སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལོ་ངོ་སྟོང་ལ་ཉེ་བའི་ལོ་ཐོ་ཞིག་རྙེད། | 2016/10/10 12:39:00
ལོ་ངོ་སྟོང་ལ་ཉེ་བའི་ལོ་ཐོ་ཞིག་རྙེད། ལི་ཐོའི་ཤེས་བྱ་རབ་གསལ་ལས། བོད་ཀྱི་ལོ་ཐོ་འཕེལ་རྒྱས་བྱུང་ཚུལ་སྐོར་ངོ་སྤྲོད། ལི་ཐོའི་ཤེས་བྱ་རབ་གསལ། རྩོམ་པ་མོ། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི། བོད་རིག་པའི་ཚན་ཁག་གི་དགེ་རྒན་ཚེ་དབང་ལྷ་མོས་ཕྱི་ལོ་༡༩༩༤་ལོར་བརྩམས། སུ་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས། ༡༩༩༤ལོར་པར་དུ་བསྐྲུན་པ་ལས། ལེའུ་དང་པོའི་ནང་། བོད་ཀྱི་རྩིས་རིག་ལོ་ཐོ་འཕེལ་རྒྱས་བྱུང་ཚུལ་ལ། ལུང་རིག་མང་པོས་རྒྱས་སྤྲོས་མ་བྱས་ཤིང་། གོ་སླ་བའི་ངག་ཏུ་བཀོད་པ་སྟེ། དུས་འཁོར་གྱི་གཞུང་བོད་དུ་མ་འགྱུར་བའི་གོང་དུ། མནའ་བོའི་དུས་སུ། འབྱུང་རྩིས་རིག་པ་ཁོ་ན་ལ་བརྟེན་ནས་ཟླ་ལྷག་དང་ཞག་མ་ཆད་ལྷག་མེད་པའི་ལོ་ཐོ་བཟོ་བའི་ལུགས་སྲོལ་དེ། བོན་གྱི་དུས་ནས་དར་ཚུལ་ཁུངས་དང་ལྡན་པར་བཤད་འདུག། དེབ་དེའི་ཤོག་གྲངས་༡་ལས། ༼་་གཅིག་མནའ་བོའི་བོད་ཀྱི་ལོ་ཐོ་བརྩི་ཚུལ། བོད་ཀྱི་རྩིས་རིག་ནི། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་ལྡན་པ་ཞིག་ཡིན་ལ། རིག་པ་འདི་ནི། གདོད་མའི་བསམ་བློའི་རྨང་གཞིའི་སྟེང་གསར་གཏོད་བྱུང་ཞིང་། བོན་གྱི་ཆོས་དང་རིག་གནས་ཀྱི་ཁྲོད་དར་རྒྱས་བྱུང་ཡོད་པ་དང་། རྗེས་སུ་རྒྱ་གར་དང་། རྒྱ་ནག །བལ་ཡུལ་སོགས་མི་རིགས་མང་པོ་ཞིག་གི ། སྙིང་བཅུད་བསྡུས་ནས་ཡར་རྒྱས་བྱུང་བ་ལ། དེང་དུས་ཚན་རིག་དང་མཐུན་པའི། བོད་ཀྱི་རྩིས་རིག་ཅེས་པ་འདི་ཆགས་པ་རེད། ཆེས་གནའ་བོའི་དུས་སུ་གནམ་གྱི་སྐར་མ་ལ་བརྟགས་པ། བར་སྣང་གི་སྤྲིན་དང་རླུང་ལ་བརྟགས་པ། ས་གཞི་ན་བྱ་དང་ཤིང་ལ་བརྟགས་པ། མཚོ་དང་ཆབ་རོམ་ལ་བརྟགས་པ་སོགས། དུས་རྟགས་ཀྱི་རྩིས་རིགས་སྣ་ཚོགས་ཀྱི་ཉམས་མྱོང་གི་སྒོ་ནས། འཚོལ་སྡུད་བྱས་པ་དེ་དག་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ། ཉི་ཟླ་སྐར་གསུམ་འཁོར་འགྲོད་ཀྱི་ཆོས་ཉིད་ལ་འཚོལ་ཞིབ་དང་། འབྱུང་ཁམས་འཕྲོད་སྦྱོར་གྱི་དབང་གིས་གནམ་གཤིས་ཀྱི་འགྱུར་ལྡོག །སྐྱེ་དངོས་ཀྱི་ནུས་པ་བཅས་ལ་ཞིབ་འཇུག་བྱས་པས། རིག་གཞུང་རྣམས་རིམ་བཞིན་བྱུང་ཡོད། དེ་ལྟར་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི། རིག་གཞུང་གི་ཐོག་མ་དེ། དུས་ནམ་ཙམ་ཞིག་ན་བྱུང་ཡོད་པ། ལོ་རྒྱུས་ཀྱི་འཕོ་འགྱུར་ནང་དུ། གནའ་རབས་ཀྱི་དཔྱད་གཞིའི་དངོས་རྫས་རྣམས། བརླགས་ཟིན་སྟབས། དུས་ཚོད་གཏན་འཁེལ་བ་ཞིག་ཁ་ཚོན་བཅད་ནས། བཤད་དཀའ་ནའང་། ལོ་ངོ་སྟོང་ཕྲག་གསུམ་བཞི་ཙམ་གྱི་གོང་ན། བོད་ཀྱི་ཡུལ་འདིར་བོན་ལུགས་ཀྱི་རིག་གནས་ནང་དུ། ལོ་ཟླ་ཞག་དུས་དང་། འབྱུང་ཁམས་སྤར་སྨེ་སོགས། བརྩི་བའི་སྲོལ་ཡོད་པ། བོན་ལུགས་ཀྱི་རིག་གཞུང་ཁག་ན། གསལ་ཞིང་། ལྷག་པར་དུ་ད་ནས་བརྩིས་པའི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་ཞིག་གི་གོང་ན། ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་དེང་དུས། མངའ་རིས་པུ་རངས་ཀྱི་ཡུལ་དུ། བོན་ཀྱི་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པའི་དུས་དེར། ལོ་ཁམས་དང་འབྱུང་ཁམས། སྤར་སྨེ་བཅས། ཡོངས་གྲགས་སུ་བརྩི་་སྲོལ་ཡོད་པ། མདོ་གཟེར་མིག་དང་། སྨན་འབུམ་དཀར་ནག་སོགས་ལས་གསལ། གཞན་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་གྲགས་པའི། བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ནང། སྐོར་ཤེས་རྩིས་མཁན་ཞེས། རྩིས་ཀྱི་རིག་པ་ལག་ལེན་བྱེད་མཁན་བྱུང་ཡོད་པ་དང་། ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ཙམ་གྱི་ནང་དུ་རྒྱལ་པོ་གྲི་གུམ་བཙན་པོས། བློན་པོ་ལོ་ངམ་དང་འཐབ་སྐབས། བློན་པོ་ལོ་ངམ་གྱིས། སྐར་མ་ས་རི་དང་ས་ག་རླུང་སྐར་ཡིན་སྟབས། རླུང་འཚུབས་ཆེན་པོ་ལངས་པ་ཤེས་ནས། ས་རི་དང་ས་ག་ལ་འཐབ་དུས་བཏབ་པ་སོགས་གྱི་ལོ་རྒྱུས། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས། བན་བོན་གཉིས་ཀའི་ལོ་རྒྱུས། དེབ་ཐེར་ཁག་ལ་གསལ་བར་བཤད་ཡོད་པ་འདི་དག་རེད། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་འུ་ཤིན་ཀོང་ཇོ་ཁབ་ཏུ་བསུ་བའི་སྐབས་སུ། རྒྱ་ནག་གི་རྩིས་དཔེ་ཁག་གཅིག་བསྣམས་ནས་ཕེབས་ཡོད་པ། དེ་དག་བོད་སྐད་དུ་བསྒྱུར། ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ། རྒྱ་བཟའ་གྱིམ་ཤིང་ཀོང་ཇོས། རྒྱ་ནག་ལུགས་ཀྱི་སྨན་རྩིས་ཀྱི་གཞུང་འགའ་ཞིག་བསྣམས་ཡོང་བ། དེ་དག་བོད་སྐད་དུ་བསྒྱུར་བས། བོད་ཀྱི་སྨན་རྩི་ས་ཀྱི་གཞུང་ལུགས། ཡར་རྒྱས་འགྲོ་བའི་མཐུན་རྐྱེན་དུ་བྱུང་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ། རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན། དུ་ཧར་ནག་པོ་བོད་དུ་ཐེངས་འགའ་ཕེབས། སྔ་རབས་བོད་ཀྱི་བརྩི་སྲོལ་གྱི་སྟེང་། རྒྱ་ནག་ལུགས་ཀྱི་ཧང་ལེ་བརྩི་བའི་དར་སྲོལ་ཡང་ཆགས། ལོ་ཆེན་བེེ་རོ་ཙ་ནས། རྒྱ་གར་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བསྒྱུར། གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོ་༧༦༢་ལོར། ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་གཙུགས་ནས། སྨན་རྩིས་རབ་འབྱམས་པ་མང་པོ་གསོ་སྐྱོང་གནང་བ་དང་། སྐར་རྩིས་རི་བོ་རྡུལ་འབེབས། ནག་རྩིས་འཁོར་འདས་གཏན་འབེབས། སོགས་རྩིས་གཞུང་འགའ་ཞིག་བརྩམས་པ་སོགས་ནི། གནའ་བོའི་དུས་སུ་ཐོག་མར་རྩིས་རིག་དར་རྒྱས་བྱུང་བའི་ལོ་ཞིག་ཡིན། འོན་ཀྱང་དེ་སྐབས་སུ་ལག་ལེན་བྱེད་ཡས་ཀྱི་ལོ་ཐོ་དེ། དེང་དུས་ཀྱི་ལོ་ཐོ་ནང་བཞིན་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཞིག་བྱུང་མེད་ཀྱང་། ཡི་གེ་ཤེས་མིན་ལ་མ་ལྟོས་པ། མི་མང་ཆེ་བས་བེད་སྤྱོད་བྱེད་ཆོག་པའི། ཁྱད་ཆོས་དང་ལྡན་པའི་ལོ་ཐོ་ཞིག་ཡོད་པ་མངོན། དཔེར་ན་གནའ་བོའི་དུས་སུ་རོ་བག་ཀེག་རྩིས་ཀྱི་སྐབས་སུ། ལོ་རྟགས་དངོས་དང་། བཟང་ངན་གྱི་འབྲས་བུ་རྣམས། ཡི་གེའི་ལམ་ནས་མ་བཀོད་པ། གོར་ཐིག་གི་གྲངས་དང་ཁ་དོག་ལ་བརྟགས་ནས་དབྱེ་བའི་སྲོལ་བྱུང་ཡོད་པ། དེ་དག་དགོན་རྙིང་ཁག་གི་ནང་དེང་སང་ཀྱང་། དེ་བཞིན་བརྩི་སྲོལ་ཡོད་པ་རེད། དེ་བཞིན་གནའ་བོའི་དུས་སུ་བོད་ཀྱི་ལོ་ཐོ་དེའང་གཟའ་དང་། སྐར་མ། དུས་ཚོད། ཉི་ཁམས། ཟླ་ཁམས་སོགས་དཔེ་རིས་སྣ་ཚོགས་ཀྱིས། མཚོན་པར་བྱེད་ཅིང་། འབྱུང་ཁམས་སོ་སོ་ཁ་དོག་མི་འདྲ་བ་རེས། མཚོན་པར་བྱེད་ཅིང་ཡོད་པ་གསལ་ཏེ། ཉེ་ལམ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས། ཁམས་རྨུ་གླིང་གི་ཡུལ་ནས། ལོ་ངོ་སྟོང་ཕྲག་ལ་ཉེ་བའི། ལོ་རྒྱུས་ལྡན་པའི། བོད་ཀྱི་ལོ་ཐོ་རྙིང་པ་ཞིག་པེ་ཅིན་དུ། ཁྱེར་ཡོང་རྗེས། གང་ཡིན་མ་ཤེས་པར། ཨ་མི་རི་ཀའི་མཁས་པ་ཆེན་པོ། མ་ཁོལ་ཟ་སོ་ལ། ཕུལ་ནས་ཞིབ་འཇུག་བྱེད་རྒྱུའི་རེ་བ་བྱས་པ། དེར་ང་ཚོས་ཤེས་རྟོགས་བྱུང་ཚོད་ལྟར། ངོ་སྤྲོད་ཞུ་བ། ལོ་ཐོ་འདི་ནི་ཆེས་གནའ་བོའི། ལུགས་རྙིང་ཞིག་ཡིན་སྟབས། ཁ་བྱང་དུ་སྐར་རྩིས་འཕྲུལ་གྱི་ལྡེའུ་མིག་ཅེས་པའི། བོད་ཡིག་ཁ་ཤས་དེ་ལས་གཞན་ཐམས་ཅད། དཔེ་རིས་མི་འདྲ་བ་སྣ་ཚོགས་པས། ལོ་ཟླ་དུས་ཚེས་གཟའ་སྐར། སོགས་མཚོན་པར་བྱས་འདུག །ཐོག་མ་དབུ་ལྡེབ་ངོས་སུ་འཇིག་རྟེན་སྲིད་པ་མཚོན་བྱེད། མ་ཧྰ་གསེར་གྱི་རུས་སྦལ། གན་རྐྱལ་དུ་གནས་པ་ཞིག་ལ། ཤར་དུ་ཤིང་ཁམས་མཚོན་བྱེད་ལྗོན་ཤིང་ལོ་མ། ལྷོར་མེ་ཁམས་མཚོན་བྱེད་མེ་ལྕེའི་རི་མོ། ནུབ་ལྕགས་ཁམས་མཚོན་བྱེད་མདེལ་གྱི་རྩེ་མོ། བྱང་ཆུ་ཁམས་མཚོན་བྱེད་ཆུའི་རི་མོ་བཅས་བཀོད་ཅིང་། དེའི་ཕྱོགས་སོ་སོ་ན། ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་བཀོད་ཡོད་པ་དང་། དེ་ལས་གནམ་ལོ་གང་ཡིན་མཚོན་བྱེད། གནམ་ལོ་གང་ཡིན་པའི་གཟུགས་བརྙན་དེ་ལ། འབྱུང་ཁམས་གང་ཡིན་པ། དེའི་ཁ་དོག་གི་ཚོན་བཏབ་ནས། གནམ་ལོ་གང་ཡིན་མཚོན་ཐུབ་པ་བྱས་འདུག །དེ་ནས་ཟླ་བ་རེ་ལ་ཞག་སུམ་ཅུ་རེ་བརྩིས་པའི་རེའུ་མིག་སུམ་ཅུ་བཅད་ཅིང་། དེའི་གོང་དུ་ཟླ་ཁམས་གང་ཡིན་མཚོན་བྱེད། ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས། རེ་རེ་བཞིན་བཀོད་ཡོད་པ་སྟེ། ཟླ་བ་དང་པོ་མཚོན་བྱེད་སྟག་གི་གཟུགས་བརྙན། གཉིས་པ་མཚོན་བྱེད་ཡོས་ཀྱི་གཟུགས་བརྙན། གསུམ་པ་མཚོན་བྱེད་འབྲུག་གི་གཟུགས་བརྙན། བཞི་པ་མཚོན་བྱེད་སྦྲུལ་གྱི་གཟུགས་བརྙན། ལྔ་པ་མཚོན་བྱེད་རྟའི་གཟུགས་བརྙན། དྲུག་པ་མཚོན་བྱེད་ལུག་གི་གཟུགས་བརྙན། བདུན་པ་མཚོན་བྱེད་སྤྲེའུའི་གཟུགས་བརྙན། བརྒྱད་པ་མཚོན་བྱེད་བྱའི་གཟུགས་བརྙན། དགུ་པ་མཚོན་བྱེད་ཁྱིའི་གཟུགས་བརྙན། བཅུ་པ་མཚོན་བྱེད་ཕག་གི་གཟུགས་བརྙན། བཅུ་གཅིག་མཚོན་བྱེད་བྱི་བའི་གཟུགས་བརྙན། བཅུ་གཉིས་མཚོན་བྱེད་གླང་གི་གཟུགས་བརྙན་བཅས་བྲིས་ཤིང་། གཟུགས་བརྙན་སོ་སོའི་ཁམས་མཚོན་པར་བྱེད་པའི་ཕྱིར་དུ། ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས། རིམ་བཞིན་བཀོད་ཡོད་པ་དེའང་། འབྱུང་རྩིས་ཀྱི་གཞུང་དུ་ཕོ་ཟླ་སྟག་སོགས་སྟག་ལྔ་ཚེས། མོ་ཟླ་ཡོས་སོགས་སྤྲེལ་ལྔའི་ཚེས། ཞེས་གསུངས་པ་ལྟར། བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ་སྟེ། ཕོ་ཟླ་དྲུག་པོའི་ཚེས་ཁོངས་རེ་ལ། གཟུགས་བརྙན་རེ་བཀོད་ཡོད་པ་དང་། གླང་ཡོས་སྦྲུལ་ལུག་བྱ་ཕག་སྟེ་མོ་ཟླ་དྲུག་པོའི། ཚེས་ཁོངས་རེའུ་མིག་ནང་དུ། ཚེས་གཅིག་སྤྲེལ་ནས་འགོ་བཟུང་སྟེ། ཚེས་ཁོངས་རེ་ལ་གཟུགས་བརྙན་རེ་བཀོད་ཅིང་། ལོ་གཅིག་ལ་ཞག་སུམ་བརྒྱ་དང་དྲུག་ཅུ་གཏན་འཁེལ་བྱས་འདུག །གཟའ་བདུན་མཚོན་བྱེད་ཀྱི་དཔེ་རིས་ལ། ཉི་མ་དང་ཟླ་བ་ལ་རང་གཟུགས། མིག་དམར་ལ་མིག །ལྷག་པ་ལ་ལག་པ། ཕུར་བུ་ལ་ཕུར་གཟུགས། པ་སངས་ལ་རལ་གྲི་དང་སྐབས་སུ་ཁ་ཏྲམ་ཡང་བྱས་འདུག །སྤེན་པ་ལ་ཕོ་མཚན་བཅས་ཀྱི་གཟུགས་བྲིས་ཤིང་། དེ་ཡང་ཚེས་ཁོངས་སུ་བཀོད་ཚུལ་ཡང་འབྱུང་རྩིས་ཀྱི་གཞུང་དུ། སྟག་རྟ་ཁྱི་གསུམ་སྤེན་པ་ཚེས། བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། ཕག་ལུག་ཡོས་ཟླ་བའི་ཚེས། བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། ཞེས་གསུངས་པ་ལྟར། དང་པོ་སྟག་ཟླ་བའི་ཚེས་གཅིག་གཟའ་སྤེན་པ་ནས་འགོ་གཙུག་ཏེ། རིམ་བཞིན་བཀོད་པས། གཉིས་པ་ཡོས་ཟླའི་ཚེས་གཅིག་གཟའ་ཟླ་བར། འཁེལ་ཡོད་ཀྱང་ཕྱི་མ་རྣམས། ཇི་བཞིན་མ་འཁེལ་བས་དེ་ལྟར་འགྲིག་ཐབས་དང་། ཕྱི་ལོའི་ཟླ་བ་དང་པོའི་ཚེས་གཅིག་གཟའ་སྤེན་པར་འཁེལ་བའི་ཆེད་དུ། བར་མཚམས་སུ་གཟའ་ལྔ་པོ་གང་རུང་རེ་ཕྲིས་ནས། མཆོང་རྩིས་བྱས་སྟབས། ཚེས་གྲངས་ལ་ཆད་ལྷག་མེད་པ་དུས་ཚིག་རེའི་ནང་དུ། གཟའ་ཆད་ཐེངས་རེ་ཙམ། ཡོང་བའི་བརྩི་སྲོལ་བྱུང་འདུག །དེ་བཞིན་དུ་གཟའ་སྐར་འཕྲོད་སྦྱོར་དང་། དུས་ཚོད་བཟང་ངན་སོགས་མཚོན་བྱེད་དུ། མདའ། དུང་། ལྷམ། བུམ་པ། རྒྱ་གྲམ། སྦྲུལ། ནོར་བུ། རྩེ་གསུམ། བང་རིམ། ཉི་མ། སེན་རྗེས་དབྱིབས་ཅན་གྱི་གཟུགས་རིས། གཡུང་དྲུང་། ཡི་གེ་ཨ། ༼འདིར་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་ཀ་འདུག༽གོར་ཐིག་གསུམ་པ་གོར་ཐིག་དྲུག་པ། གོར་ཐིག་བརྒྱད་པ། མེ་ལོང་། ཕུར་པ། ཟླ་གམ་ལ་སོགས་པའི་རི་མོ་ཇི་སྙེད་ཅིག་བཀོད་འདུག །འདི་དག་རེ་རེ་བཞིན། གང་གང་མཚོན་བྱེད་ཡིན་པ། ཁ་གསལ་ཁུངས་ལྡན་ཞིག་ད་ལན་བཤད་ཐབས། མ་རྙེད་ཀྱང་། སླད་ནས་བེེ་དཀར་སོགས་རྩིས་གསུང་རྒྱས་པ་རྣམས་ལ། ཞིབ་ཏུ་བལྟས་ཏེ། བརྟགས་དཔྱད་བྱས་ན། རེ་རེ་བཞིན་གང་མཚོན་བྱེད་ཡིན་པ་ཤེས་ནུས་ངེས། ལོ་ཐོ་འདི་ནི་འབྱུང་རྩི་ས་ཀྱི་རིག་པ་ལ་བརྟེན་ནས། རྩོམ་སྒྲིག་བྱས་པ་ཞིག་ཡིན་སྟབས། ལོ་ལྟར་རེ་བཞིན། ཟླ་ཁམས་ལ་ཆེ་ཆུང་མེད་པ་དང་། གཟའ་དང་ཚེས་གྲངས་གཅིག་འགྱུར་ཡིན་པ་བཅས། ཧ་ཅང་རགས་པའི་རིག་པ་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་རྒྱུ་མཚན་ཆེས་ཉུང་བ་ཞིག་ཡིན། འོན་ཀྱང་ལོ་ཐོ་གཅིག་རྩོམ་་སྒྲིག་བྱས་པ་ཡིན་ན། ལོ་རྟགས་པར་བེད་སྤྱོད་བྱེད་ཆོག་པ་དང་། ཡི་གེ་ཤེས་པ་དང་མི་ཤེས་པའི་མི་ཚང་མས་བལྟ་ཐུབ་པ་བཅས་ཀྱི་དགེ་མཚན་ཡང་ཡོད། ལྷག་པར་དུ་རིག་པ་འདི་ནི། གནའ་བོའི་བོན་གྱི་ཆོས་དང་རིག་གནས་ཀྱི་ཁྲོད་དུ་།དར་ཁྱབ་ཡོང་བ་ཞིག་ཡིན་སྟབས། ལོ་ངོ་སྟོང་ཕྲག་བཞི་ལྔ་ལ་ཉེ་བའི་ལོ་རྒྱུས་དང་ལྡན་པ་མ་ཟད། གནའ་བོའི་བོད་མིའི་ཤེས་རིག་གི་མཚན་གཞི་ལྟ་བུ་ཞིག་ཀྱང་ཡིན།། །།ཚེ་དབང་ལྷ་མོས་བརྩམས་པའི་ལོ་ཐོའི་ཤེས་བྱ་རབ་གསལ་ནས་མཐའ་ཞུ་འོད་རྒྱས་པས་ཚན་བཤུས་བྱས།
#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.