སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བླ་ཡིད་སེམས་གསུམ་ངོས་འཛིན་ཞལ་རྒྱུད། | 2017/12/6 14:02:00
དེ་ཡང་དྲ་གྲོགས་ཟླ་སྲས་འོད་དཀར་ལགས་ཀྱི་དྲི་བས་རྐྱེན་སྐུལ་པ་ལྟར། བླ་ཡིད་སེམས་གསུམ་ངོས་འཛིན་ཕ་རྒན་དམ་པའི་ཞལ་རྒྱུན་ལ། རང་གི་གོ་བས་ལྷན་པ་བཏབས་ཏེ་ཉུང་ཙམ་འགོད་པ་ལ། 
བླ་ཚེ་སྲོག་གསུམ་ཞེས་འབོད་དུས། སྲོག་ཅེས་པ་ནི་ལུས་ཀྱི་རྩ་སྤྱི་དང་ཁྱད་པར་སྙིང་གི་རྩ་ལ་ངོས་འཛིན་ནོ།། བླ་ནི་རང་གི་ཚེ་རབས་ནས་ད་ལྟའི་བར་དུ།། ལས་བཟང་ངན་གང་བསགས་པས་བག་ཆགས་དང་འབྲེལ་ཞིང་། དེའི་ནུས་སྟོབས་ཀྱི་དབང་གིས་འཕེལ་འགྲིབ་བྱེད་པ།། དབང་ཤེས་ཀྱི་ཡུལ་ལས་འདས་པའི་ཐིག་ལེའི་དྭངས་མ་ཞིག་སྟེ། དེ་ལ་དབྱེ་ན་ངོ་བོ་མི་གཅིག་ཀྱང་རྣམ་པ་ཆ་འདྲ་བ་འགའ་ཙམ་ཡོད་པར་སྣང་སྟེ། ཚེ། གཡང་། བསོད་ནམ། བླ་བཅས་སོ། ཚེ་ལ་ངོས་འཛིན་ཚུལ་གཉིས་ཏེ། དང་པོ་ཚེ་ཞེས་པ་དུས་ཚོད་ལ་ངོས་བཟུང་བ་སྟེ། དེའི་ཚེ་དེའི་དུས་ན་ཞེས་དང་། ཚེ་ཟད་པ་ནི། གང་ཟག་དེ་ཉིད་ཀྱི་བསགས་པས། བསོད་ནམ་མམ། བླ་ཡིད་སེམས་གསུམ་གནས་ས་འབྱུང་འདུས་ཕུང་པོ་དང་འབྲེལ་ལ། ཡིད་སེམས་གཉིས་ཀྱི་རྟེན་ནམ་ལོངས་སུ་སྤྱོད་བྱ། བླ་དེ་ཉིད་གནས་སྐབས་ཕུང་པོ་དང་འབྲེལ་བྱེད་ཟད་པར་སེམས་སོ།། ཚེ་རིང་ཐུང་ནི་འཚོགས་པ་དེ་དག་གནས་པའི་ཡུན་རིང་ཐུང་ལ་འབོད་དོ།། གཉིས་པ་ཚེ་ཞེས་པ་བླ་དང་བསོད་ནམ་གཉིས་དང་རགས་པའི་ཆ་ནས་ངོ་བོ་གཅིག་སྟེ། ཚེ་རབས་ནས། ལས་བཟང་ངན་གང་བསགས་པས། བག་ཆགས་ཀྱི་ནུས་སྟོབས་ཀྱི་འཕེལ་འགྲིབ་བྱེད་པས། དྭངས་མའི་ཐིག་ལེ་དེར། བསོད་ནམ་ཞེས་ཟེར་ལ། དེ་བཞིན་ཚེ་འདིར་ཡང་།རང་གཞན་སེམས་ཅན་ཐམས་ཅད་ཡང་དག་ཐར་པའི་ལམ་ལ་འཁོད་པ་དང་། སྐུ་གསུམ་སངས་རྒྱས་ཐོབ་པར་དམིགས་ཏེ། དཀར་པོ་དགེ་བའི་ལས། ཆེ་ཆུང་གང་བསགས་ཀྱང་། དེའི་དགེ་བའི་ནུས་སྟོབས་ཀྱིས། རང་གཞན་ཐར་པ་ཐོབ་པའི་རྒྱུ་རུ་གྱུར་པའི་མ་ཚད། ཞོར་དུ་ཚེ་བསོད་དམ་བླ་དཔལ་ཡང་། ཡུན་རིང་ལ་གོང་འཕེལ་དང་ཇེ་ཆེར་འགྲོ་བ་ཡིན། དཔེར་ན། ལུས་ཀྱིས། ཕྱག་བསྐོར་སྒྲིབ་སྦྱོང། ངག་གིས་སྙིང་པོ་བཟླས་བརྗོད། ཡིད་ཀྱིས། རབ་ལ་སྟོང་ཉིད་སྒོམ་པ། འབྲིང་བསྐྱེད་རིམ། ཐ་མས་གཞན་ཕན་བསམ་བཟང་བྱེད་པ་དང་།། དེ་བཞིན་སྡིག་བཅུ་སྤངས་ནས། དགེ་བཅུ་སྒྲུབ་པ་དང་། ཡར་དཀོན་མཆོག་ལ་མཆོད་པ། མར་སྤྲང་པོ་དང་དབུལ་པོ་ནད་པ་སོགས། ངན་སློང་ལ་སྦྱིན་པ། སེམས་ཅན་ལ་གནོད་འཚེ་སྤངས་ནས་སྲོག་སྐྱོབ་པ། ས་ཙྪ། ཆུ་གཏོར། ཀླུང་རྟ། བསང་གསོལ། དེ་བཞིན་མདོ་ལྟར་ཕར་ཕྱིན་བཅུ་ལ་བསླབ་པ། སྔགས་ལྟར་བསྐྱེད་རྫོགས་རིམ་གཉིས་ལ་བསླབ་པ། རྫོགས་ཆེན་ལྟར་ལྟ་སྒོམ་སྤྱོད་གསུམ་ལ་བསླབ་པ་སོགས། མདོར་ན་དཀར་པོ་དགེ་བའི་ལས་གང་བསགས་པས་འབྲས་བུས། རང་གཞན་སེམས་ཅན་ཐམས་ཅད་ཐར་པ་ཐོབ་པས། རྒྱུར་འགྱུར་བའི་མ་ཚད། གང་ཟག་དེ་ཚེ་ཚད་མ་རྫོགས་པར། བླ་ཚེ་བརྟན་ཞིང་བླ་བྱིན་ཆེ་བར་གྱུར་ཏོ། དེ་བཞིན་ནག་པོ་སྡིག་པའི་ལས་བསགས་ན། དེ་ལས་ལྡོག་པའོ།། དེ་ཡང་མི་དེར་བླ་འམ་བསོད་ནམ་མཐོ་བའི་རྟགས་ལ། ལས་གང་བརྩམས་ཀྱང་འགལ་རྐྱེན་ཉུང་ཞིང་མཐུན་རྐྱེན་མང་བ་དང་། མི་དམངས་དབུས་སུ་གཟི་བརྗིད་ཆེ་བས། ཁས་དྲག་ཅིང་ངོ་སོ་ཆེ་བ་དང་། དབང་ཐང་མཐོ་བས་གཞན་གྱི་སྣང་བ་ཟིལ་གྱིས་ནོན་པ་སོགས་ཡོད་དོ། བསོད་ནམ་ཞེས་པ་སྐབས་འགར་དགེ་བའི་ལས་ལ་འབོད་སྲོལ་ཡོད་ཅིང་ཚོགས་བསོད་ནམ་བསགས་པ། ཞེས་དང་། ཡང་བླ་དང་ཆ་འདྲ་བའི་དྭངས་མའི་ཐིག་ལེ་དེ་འདྲ་རྒྱུ་ནོར་ལ་བསྟིམས་སྐབས། གཡང་ཞེས་འབོད་ཅིང་། དེ་འགྲིབ་པའམ་བྲི་བ་མེད་པའི་ཕྱིར་དུ་གཡང་འབོད་བྱེད་སྲོལ་དང་དེའང་འབྱུང་ལྔའི་དྭངས་མ་འགུགས་པ་དང་། དེ་མིན་བསོད་ནམ་ཆེ་བ་ལྷ་ཀླུ་མི་དག་གི་གཡང་ངམ་བསོད་ནམ་ཚུར་འཕྲོགས་ནས། རང་དང་ཡོན་བདག་གི་ལུས་ལ་ཐིམ་པར་དམིགས་ན་བླ་ཚེ་རྟེན་ཞིང་འཕེལ་བར་འདོད་ལ། རང་དང་ཡོན་བདག་གི་རྒྱུ་ཟས་ནོར་རྫས་དང་དཔལ་འབྱོར་ལོངས་སྤྱོད་ལ་ཐིམ་པར་དམིགས་ན། གཡང་འཁོར་ཞིང་བསོད་ནམ་འཕེལ་བར་འདོད་ཅིང་། གཡང་འཁོར་ཞིང་བསོད་ནམ་འཕེལ་ན། རྒྱུ་ཟས་ནོར་རྫས་དང་དཔལ་འབྱོར་ལོངས་སྤྱོད་རྣམས། སྟོར་བརླགས་དང་གོད་ཆགས། འགྲིབ་པ་མི་འབྱུང་བར་འདོད། དེ་ལས་དམིགས་བསལ་གཡང་འཁོར་སའི་རྟེན། ནོར་རྫས་འགའ་ཤས་འཛུགས་ནས། དེར་གཡང་འཁོར་བར་འདོད་ཅིང་དེ་དག་སྟོར་བརླགས་ཤི་གོད་སོང་ན་ནོར་གཡང་ཉམས་པར་འདོད་ལ། མི་ཡི་བླ་ཚེ་འཁོར་སའི་རྟེན་འགའ་ཞིག་འཛུགས་ནས། དེ་དག་ལ་བླ་ཚེ་གནས་པར་འདོད་ཅིང་། དེ་དག་སྟོར་བརླགས་དང་ཞིག་རལ་སོང་ན། མིའི་བླ་ཚེ་ཉམས་པར་འདོད་ལ། དེ་དག་ལ་དེ་ལྟ་བུའི་སེམས་ཀྱི་འདུ་ཤེས་ཡུན་རིང་བཟུངས་དྲག་པས། བག་ཆགས་ཀྱི་མཐུ་ལས། ཕན་གནོད་ཀྱི་ནུས་པ་ཡང་གང་ལ་གང་འཚམས་འབྱུང་བར་སེམས་སོ།། ཚེ་ཞེས་པ་ནི་མི་གསོན་པོའི་གནས་སྐབས་སུ། བླ་དེར་འབོད་སྲོལ་གྱི་མིང་གཞན་ཞིག་ཡིན་པར་སེམས་ལ། དེ་ཟད་པའམ་འགྲིབ་པ་མེད་པར་ཡུན་རིང་བརྟན་པས་ཐབས་ལ། བླ་འགུགས་ཚེ་འགུགས་དང་ཚེ་བཀྲགས་གསོ་བ་སོགས་ཀྱི་བོན་ཡོད་དོ།། དེའི་རྣམ་པ་ནི། ཚེ་སྒྲུབ་སོགས་ཀྱི་གཞུང་ལས། ཡི་གེ་རྣི་ཡི་རྣམ་པ་ཅན་དང་། ཐིག་ལེ་དཀར་ལ་འཚེར་བ། དམར་ལ་གདང་པ་སྣམ་ལ་འདྲིལ་བ་སོགས་ཡོད་པར་གསུངས་ལ། ཐིག་ལེ་དེ་ཉིད་གང་ཟག་ཞིག་སྐྱེས་དུས་ནས་ལྷན་སྐྱེས་སུ་གྲུབ་པས། མི་དེ་མ་ཤི་བར་རྩ་བ་ནས་མེད་པར་མི་འགྲོ་ནའང་། རྒྱུ་རྐྱེན་རྟེན་འབྲེལ་དུ་མ་ལ་རྟེན་ནས། ཆེ་ཆུང་དང་བྲི་གང་འགྲོ་རྒྱུ་ཡོད་པ་ཞིག་ཡོད་པར་སེམས་སོ།། བྱེད་ལས་ནི། གསོན་ཚེ་སེམས་ཡིད་གཉིས་གནས་སའི་རྟེན་དང་ལོངས་སྤྱོད་ལྟ་བུའང་ཡིན་ལ། ལས་བཟང་ངན་གྱི་བགས་ཆགས་ཀྱི་ནུས་པ་ལས། ལུས་སེམས་ལ། བླ་བྱིན་ནམ་བཀྲགས་མདངས་དང་། གཟི་བརྗིད་མཐོ་དམན་སོགས་བྱེད་དོ།། སྡིག་པའི་ལས་ངན་བསགས་དྲག་ན་ཡང་། དེའི་བག་ཆགས་ཀྱི་མཐུ་བརྟས་པས། ངམ་ནག་པ་ཞེས་སུ་འབོད་པས་བླ་བྱིན་ཞིག་ཡོད་པར་བཤད་སྲོལ་ཡོད། སྡོམ་པ་གསུམ་གང་རུང་གི་དམ་ཚིག་ཉམས་པ་དང་། དེ་མིན་གྱི་ཁས་བླང་ཆགས་པའམ། སྡིག་པའི་ལས་ངན་བསགས་པས། བག་ཆགས་ལས་ཚེ་རབས་ཀུན་ཏུ། བླ་བྱིན་ཆུང་ཞིང་བསོད་ནམ་དམན་པའོ། གནས་ས་ནི་གཙོ་ཆེར་ལུས་ཁམས་ཀྱི་རྩ་གསུམ་འཁོར་ལོ་ལྔ་སོགས་ཀྱི་རྩ་ནང་ལ། རྟེན་བཅའ་ཞིང་།། སྐབས་རེ་ལུས་ཁམས་ཀྱི་རྩ་ཀུན་གྱི་ནང་དུ། རླུང་དང་ལྷན་དུ་རྒྱུ་ཞིང་གནས་པར་བཤད་དོ།། བླ་དེ་ཡལ་བ་དང་འཁྱམས་པ། ལྷ་འདྲེས་རྐུ་འཕྲོགས་སོགས་བྱེད་དུ་ཡོད་པར་བཤད་ཅིང་། དེ་ནི་དྭངས་མའི་ཐིག་ལེ་དེ་དག་རྐྱེན་འགའ་ཞིག་ལ་རྟེན་ནས་ཡལ་བ་དང་། བགས་ཆགས་སམ་འཁྲི་ཞེན་དང་སྡོང་ནས་འཁྱམས་པ། ལྷ་འདྲེས་རྐུན་པ་འཕྲོགས་པ་སོགས་བྱས་པ། རྟགས་མཚན་འགའ་ཞིག་ལ་རྟེན་ནས་ངོས་ཟིན་པ་དང་། ཚབ་ཆུང་བར་བླ་འགུགས་དང་ཚེ་འགུགས། བླ་བསླུ་སོགས་ཀྱི་བོན་བྱས་ན་ཕན་པའོ།། དེ་ལས་ད་རུང་གཅིག་ལ་གཅིག་རྟེན་གྱི། འབྲེལ་བ་ཆགས་པའི་བླ་ཡིད་སེམས་གསུམ་ཞེས་པ་ཞིག་ངོས་འཛིན་དུ་ཡོད་ཅིང་། སེམས་ཞེས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཞེས། གསོན་ཚེ་མིའི་ལུས་པོའི་གནས་ཀུན་དང་ཁྱད་པར་སྙིང་ནང་ལ་གཙོ་བོར་གནས་ཤིང་། ཡིད་ལ་ཞོན། བླ་ལ་རྟེན་པས་རྣམ་ཤེས་ལ་ངོས་བཟུང་བ་དང་། ཡིད་ཞེས་པ་ནི། ཡིད་ཤེས་ཏེ། ངོ་བོ་ཕྲ་མོའི་རླུང་ལ་གྲུབ་པ། སེམས་ཀྱིས་ཡུལ་ལ་རྟོགས་དཔྱོད་ཀྱི་རྐྱེན་བྱེད་པ་ཞིག་གོ། བླ་ཞེས་པ་ནི། སེམས་ཀྱི་རྟེན་ས་དང་ལོངས་སྤྱོད་བྱ་ལྟ་བུ་དྭངས་མའི་ཐིག་ལེ་སྟེ། དཔེར་ན་མིའི་ལུས་ལྟ་བུ་ཞིག་གོ། ཡིད་ཞེས་པ་ནི། སེམས་ཀྱི་ཞོན་པ་ཕྲ་མོའི་རླུང་སྟེ། དཔེར་ན་མིའི་ཞོན་རྟ་ལྟ་བུ་ཞིག་གོ། སེམས་ཞེས་པ་ནི། བླ་ལ་རྟེན་ནས་དེའི་གཟི་དཔལ་ལ་ལོངས་སུ་སྤྱོད། ཡིད་ལ་ཞོན་ཏེ། ལུས་ཀུན་ལ་གནས་ཤིང་རྒྱུ་མཁན། དཔེར་ན་དབང་ཆེན་རྒྱལ་པོ་ལྟ་བུ་སྟེ། ཀུན་གཞིའི་རྣམ་ཤེས་སོ།། ཡང་དཔེེ་འགའ་ཤས་ལ། སེམས་ནི་གཙོ་བོ་མེ་ལྟ་བུ་དང་། ཡིད་ནི་མེ་འོད་ལྟ་བུ། བླ་ནི་དུ་བ་དང་འདྲ་ཞེས་སོ། མི་གང་ཞིག་ཚེ་འཕོས་དུས།། བླ་ཡིད་སེམས་གསུམ་གཅིག་ཏུ་འདུས་མ་ཐུབ་ན། ཐར་པ་ཐོབ་དུ་མེད་ཅིང་། དེ་བཞིན་སྐྱེ་བ་ལེན་དུ་མེད་པར། སེམས་ནི་སྔོན་འབྱུང་སྲིད་པའི་གཟུགས་ཅན་བར་དོར་འཁྱམས་ཤིང་། སྡུག་སྔལ་དང་འཇིག་སྐྲག་མྱོང་བ་དང་། ཡིད་ནི་གཏད་མེད་བྱ་སྒྲོ་རླུང་གི་ཁྱེར་བ་ལྟར་རང་དབང་དང་བྲལ། བླ་ནི་གཤེད་པོ་འདྲེ་ཡི་ཁྱེར་བ་དང་། སྐབས་རེ། དེ་ལས་ཐར་ཏེ་རང་དབང་ཡོད་དུས། ཡིད་དང་སྡོང་ནས་རྒྱུ་བ་དང་། ཚེ་སྔོན་མའི་བག་ཆགས་ཀྱི་རྗེས་སུ་འབྲེངས་ནས། གསོན་ཚེ་གར་སོང་གར་བསྡད་ས་རུ་འཁྱམས་ཤིང་། རང་གི་ཁང་ཁྱིམ་དང་ནོར་རྫས་ལ་བདག་ཏུ་འཛིན། དེ་དག་ལ་ཞེན་ཆགས་ཆེ་བའི་དབང་གིས། མི་གསོན་པོ་དག་གི་མིང་ནས་འབོད་པ་དང་དངོས་མེད་འོད་གཟུགས་སྟོན་ནས། གསོན་པོ་རྣམས་ལ་བདུད་དུ་འབེབས་ཤིང་གནོད་པར་བྱེད་དོ།། དེར་གསོན་པོ་རྣམས་ཀྱིས། དགེ་བས་སྟོབས་བསྐྱེད་དེ། ཤི་བོ་བླ་བདེ་བའི་དགེ་བ་བྱས་ན། གསོན་པོ་འདུག་བདེ་བར་འགྱུར་ཞེས་བཤད་སྲོལ་ལྟར། གནས་ལུགས་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་རྣལ་འབྱོར་པས། བླ་གཤེད་དང་ཕྲལ། ཡིད་ཡུལ་ནས་བཀུགས། སེམས་བར་དོ་ནས་དྲོངས་ཏེ། སྲིད་གཤེན་ཐེག་པ་ལྟར་ན། བར་ས་བདེ་ལ་བཀོད་དགོས་ཤིང་། མདོ་ལྟར་ན་འོག་མིན་དགའ་ལྡན་གནས་སུ་སྤར། སྔགས་ལྟར་ན། ཡི་དམ་ཀུན་བཟང་གི་ཐུགས་ཀར་བསྟིམས་པ་དང་། རྫོགས་ཆེན་ལྟར་ན་དབྱིངས་རིག་བསྲེ་དགོས། དེ་ཡང་ཐེག་པ་སོ་སོའི་དགོངས་བཞེད་བཞིན། ཟ་འདྲེ་ཤི་གཤེད་ཀྱི་རྣམ་ཤེས་དང་ཚེ་འདས་ཀྱི་རྣམ་ཤེས་གཉིས་ཀའི་བླ་ཡིད་སེམས་གསུམ་སྤར་ལུགས་མི་འདྲ་བ་ཡོད་ཀྱང་། སྔགས་ལྟར་ན། བླ་ཡི་ངོ་བོ་ཐིག་ལེ་དཀར་པོ་སྲན་ཆུང་ཙམ་གཅིག་བསྐྱེད། ཐིག་ལེ་དེའི་དཀྱིལ་དུ་ཚེ་འདས་དང་ཤི་གཤེད་ཀྱི་རྣམ་ཤེས་སམ། སེམས་ཀྱི་ངོ་བོ་ཨ་སེར་པོའི་ཚོན་པ་ཞིག་བསྐྱེད། ཡིད་ཀྱི་ངོ་བོ་ཐིག་ལེ་དེ། ཡར་འདིགས་བྱེད་ཀྱི་ཕྲ་མོའི་རླུང་ཞིག་བསྐྱེད། སྤར་དུས་ཀུན་བཟང་ཐུགས་དང་དབྱེར་མེད་འདྲེས་པར་བསྐྱེད་ནས་དར་ཙམ། གནས་ལུགས་ཀྱི་ངང་ལ་དམིགས་མེད་དུ་བཞག་གོ། །། དྲ་གྲོགས་ཤིག་གིས་དྲི་བས་རྐྱེན་བསྐུལ་ཏེ། ཞུ་འོད་རྒྱས་པས། ཟླ་དགོན་རི་ཁྲོད་དུ་ཕྱི་ལོ་༢༠༡༧༑ལོའི་ཟླ་༡༡༑ཚེས་༦༑ཉིན་བྲིས་པས། རང་གཞུང་དང་མ་མཐུན་པ་དང་། བླ་མ་གོང་མའི་དགོངས་བཞེད་དང་མགལ་བ་གང་མཆིས་པ་ཐམས་ཅད་བཤགས་ཤིང་། དགེ་བ་གང་མཆིས་སངས་རྒྱས་བསྟན་པ་རྒྱས་པའི་རྒྱུ་དང་། སེམས་ཅན་ཐར་པར་དྲོངས་པས་རྐྱེན་དུ་གྱུར་པར་སྨོན་ནོ། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.