྒྱུས་ཞེས་པ་ལས། མི་ཤི་ན་འདུར་ནས་མཐོ་རིས་ཐོབ་རྒྱུ་ཡོད་པར། ཁས་ལན་པའི་བོན་གཞུང་ཡོད་པར་གསལ་པོར་བཤད་འདུག་སྟེ། དེ་ཡང་༼དབའ་བཞེད་བཞུགས་སོ༽ཞེས་པའི་ཤོག་ངོས་༤༩་ཟས་གཏད་ལོ་རྒྱུས་ལས། ༼་རྟའི་ལོའི་དཔྱིད་ཟླ་ར་བའི་ངོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་འདས། སྲས་མུ་ནེ་བཙན་པོ་ནི། སྐུ་ཆུངས། ཆོས་སྤྱོད་པ་ལ་དགའ་བའང་ཉུང་སྟེ། ལྷ་སྲས་ཡབ་ཀྱི་འདད་བགྱི་བར་བཅད་པ་ན། མཆིམས་བཙན་བཞེར་ལེགས་གཟིགས་དང་། སྣ་ནམ་རྒྱལ་ཚ་ལྷ་སྣང་དང་། ངན་ལམ་སྟག་ར་ཀླུ་གོང་ལསྭོ་པ། བློན་པོ་ནག་པོ་རྣམས་ཀྱིས། ཆོས་ནུབ་པར་བྱ་བའི་ཕྱིར་དང་། བོན་བཙུན་བར་བྱ་བའི་ཕྱིར་བྲག་དམར་མཚོ་མོའི་འགུར་དུ་རེའུ་ཆེན་པོ་ཕུབ་སྟེ། ཆིབས་ལས་རྟ་བོ་ཆེ་དང་མགྱོགས་པ་མང་པོ་དང་། ཆིབས་ཀྱི་རྐྱེན་པ་ར་ཆས་དང་། རིང་གུར་ལགས་པའི་བཟོ་འདྲུབས་པས་གཞི་བཟུང་སྟེ། བོན་པོ་ཡང་། འཕན་ཡུལ་གྱི་ཨ་གཤེན་དང་བྱི་སྤུ་དང་། མཚེ་ཅོག་དང་། ཡ་ངལ་ལགས་པ་བརྒྱ་ཉི་ཤུ་རྩ་བདུན་བསོགས་ཏེ། འདད་བགྱིད་པར་བཅད་པ་ལས། སྲས་མུ་ནེ་བཙན་པོས་ཞང་བློན་ཆེན་པོའི་མདུན་སར་སྤྲིང་བ། ངའི་མདང་གི་རྨང་ལམ་ན། ༽ཞེས་སོགས་རྨི་ལམ་དུ་ཡབ་ཀྱི་འདད་ནི། བོན་བྱར་མི་རུང་གི། དཀར་ཆོས་སུ་བྱས་ན་ལེགས་ཚུལ་རྨིས་པས། བློན་པོ་རྣམས་གྲོས་བྱ་དགོས་པར་བཀའ་གནང་། དེར་བློན་པོ་རྣམས་གྲོས་བྱ་སྐབས། དང་པོ་བོན་བློན་གྱིས་བོན་གྱི་འདུར་ན་ལེགས་ཚུལ་བཤད་འདུག་སྟེ། དེའི་ཤོག་ངོས་༥༡་ལས། ༼་ཞང་བཙན་བཞེར་ལེགས་གཟིགས་ཀྱིས་འདི་སྐད་སྨྲས་ཏེ། ཨུམ་ལགས་རིང་ལུགས་ཀྱི་བན་དེ་ཆེན་པོ་དང་། ཨ་ཙ་ར་དག་ སྤྱིར་བདག་ཅག་གིས་གསལ་ནི། མི་འཚལ་ཞིང་མཐའ་བཞི་ཉི་འོག་དང་བརྡའ་མཇལ་ཏེ། གསང་སྒོ་ཕྱེ་ནའང་། འོ་སྐོལ་མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་གཤེགྶ་པའི་ཚེ། ཡ་མཚན་ཅན་གྱི་ཀོར་དུ་དུང་དཀར་ཆེན་དཀར་ཆུང་། གཉན་གཡུ་རུ་ལྡེ་གདོངས། རྨོག་རྨུ་ལུགས། རྨུ་ཁྲབ་ཞོལ་མོ། གཞུ་རང་བརྡུངས། རྨུ་མདུང་ཟང་ཡག་ རལ་གྲི་གཤེན་གྱི་བླ་མཚོ། དམུ་ཕུབ་གོང་ཁྲ་ལསྭོ་པ་མང་པོ་ནི་མངའ། དེ་ཙ་ན་འབངས་ཞབས་འབྲིང་བ་སྐུ་གཤེན་ཚེ་ཆོག་དང་།སྟབས་ཅིག་ཏུ་བཞུགས་ཏེ། ཤིང་སྡོང་པོ་ནི་སྐུ་དུད་དུད། གོར་ཕ་བོང་ནི་འཕར་ཐང་ཐང་། རྫུ་འཕྲུལ་དང་ཡ་མཚན་ཆེ་བའི་ཚད་་མཆིས་སོ། དུས་དེ་ཙམ་ན། མི་གུམ་ཀྱང་ས་ལ་འདད་གཏང་བ་དང་བང་སོ་བརྩིགས་མི་འཚལ། དེ་ནས་སྲས་ཆིབས་ཁ་ཐུབ་ནས། ཡབ་དགུང་དུ་གཤེགས་ཏེ། འདད་བཏང་བ་ཚུན་ཆད་དུ། ལྷ་ཐོ་ཐོ་རི་སྙན་ཤལ་དང་གྲང་ལུང་གི་གུང་སྨན་དུ་བཤོས་ཏེ། གཏོང་འདད་གཏོང་བ་ཡང་གྲང་ལུང་གི་གུང་སྨན་གྱི་གཏོང་ངོ་། ལྷ་ལ་ལྷ་འདུར་ཞེས་ཀྱང་བགྱི་སྟེ། རྗེའི་གཏོང་འདད་དང་། འབངས་ཀྱི་འདུར་ལུགས་དེ་ཚུན་ཆད་དུ་བྱུང་བ་ལགས་སྟེ། འདད་བཏང་ཚུན་ཆད་དུ་བཞུགས་ཀྱི་སྐུ་འཁར་ནི། བཙན་ཐང་སྒོ་བཞི་བརྩིགས་པར་བཀྲ་ཤིས་ཞིང་ཞལ་གྲོ་བ་ལགས། བསྟེན་པའི་སྐུ་ལྷ་ནི་ཡར་ལ་ཤམ་པོ། གྲོངས་ཀྱི་བངས་སོ་ནི་ར་བ་ཐང་དུ་བཏབ་སྟེ། ཡར་ལ་ཤམ་པོ་ནི། གཉན་ཞིང་མཐུ་ཆེ། ཕྱི་ལུགས་ར་བ་ཐང་ནི། བཀྲ་ཤིས། དེ་ཙ་ན། གཡོ་རུ་སྨད་ནས་ཉུང་ཙམ་༡་ལས། ཟི་པོའི་རྗེ་ཁྲི་འཕང་༣་དང་། ཞང་ཞུང་གི་རྒྱལ་པོ་གཉའ་ཞུར་ལག་ལསྭོ་པ་རྒྱལ་རིགྶ་ཕྲ་མོ་མངའ་རིས་སུ་འདུས་པ་ལགས། མངའ་ཐང་ཆེ་བ་དང་ཆབ་སྲིད་མཐོ་བ་གཙུག་ལག་དང་ལྡན་བས་བྱུང་སྟེ། སྐུ་གཤེན་ཚེ་ཅོག་དག་གི་ལྟ་སྤྱོད་ཀྱང་ལེགས་པ་འདྲ། ཕ་བ་སྐུ་གཤེན་པ་དག་གི་སྟོང་འདད་ཆེ་ཞིང་ཞལ་གྲོ་བ་ལས། ད་འདི་ལས་བཟློག་སྟེ་འདད་བན་དེས་མཛད་དེ། རྒྱ་གར་གྱི་ཆོས་ལུགས་སམ་མཛད་སྤྱོད་ལྟར་བགྱིས་ནས། གལ་ཏེ་བཀྲ་མི་ཤིས་པ་དག་བྱུང་ན། བླ་སྒོ་༢་ཅར་གྱི་ཆབ་སྲིད་དམས་པར་ངེས་པས། རིང་ལུགས་ཀྱི་བན་དེ་ཆེན་པོ་དང་བློ་པོ་རྣམས་འཐུན་བར་གྱིས་ལ་འདད་བོན་ལུགས་སུ་བྱ་བར་རིགས་སོ་ཞེས་གླེངསསོ། ༽ཞེས་པ་ལས་ག་རུ་བསྟན་འདུག་ཟེར་ན། གནམ་གྱི་ཁྲི་བདུན་ནི་འཇའ་ལུས་སུ་གཤེགས་པའི་གྲོང་རྗེས་འདད་བཏང་སྲོལ་མེད་ཀྱང་། དེ་རྗེས་འདད་བཏང་སྲོལ་བྱུང་བ་བོད་རང་གི་ལུགས་སུ་བྱས་པ་དང་། བོད་མངའ་ཐང་ཆེ་བ་དང་ཆབ་སྲིད་མཐོ་བ་ནི། གཙུག་ལག་དང་ལྡན་བས་བྱུང་བ་སྟེ། ཞེས་སྐབས་དེའི་གོང་ནས། བོད་ལ་བོན་ལུགས་ཀྱི་གཙུག་ལག་ཞེས་རིག་གཞུང་ཡོད་པར་བསྟན་ཡོད་པ་དང་། སྐུ་གཤེན་ཚེ་ཅོག་དག་གི་ལྟ་སྤྱོད་ཀྱང་ལེགས་པ་འདྲ་ཞེས་པ་ལས། དེའི་གོང་ནས་བོན་ལུགས་སུ་ལྟ་སྤྱོད་ཡོད་པར་བསྟན་ལ། ཕ་བ་སྐུ་གཤེན་པ་དག་གི་སྟོང་འདད་ཆེ་ཞིང་ཞལ་གྲོ་བ་ལས། ཞེས་པ་ལས། དེའི་གོང་ནས་མི་ཤི་དུས་འདད་ཅེས་གཤིན་ཆོས་བྱེད་སྲོལ་ཡོད་པར་བསྟན་ལ། གལ་སྲིད་སྔོན་གྱི་སྲོལ་ལྟར་མ་བྱས་ནས། རྒྱ་གར་གྱི་ཆོས་ལུགས་བྱས་ཚེ། བོད་ཀྱི་ཆབ་སྲིད་ཉམས་དམས་ངེས། ཞེས་བསྟན་འདུག་དེའི་ཤོག་ངོས་༥༤་ལས། ༼དེ་ལ་ཞང་བཙན་བཞེར་ན་རེ། བཞུགས་ཀྱི་སྐུ་འཁར་ནི་བཙན་ཐང་སྒོ་བཞི། སྟེན་གྱི་སྐུ་ལྷ་ནི་ཡར་ལ་ཤམ་པོ། གྲོངས་ཀྱི་བང་སོ་ནི། ར་བ་ཐང་དུ་བཏབས་པས་བཀྲ་ཤིས་བགྱི་བ་དེ་ཤོ་དཔེ་བ་ལགས་ཏེ། དེ་ལས་བཀྲ་ཤིས་པ་རྒྱ་གར་གྱི་ཡུལ་ཤྰི་ན་ལེན་དྲའི་གཙུག་ལག་ཁང་ན། དམ་པའི་ཆོས་ལ་ཐུགས་ཆེས་ཤིང་།༽སོགས་རྒྱ་གར་རྒྱལ་པོ་དང་ལྷ་ཆོས་སོགས་ཀྱི་ཕན་ཡོན་མང་པོ་བཤད་ཡང་དེར་ལས། ༼་བོན་གྱི་ལྟ་སྤྱོད་དང་གཙུག་ལག་ལེགས་བགྱི་བ་དེའང་ཤོ་པེ་བ་ལགས་ཏེ། ༽ཞེས་པ་ལས། བོན་གྱི་ལྟ་སྤྱོད་དང་གཙུག་ལག་ཅེས་པ་ལ་ལེགས་པར་དཔྱོད་དང་། བོན་གྱི་རིག་གཞུང་མེད་ན། ལྟ་སྤྱོད་ཅེས་པ་ཡོད་སྲིད་དམ། རིག་གཞུང་མེད་ན་གཙུག་ལག་ཅེས་པ་གང་ལ་ཟེར་རམ། ༼ཤོ་པེ་བ་༽ཞེས་པ་ནི། སྔར་གྱི་གཤོ་སྲོལ་ལམ་སྔར་གྱི་དཔེ་ལྟར་ཞེས་སམ་དྲན། ཡང་དེར་ལས་༼་ཞང་ཞུང་གི་རྒྱལ་པོ་གཉའ་ཞུར་ལག་མིག་གིས། ལྷ་སྙིང་རྗེ་མེད་པའི་གྱེ་ཁོད་དང་མུ་ཐུར་ནི་གསོལ། ཞང་ཞུང་གི་ཆོས་ལུགས་རྣམ་པ་བཞིར་བོན་ཤིད་བཏང་བས། ཞང་ཞུང་གི་རྒྱལ་སྲིད་བརླག་ནས། འཁར་རྩེ་མཐོ་དང་། རྒོད་ལྟའི་ལསྭོ་པ་སྤུ་རྒྱལ་གྱི་མངའ་རིས་སུ་འདུས་པ་ལགས་སོ། ༽ཡང་༼་དེ་ཙམ་དུ་ཉེས་པ་ཆེ་བའི་རྒྱུ་མཚན་གྱི་ཤིད་བོན་ལུགས་སུ་བྱར་མི་བཏུབ་པ་འདྲ་འོ། ༽ཞེས་དང་དེའི་འཇུག་གི་ཤོག་ངོས་༥༨་ལས། ༼་དེའི་གཏད་ཡར་དང་གྲི་འདུར་ལསྭོ་པ་རྣམས། མདོ་སྡེའི་ཁུངས་དང་སྦྱར་ནས་མཛད། དུས་དེ་ནས་ཤིད་ཐམས་ཅད་ཆོས་ལུགས་སུ་བྱེད་པ་པ་བྱུང་སྟེ། དེ་ཡང་བོན་ལུགས་གླེན་དག་ནོར་ལོངས་སྤྱོད་མང་པོ་གཏེར་དུ་སྦེད་པ་ཡོད་སྐད། དེ་ནི་གོད་ཆེ་ལ་ཕན་ཆུང་བར་དགོངས་༽ཞེས་དང་ཡང་ཤོག་ངོས་༧༨་ལས། ༼་ཡང་རྒྱལ་པོའི་ཞང་ཞུང་ཡུལ་གྱི་དཀོར་གཉན་པ་ཡོད་པ་བླངས་ཏེ། དཀོར་མཛོད་དུ་བླུག་པའི་ཕོ་མང་དུ་བཏང་པ་ལས། སྔ་ཕྱི་གཅིག་ཀྱང་མ་ལོག་པས། རྒྱུ་ཕྲུག་༼་སྦ་སང་ཤི་ལ་ཟེར།༽འདི་བཏང་ན་ལོན་འོང་ཟེར་ནས་དཀོར་བླུག་པའི་ཕོ་ཉར་བཏང་བལས། ལམ་དུ་ཞང་ཞུང་གི་ལྷ་མོ་མུ་ཙ་ལེན་དང་མཇལ། ༽ཞེས་འཁོད་པ་སོགས་ལ་གཞིག་དང་།༼ ལྷ་སྙིང་རྗེ་མེད་པའི་གྱེ་ཁོད་དང་མུ་ཐུར་ནི་གསོལ། ཞང་ཞུང་གི་ཆོས་ལུགས་རྣམ་པ་བཞིར་བོན་ཤིད་བཏང་༽ཞང་ཞུང་ལ་ཆོས་ལུགས་རྣམ་པ་བཞི་ཡོད་པར་བཤད་ཡོད། དེ་དག་ནི་ཁྱབ་ཆེ་ས་ནས་ཕྱེས་ན། དང་པོ་རྒྱུ་བོན་ལ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མེད་པའི། རྒྱུ་བོན་རིགས་བཞི་ཞེས། སྲིད་པ་རྒྱུད་ཀྱི་བོན་སྡེ་དང་ཆ་མཐུན་པའི་ལུགས་དང་།། གཉིས་པ་ལ་འབྲས་བུའི་བོན་སྡེ་ལ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བཞུགས་པའི། ཕྱི་ལྟར་འདུལ་བ་མདོ་ལུགས་དང་། ནང་ལྟར་གསང་བ་སྔགས་ལུགས། གསང་བ་སེམས་དོན་རྫོགས་ཆེན་ལུགས་བཅས་བཞིའོ། སྔགས་ལ་དབྱེ་ནའང་བཞི་སྟེ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བཞུགས་པའི། སྤྱི་སྤུངས་བོན་སྐོར་དང་། མ་རྒྱུད་བོན་སྐོར། གེ་ཁོད་དང་མེ་རིའི་བོན་སྐོར། ཕུར་པའི་བོན་སྐོར་བཅས་བཞི་ཡང་སྐབས་དེའི་སྔོན་དུ་ཞང་བོད་ལྗོངས་སུ་དར་ཆེ་ཤོས་ས་གྱུར། དེ་དག་ལས་མང་ཆེ་ཤོས་ཁྲི་སྲོང་སྐབས་ནུབ་པ་དང་། འགའ་ཤས་སྐབས་དེར་བོན་གཤེན་ཚོས། དཀའ་བ་སྲོག་དང་བསྡོས་ནས་ སྦས་སྐུང་བྱས་ཏེ། གོང་མའི་འོག་མར་རིམ་བཞིན་རྒྱུད་སྤྲོད་བྱས་ནས། དུས་ད་ལྟའི་བར་མ་ནུབ་པར་བཞུགས་ཡོད་ལ། འགའ་ཤས་སྦས་སྐུང་མ་ཐུབ་པར་གཏེར་དུ་སྦས་ནས། ཕྱིས་གཏེར་སྟོན་ཚོས་གཏེར་ནས་གདན་དྲོངས་ནས་དར་བའོ། སྟོན་པ་གཤེན་རབ་ནས་དུས་ད་ལྟའི་བར། གཏེར་དུ་མ་སོང་བར་དར་བའི་བོན་ནི། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བཞུགས་པའི། མདོ་སྡེ་ལ་འདུལ་བ་རྒྱུད་དྲུག་ སྔགས་སྡེ་ལ་གེ་ཁོད་མེ་རིའི་རྒྱུད་གཞུང་གཉིས། རམ་པ་རོལ་པ་འབུམ་པ་གསུམ། སེམས་སྡེ་ལ། རྫོགས་ཆེན་བཀའ་རྒྱུད་སྐོར་བཞི་སོགས་སོ། གཏེར་དུ་མ་སོང་བའི་མེ་རི་སྔགས་སེམས་གཉིས་སོགས་ཀྱི་བོན་སྡེའི་དེ་དག་ཉམས་སུ་བླངས་ནས། གྲུབ་པ་ཐོབ་སྟེ། འཇའ་ལུས་འཕོ་ཆེན་སྐུར་གྲུབ་ནས། ཟག་བཅས་ཀྱི་ཕུང་པོ་འོད་དུ་དེངས་པའི། འཇའ་ལུས་འཕོ་ཆེན་ཉེར་དྲུག་སོགས། བླ་རྒྱུད་བོན་གཤེན་རིག་འཛིན་རིམ་བྱོན་རྣམས་ཀྱི། རྣམ་ཐར་དང་ལོ་རྒྱུས་ཁག་ལས། ལོ་སྟོང་ཕྲག་གཉིས་གསུམ་ཙམ་ཀྱི་ནང་དུ། སྔ་རྗེས་སུ་བྱོན་པའི་བོན་གཤེན་རིག་འཛིན་མང་ཆེ་ཤོས་རྣམས་ཀྱི། ་བཞུགས་པའི་ས་གནས་ད་ལྟའང་ངོས་འཛིན་དུ་ཡོད་ལ། སྐབས་དེ་དུས་སྒྲུབ་གནས་ཀྱི་ས་མིང་རྣམས། ས་གནས་དེ་གའི་མིས་དུས་ད་ལྟ་ཡང་འབོད་སྲོལ་རང་འཇགས་སུ། ལུས་བསྡད་པ་ཡང་མང་པོ་ཡོད། རྦ་བཞེད་ཁག་ལས་གསལ་བའི། ཞང་ཞུང་གི་ལྷ་གྱེ་ཁོད་དང་། ཞང་ཞུང་གི་ལྷ་མོ་མུ་ཙ་མེད་སོགས་ནི། ཞང་སྐད་ཡིན་ཞིང་། གྱེ་ཁོད་དམ། གེ་ཁོད་ནི། ༼གེ་༽ནི་བདུད་དང་༼་ཁོད་༽་ནི་འདུལ་ཟེར་བའི་བོད་སྐད་དུ་ཞང་ཞུང་གི་ལྷ། བདུད་འདུལ་དུ་གོ་དོན་ཡོད། མུ་ཙ་མེད་ནི། ༼་མུ་༽ནི་ནམ་མཁའ། ༼ཙ་མེད་༽ནི་བུད་མེད་ཅེས་ཟེར་བའི། བོད་སྐད་དུ་ཞང་ཞུང་གི་ལྷ་མོ་ནམ་མཁའི་བུད་མེད་དུ་གོ་དོན་ཡོད། ལྷ་ཡབ་ཡུམ་དེ་གཉིས་ཀྱི་སྒྲུབ་ཐབས། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བཞུགས་པའི། ཞང་ཞུང་གེ་ཁོད་མེ་རི་རྒྱུད་གཞུང་དཔོད་འགའ་ཙམ་། གཡུང་དྲུང་བོན་གྱི་བཀའ་འགྱུར་དང་རྟེན་འགྱུར་གྲས་སུ། ད་ལྟའང་བཞུགས་ཡོད་ལ། ད་དུང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བཞུགས་ཡོད་པའི། ཞང་ཞུང་གི་རྫོགས་ཆེན་བཀའ་རྒྱུད་སྐོར་བཞི་དང་། ཉམས་རྒྱུད་རྒྱས་འབྲིང་སྐྱ་གུ་སྨུག་གུ་སོགས། བཀའ་འགྱུར་གྲས་སུ་བཞུགས་ཡོད་ལ། སྔགས་སེམས་ཀྱི་བོན་དེ་དག་ལ་རྟེན་ནས། ཞང་བོད་ལྗོངས་སུ་གྲུབ་པ་ཐོབ་སྟེ། འཇའ་ལུས་སུ་གཤེགས་པ་གྲངས་ཀྱི་མི་ལང་པ་དུས་ད་ལྟའི་བར་དུ་བྱོན་པའི་རྣམ་ཐར་ལོ་རྒྱུས། སྟོན་པ་གཤེན་རབ་ནས་ད་ལྟ་བར་བཤད་རྒྱུ་ཡོད་དོ། ཞུ་འོད་རྒྱས་པའི་ཟླ་དགོན་རི་ཁྲོད་དུ། ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་བྲིས་ཏེ། ཚེས་༢༥་ཉིན་འཇུག་རྫོགས་པར་བྲིས་སོ། ཞུ་དག་སོགས་རྗེས་སུ་བྱེད་འཆར་ལགས།
- ཟིན་ཐོ་གོང་མ།བླ་ཡིད་སེམས་གསུམ་ངོས་འཛིན་ཞལ་རྒྱུད།
- ཟིན་ཐོ་འོག་མ།བོད་དཔེ་བཀའ་གཏེར་སྙན་གསུམ།