སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
སྲོང་བཙན་གོང་གི་ཡིག་རྙིང་། | 2016/8/2 19:18:00
སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཞེས་བ་བཞུགས་སོ།།
༄༅།། སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཞེས་པ་འདི་ལ་བཅའ་ཐབས་ནི། སྐུ་ཁྲི་རྟེན་མདོས་བང་རིམ་བཅུ་གསུམ་ཡོད་པ་ལ། ལྷ་ཀླུ་གཉན་གསུམ་གྱི་གཏོར་མ། མདོས་རྫས། དཀོར་ཆས། གསེར་སྐྱེམས་ཚང་མ་སྤྱི་ལྟར་བཤམས་ནས་འདི་སྐད་གྱེར་རོ། ། ཨ་དཀར་སལེ་འོད་ཨ་ཡཾ་ཨཱོྃ་འདུ། ཚན་ཁྲུས་ཕུལ་བ་ནི། ཡཾ་རཾ་མཾ་ལཾ་ཨཾ་བསང་ངོ་། ཚང་མ་ཚན་ཆབ་ཀྱི་སྟེང་ན་ལྷ་གཙང་ངོ་། བར་ན་གཉན་གཙང་ངོ་། འོག་ན་ཀླུ་གཙང་ངོ་། ཡར་ལ་གཞི་གཙང་ངོ་། གཤམས་པའི་རྫས་གཙང་ངོ་། རྟེན་སའི་ཁར་གཙང་ངོ་། གཙང་ས་ལེ་སང་ངེ་ཡ།མདའ་དར་གཡབ། སྤོས་བཏུལ། གདན་འདྲེན་པ་ནི། བསྭོ། ཡ་ཀི་སྐྱིད་པོའི་ཡུལ། ། ཉམས་དགའ་བག་རེ་བྲོ། ། ཆུ་རྒྱལ་བཞིའི་འདུ་མགོ། ། རི་རྒྱལ་ཏི་སེའི་མདུན། ། མཚོ་རྒྱལ་མ་པང་འགྲམ། ། འོལ་ལུང་གཡུ་ཡི་མཁར། ། བཞུགས་གནས་ངོ་རེ་མཚར། ། དེ་འདྲའི་སྐུ་མཁར་ན། ། སུ་བཞུགས་སུ་མི་བཞུགས། ། བཞུགས་པ་གཤེན་གྱི་ལྷ། ། གཤེན་རབ་མྱི་བོ་ཆེ། ། སྐུ་དང་དུང་ཟླ་འདྲ། ། འཛུམ་དང་མེ་རེ་རེ། ། སྐུ་ལྟོས་རི་ལས་བརྗིད། ། མུ་ཐིང་རལ་པ་ནི། ། མུ་འོད་ཁྱུགས་སེ་ཁྱུགས། ། སྐུ་ལ་ཅི་གསོལ་ན། ། རྒོད་ཐུལ་ལྷམས་སེ་ལྷམ། ། གཞའ་ཡི་སྨད་ཡོགས་ལ། ། བྱིན་རླབས་ཐིབས་སེ་འཐིབ། ། ཕྱག་ན་ཅི་སྣོམ་ན། ། སྲིད་པའི་སྒྲོམ་བུ་སྣོམ་བཞེངས་པ་ཅི་ཆེ་སྟེ། ། གཤེན་རབ་ཐུགས་རྗེ་ཆེ། ། བཞུགས་པ་ཅི་ཆེ་སྟེ། ། ཀློང་ན་མཉམ་པ་བཞུགས། ། ལྡན་ན་ཅི་ཆེ་སྟེ། ། གཞའ་འོད་ཐིག་ལེ་ལྡན། ། ཀློང་ན་བཞུགས་པའི་ཚེ། ། གཤེན་རབ་འོད་དཀར་ཟེར། ། བླ་སྲོག་སྲིད་པའི་རྟེན། ། ཡང་རྗེ་དཀར་པོ་ཟེར། ། ཡེ་ལ་གཟུགས་མི་བདོ། ། ཤ་གཟུགས་ཅི་ཆེ་སྟེ། ། ཤ་གཟུགས་ཆ་བ་ནི། ། འོད་ཀྱི་སྒོང་བུ་ལ། ། ཤེལ་དག་ཨ་དཀར་ཤར། ། བདུད་བོན་མཐུ་ཞན་ནས། ། བདུད་ལ་རྟེན་རེ་བཅས། ། ཉེས་མེད་ཕང་ཐགས་བཅད། ། ཚེ་སྲོག་ཁྲམ་ལ་བཏབ། ། གཤེན་རབ་གཤེད་དུ་ཁྲོས། ། ཞལ་དམར་ཤེ་ཚུ་འཁྲུགས། ། མཐུ་སྟོབས་ཚང་སྡང་འབར། ། སྡང་མྱིག་གློག་འོད་འཁྱུགས། ། མྱེ་རལ་ལན་བུ་ན། །ཐོག་སེར་ཤ་ར་ར། ། མྱེ་སློག་ཆ་ག་ན། ། དབལ་སེར་ཐོ་རོ་རོ། ། ཕྱག་ན་ཅི་སྣོམ་ན། ། བདུད་སྲོག་ཁྲམ་ཤིང་སྣོམ། ། བདུད་དཔུང་གོང་ན་གནོན། ། རྨུ་རྗེའི་ཞགས་ཐག་སྣོམ། ། རྨུ་རིགས་ལས་ལ་བཀོལ། ། ཆིབས་སུ་ཅི་བཅིབ་ན། ། རྔམ་ཆེན་སྟག་ལ་བཅིབ། ། སྟག་ལ་མྱེ་འབར་གྲགས། ། དགུང་སྨན་རྨུ་བདུད་ནི། ། གཞའ་ལམ་ཐིམས་སེ་ཐིམ། ། བཙན་ཐིས་མ་མོ་ནི། ། སྤྲིན་ལམ་ལྷམས་སེ་ལྷམ། ། དོགས་བདག་ཀླུ་གཉན་ནི། ། ན་བུན་བུམས་སེ་བུམ། ། སྲིད་ནི་ཐོད་དཀར་སྲིད། ། སུམ་བརྒྱ་དྲུག་ཅུ་སྲིད། ། ཐིབ་ནི་ཝེར་མ་ཐིབ། ། ཉི་ཁྲི་ཆིག་སྟོང་ཐིབ།། བསྭོ། ཡེ་སྲིད་ཀྱི་སོ་མཚམས་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་གཤེན་རབ་འདྲེན། ། དགུང་སུམ་གྱི་ཡ་ཤེད་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་དགུང་རྒྱལ་འདྲེན། ། དགུང་སུམ་གྱི་བར་ཤེད་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་རྨུ་རྗེ་འདྲེན། ། དགུང་སུམ་གྱི་མར་ཤེད་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་གུ་ལང་འདྲེན། ། བར་སྣང་གི་ཕར་ཤེད་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་བཙན་རྗེ་འདྲེན། ། བར་སྣང་ནི་བར་ཤེད་ན། ། སྤྱན་འདྲེན་ནི་ཐིས་རྗེ་འདྲེན། ། བར་སྣང་གི་ཚུར་ཤེད་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་མ་མོ་འདྲེན། ། དོགས་སྟོད་ཀྱི་གཞའ་སྤྲིན་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་དོགས་བདག་འདྲེན། ། དོགས་བར་གྱི་རི་བྲག་ན། །སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་གཉན་རྗེ་འདྲེན། ། དོགས་སྨད་ཀྱི་གཏིང་རུམ་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་ཀླུ་རྗེ་འདྲེན། ། སྣང་སྲིད་ཀྱི་གསས་ཁར་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་ཐོད་དཀར་འདྲེན། ། ལིན་རྒྱད་ཀྱི་ཟེར་མ་ན། ། སྤྱན་འདྲེན་ནི་སུ་འདྲེན་ན། ། སྤྱན་འདྲེན་ནི་ཝེར་མ་འདྲེན། ། ཡ་ཞི་ཡི་གོང་ལ་བཞུགས། ། དབོན་གསས་ལ་བྱིན་རླབས་ཕོབ། ། ཛྭོ་ཐིས་ཀྱི་ཛྭབ་སྐུལ་ལོ། ། མཐུ་རྩལ་གྱི་གཟེར་མདའ་ཐོབ། །ཛྭབ་ཀྱི་སྙིང་པོ་ནི། བསྭོ་བསྭོ་རཾ་རཾ་ཐིས་ཛྭོ་ཐིས་རཾ་རཾ་བསྭོ་རཾ་དུན་ཐ་བྲུཾ། འདི་བོན་པ་ན། དབོན་གསས་ལུས་ལ་མེ་སྟག་འཕྲོ། མཐུ་ནུས་ཀྱིས་སྣང་སྲིད་ལྷ་འདྲེ་ཐམས་ཅད་གོང་ནས་མནན། བད། སེར་བ། བཙའ། ཡམས་ནད་སོགས་སྲུང་བ་ལ། བསྭོ་རཾ་དུན་ཐ་ཨ་མུ་ཏྲི་ཐཾ་བྷྱོ། མྱཾ་ཁྲཾ་ཏྲཾ་ཨ་ཐ་ཀར་ཝེར་མ་ཐིབ། གསལ་སལེ་བྲུཾ་བྲུཾ་ཨ་ཡཾ་ཨཱོྃ་འདུས། བྱད་མ་ཀུན་དུན་རྦད་སོད་རྦད་རྦད་སོད། དབོན་གསས་ཨ་དཀར་བསང་ངེ་ཁོད་དེ་འདུ། བདག་འཁོར་དང་བཅས་པ་སྲུང་ཡ་སྲུང་ཡ། འདི་བརྒྱ་སྟོང་བོན་པས་མི་ཐུབ་པ་གང་ཡང་མེད། ད་དུང་དེས་མ་ཐུབ་ན། ཛྭོ་ཐིས་ཀྱི་གཟེར་མདའ་དབབ་སྟེ། དབོན་གསས་ཀྱི་སྒོ་གསུམ་ལ། དབལ་ཆེན་གྱི་མཐུ་ཞུགས་ནས། དབལ་ཟེར་ནི་ཤ་ར་ར། བྱད་མ་ལ་ཧུར་ཐུམ་ཕབ། བསྭོ་རཾ་བསྭོ་རཾ་ཛྭོརཾ་ཛྭོ་ཐིས་རཾ། ཨ་རཾ་མུ་རཾ་དུ་རཾ་ཛྭོ་ཐིས་རཾ། ཏྲི་རཾ་ཐཾ་རཾ་བྷྱོ་རཾ་ཛྭོ་ཐིས་རཾ། མྱཾ་རཾ་ཁྲཾ་རཾ་ཏྲཾ་རཾ་ཛྭོ་ཐིསརཾ། བྱད་མ་གདོན་བགེགས་སྲོག་རྩ་རཾ་རཾ་རཾ། མང་པོ་མི་བོན་ཤིན་ཏུ་གཉན་ནོ། བསང་ཕུལ་ཏེ། བསྭོ་བསྭོ་བསྭོ། ། བསང་ངོ་ལྷ་བསང་ངོ་། ། གཤེན་ལྷ་འོད་དཀར་བསང་། ། ཕུགས་ཀྱི་ལྷ་བསང་། ། གཞི་ལ་ཁ་འཛིན་གྱིས། ། སྒྲ་ཡི་བླ་བསང་། ། བྱེས་ལ་ལམ་ཡག་གྱིས། ། ཞང་གི་བླ་བསང་། ། རྒས་པོ་ཚེ་རིང་གྱིས། ། ཕྱྭ་ཡི་བླ་བསང་། ། མནོལ་གྲིབ་རྨུ་ཞྭ་ཕུད། ། རླུང་གི་བླ་བསང་། ། རླུང་རྟ་དར་ཁ་སྟོན། ། འཕྲག་གི་བླ་བསང་། ། ན་ཚ་ཞི་བ་གྱིས། ། སྟེང་གི་བླ་བསང་། ། མཐུ་ནུས་མེ་ལྕེ་སྦོར། ། བར་གྱི་གཉན་བསང་། ། རྒྱལ་བསྲན་ཆམ་ལ་ཕོབ། ། འོག་གི་ཀླུ་བསང་། ། ནད་རིམས་གོད་ཁ་ཟློག ། སྲིད་པའི་ཐོད་དཀར་བསང་། ། སྐྱབས་དང་སྐྱོབ་མ་གྱིས། ། ཝེར་མ་ཅང་སེ་བསང་། ། ལུས་དང་གྲིབ་བཞིན་འགྲོགས། ། ཞིམ་ཞིམ་གྲཾ་གྲཾ་བུན་ནེ་ཐིམ་ཐིམ་ཡ། དེ་ནས་མདོས་སྐོང་ནི། བསྭོ། ཡེ་སྲིད་ལ་ཅི་སྲིད་ན། ། ཡེ་སྲིད་ལ་ཀློང་ཞིག་སྲིད། ། ཀློང་ཤེད་ན་ཨ་དཀར་ཤར། ། སྤྲུལ་བ་དེ་གཞའ་ཚོན་སྤྲུལ། ། ཤ་གཟུགས་ལ་ཅི་ཆེ་ན། ། སྲིད་པ་ལ་གཤེན་རབ་ཆེ། ། ཤམ་ཤམ་གྱི་མཆོད་པས་འབུལ། ། མེ་ཏོག་ནི་ཅི་ལི་ལི། ། རྔ་གཤང་ནི་ཁྲོ་ལོ་ལོ། ། སྨན་པོས་ནི་འཐུལ་ལུ་ལུ། ། ཕྱེ་མར་ནི་སྤུར་རུ་རུ། ། སྐྱེམས་ཕུད་ནི་འཁྱིལ་ལི་ལི། ། གཙང་ཆབ་ནི་སིལ་ལི་ལི། ། རིན་ཆེན་ནི་ཁྲ་ལ་ལ། ། དར་གཟབ་ནི་ཏལ་ལ་ལ། ། ཤམ་ཤམ་ནི་ཅེ་ཆེ་སྟེ། ། བསམ་བསམ་ནི་ཞལ་མ་འཆི། ། རྒྱ་མཚོ་ནི་རྒྱ་རེ་ཆེ། ། རི་རྒྱལ་ལ་པང་རེ་མཐོ། ། མདོས་མཆོད་ཀྱིས་བླ་མཆོད་ན། ། དབོན་གསས་ལ་བྱིན་རླབས་ཕོབ། བསྭོ། ཡ་གཞི་ལ་གཡང་རེ་ཆགས། །སྟན་ཀར་ནི་ལིངས་སེ་ལིང་། ། འབྲུ་ཀར་གྱི་གཡུང་དྲུང་ལ། ། སྟན་མཁར་ནི་བྲིམས་སེ་བྲིམ། ། ཕོ་མདོང་ནི་ཁྲིགས་སེ་ཁྲིག ། མོ་མདོང་ནི་ཞུམས་སེ་ཞུམ། ། ནམ་རྒྱང་ནི་ཧྲོབས་སེ་ཧྲོབ། ། དར་མཚོན་ནི་ལྷུབས་སེ་ལྷུབ། ། བལ་མཚོན་ནི་ལམས་སེ་ལམ། ། ཤིང་ཙེ་ནི་ཕུངས་སེ་ཕུང་། ། མདའ་མདུང་ནི་ཧྲུགས་སེ་ཧྲུགས། ། བཤོས་གཏོར་ནི་ལྡེམས་སེ་ལྡེམ། ། ངར་གླུད་ནི་ཡེམས་སེ་ཡེམ། ། འབྲུ་སྨན་ནི་ཁྲོབས་སེ་ཁྲོབ། ། སྐྱེམས་ཕུད་ནི་ཡམས་སེ་ཡམ། ། རི་དྭགས་ནི་ཁྱུགས་སེ་འཁྱུགས། ། གཡུང་དྭགས་ནི་ཞམས་སེ་ཞམ། ། རྔ་གཤང་ནི་ཆེམས་སེ་ཆེམ། ། མདོས་རྫས་ནི་ཐིབས་སེ་ཐིབ། ། དགུང་རྒྱལ་མ་མདོས་ཀྱིས་བསྐང་། ། རྨུ་རྗེ་ནི་མདོས་ཀྱིས་བསྐང་། ། གུ་ལང་ཡང་མདོས་ཀྱིས་བསྐང་། ། བཙན་རྗེ་ཡང་མདོས་ཀྱིས་བསྐང་། ། ཐིས་རྗེ་ཡང་མདོས་ཀྱིས་བསྐང་། ། མ་མོ་ཡང་མདོས་ཀྱིས་བསྐང་། ། དོགས་བདག་ཀྱང་མདོས་ཀྱིས་བསྐང་། ། གཉན་རྗེ་ཡང་མདོས་ཀྱིས་བསྐང་། ། ཀླུ་རྗེ་ཡང་མདོས་ཀྱིས་བསྐང་། ། ཐོད་དཀར་ཡང་མདོས་ཀྱིས་བསྐང་། ། ཝེར་མ་ཡང་མདོས་ཀྱིས་བསྐང་། བསྐང་བཤགས་ནི། མདོས་ཁ་གསོ་ནས། བསྭོ། བདུད་བོན་གྱི་དམར་ཐབ་ལ། ། གཤེན་རབ་ནི་ཅི་དགྱེས་ཏེ། ། ཁྱབ་པ་ནི་ཆམ་ལ་ཕབ། ། འབྲུ་ཀར་གྱི་གཏོར་མ་བཀང་། ། དམར་ཐག་གི་འདྲེ་བྱུང་ན། ། གཤེན་ལྷ་ལ་ནོངས་པ་མཐོལ། ། གདོན་བོན་གྱི་ཤེ་ཆུའི་སྐྱེམས། ། གཤེན་རབ་ནི་ཅི་དགྱེས་ཏེ། ། གདོན་འདྲེ་ནི་ཆམ་ལ་ཕབ། ། འབྲུ་ཀར་ནི་ཡུ་ཏིས་བཀང་། ། ཤེ་ཆུ་ཡི་འདྲེ་བྱུང་ན། ། གཤེན་ལྷ་ལ་ནོངས་པ་མཐོལ། ། འདུར་བོན་གྱི་ཐོ་ཅོ་ལ། ། གཤེན་རབ་ནི་ཅི་དགྱེས་ཏེ། ། བླ་གཤེ་ཀྱི་འདྲེ་བྱུང་ན། ། སྣང་སྲིད་ཀྱི་མདོས་ཀྱིས་བཀང་། ། ངན་དུག་གི་འདྲེ་བྱུང་ན། ། གཤེན་ལྷ་ལ་ནོངས་པ་མཐོལ། ། ཡེ་སྲིད་ཀྱི་སོ་མཚམས་ན། ། མདོས་ཐག་ནི་ཅི་ཆེ་སྟེ། ། སྲིད་བོན་ནི་ཆམ་ལ་ཕབ། ། ཡེ་ཀློང་གི་མདོས་ཀྱིས་བཀང་། ། སྡོང་ཞན་གྱི་འདྲེ་བྱུང་ན། ། གཤེན་ལྷ་ལ་ནོངས་པ་མཐོལ། བསྭོ་བསྭོ་བསྭོ། ཨ་ཕྱི་ནི་ནམ་གྱི་ལྷ། ། ཡང་ཕྱི་ནི་དགུང་རྒྱལ་མ། ། ཕྱི་ཀློང་གི་རྒྱལ་མོ་ཟེར། ། ནང་ཁམ་གྱི་བདག་མོ་ཟེར། ། དགའ་དགའ་ལ་མ་མ་འདྲ། ། སྡང་སྡང་ལ་གཤེད་མ་འདྲ། ། གཟའ་སྐར་གྱི་བདག་མོ་ཟེར། ། སྣང་སྲིད་ཀྱི་མདོས་ཀྱིས་བཀང་། ། ངན་དུག་གི་འདྲེ་བྱུང་ན། ། དགུང་རྒྱལ་མ་ནོངས་པས་མཐོལ། ། གདོན་བོན་གྱི་ཤེ་ཆུའི་སྐྱེམས། ། རྨུ་རྗེ་ཡང་ཅི་དགྱེས་ཏེ། ། ཡེ་སྲིད་ཀྱི་རྨུ་ཐག་ཅད། ། གཤེན་རབ་ནི་མཐུ་རེ་ཆེ། ། ཆད་པ་ལ་ཐུད་དུ་སྲིད། ། རྨུ་རྗེ་ནི་བཙད་པོ་ལ། ། སྣང་སྲིད་ཀྱི་མདོས་སྐྱེམས་འབུལ། ། ཤེ་ཆུ་ཡི་འདྲེ་བྱུང་ན། ། རྨུ་རྗེ་ལ་ནོངས་པ་མཐོལ། ། ཤེ་ཐུན་གྱི་མཆོད་པ་ལ། ། བདུད་རྗེ་ཡང་ཅི་དགྱེས་ཏེ། ། གཤེན་ལྷ་ལ་ནོངས་པ་མཐོལ། ། སྲོག་བདུད་ནི་ཆམ་ལ་ཕབ། ། གནག་ཕྱུགས་ཀྱི་གླུད་ཀྱིས་བརྔན། ། བླ་སྲོག་གི་འདྲེ་བྱུང་ན། ། གུ་ལང་ལ་ནོངས་པ་མཐོལ། བསྭོ་བསྭོ་བསྭོ། བཙན་རྗེ་ནི་ཅི་ལ་དགྱེས། ཟ་བ་ནི་ཤ་ལ་རྔམ། ། འཐུང་བ་ནི་ཁྲག་ལ་ཧབ། ། ལེན་པ་ནི་སྲོག་དབུགས་ལེན། ། སྡོང་བ་ནི་བགེགས་དང་སྡོང་། ། འགྲོགས་པ་ནི་གཉན་དང་འགྲོགས། ། མགོན་པ་ནི་བཙན་བོན་མགོན། ། འཚེ་བ་ནི་གསས་ལ་འཚེ། ། གཤེན་རབ་ནི་མཐུ་བཙན་པས། ། ཛོ་དམར་ནི་གླད་ལ་གཟེར། ། སྲོག་ཐག་ནི་གཤེན་ལ་བཅོལ། ། ཐ་ཚིག་གི་ཡས་རྟགས་སྲིད། ། སྲོག་གླུད་ལ་ནམ་མཁས་བརྔན། ། དབུགས་གླུད་ལ་རླུང་གིས་བརྔན། ། དྲོད་གླུད་ལ་མར་མྱེས་བརྔན། ། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ། ཤ་གླུད་ལ་ཁམ་པས་བརྔན། ། ཐུན་རྫས་ནི་འདི་བཤམ་ན། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། ཐིས་རང་ནི་ཅི་ལ་དགྱེས། ། ཟས་སུ་ནི་སྲོག་དབུགས་འགམ། ། གོས་སུ་ནི་པགས་དམར་འབུད། ། ལས་སུ་ནི་འཁྲུགས་རྩོད་སློང་། ། སྡོང་བ་ནི་སྲི་དང་སྡོང་། ། འགྲོགས་པ་ནི་བྱུར་དང་འགྲོགས། ། མགོན་པ་ནི་དུན་ཙེ་མགོན། ། འཚེ་བ་ནི་གཞོན་ལ་འཚེ། ། གཤེན་རབ་ནི་མཐུ་བཙན་པས། ། ཛོ་དམར་ནི་གླད་ལ་གཟེར། ། སྲོག་ཐག་ནི་གཤེན་ལ་བཅོལ། ། ཐ་ཚིག་གི་ཡས་རྟགས་སྲིད། ། ཟས་གླུད་ལ་གཏོར་མས་བརྔན། ། སྐོམ་གླུད་ལ་ཡུ་ཏིས་བརྔན། ། གོས་གླུད་ལ་དར་སྣས་བརྔན། ། ཐུན་རྫས་ནི་འདི་བཤམ་ན། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། མ་མོ་ནི་ཅི་ལ་དགྱེས། ། རྒྱུ་བ་ནི་ཀུན་ལ་རྒྱུ། ། ཟས་སུ་ནི་ཚེ་སྲོག་ཟ། ། སྐོམ་དུ་ནི་གསོན་ཁྲག་འཐུང་། ། མི་རྫུ་ནི་དགུ་རུ་རྫུ། ། སྤྲིན་གསེབ་ན་གློགས་ལ་རྫུ། ། ཐོག་སེར་དང་དལ་ཡམ་བཏང་། ། རྒྱལ་ཁམས་སུ་བྱག་མོར་རྫུ། ། རིམས་ནད་དང་ལྟས་ངན་འགྱེད། ། སྟོང་ཁམས་སུ་བདག་མོར་རྫུ། ། མྱི་ཁ་དང་འཁྲུགས་རྩོད་སློང་། ། སྡོང་བ་ནི་ཐན་དང་སྡོང་། ། འགྲོགས་པ་ནི་གདོན་དང་འགྲོགས། ། མགོན་པ་ནི་བསེ་རག་མགོན། ། འཚེ་བ་ནི་མྱི་ལ་འཚེ། ། གཤེན་རབ་ནི་མཐུ་བཙན་པས། ། ཛོ་དམར་ནི་གླད་ལ་གཟེར། ། སྲོག་ཐག་ནི་གཤེན་ལ་བཅོལ། ། ཐ་ཚིག་གི་ཡས་རྟགས་སྲིད། ། སྲོག་གླུད་ནི་དུན་ཙེའི་སྲོག ། ཚེ་གླུད་ཀྱང་དུན་ཙེ་སྲོག ། ཚེ་གླུད་ཀྱང་དུན་ཙེའི་ཚེ། ། ཁྲག་གླུད་ཀྱང་དུན་ཙེའི་ཁྲག ། ཐུན་རྫས་ནི་འདི་བཤམ་ན། ། ངན་འདྲེས་ཀྱི་ནོངས་པ་མཐོལ། བསྭོ་བསྭོ་བསྭོ། དོགས་བདག་ནི་གཙང་སྦྲ་ཆེ། ། རྨེ་གཞོབ་ཀྱིས་སྐུ་རེ་མནོལ། ། དོགས་བདག་ནི་ལྷོད་བག་ཆེ། ། ཀུ་ཅོ་ཡིས་སྙན་རེ་བསུན། ། དོགས་བདག་ནི་བརྟན་རླིང་ཆེ། ། འཁྲུ་སློག་གིས་ཐུགས་རེ་དཀྲུགས། ། ཁྲོས་པ་ནི་འགའ་ལ་ཁྲོས། ། ཆད་པ་ནི་ཀུན་ལ་བཅད། ། གཤེན་རབ་ནི་མཐུ་བཙན་པས། ། སྡུམ་ཆེན་གྱི་ཡས་རྟགས་གནང་། ། དཀར་མངར་དང་འོ་ཞོས་མཆོད། ། དཀོར་ཆས་དང་མདོས་ཀྱིས་བརྔན། ། མནོལ་རྨུག་དང་འཁོན་འགྲས་བསང་། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། གཉན་རྗེ་ནི་བཀའ་རེ་གཉན། ། མྱི་འཁོན་གྱིས་གཉན་ལ་འཁོན། ། རི་རྨས་ཀྱིས་གཉན་ལ་རྨས། ། རྔོན་བསད་ཀྱིས་གཉན་ལ་ཕོག ། ཁྲོས་པ་ནི་འགའ་ལ་ཁྲོས། ། ཆད་པ་ནི་ཀུན་ལ་བཅད། ། གཤེན་རབ་ནི་མཐུ་བཙན་པས། ། སྡུམ་ཆེན་གྱི་ཡས་རྟགས་གནང་། ། དཀར་མངར་དང་འོ་ཞོས་མཆོད། ། དཀོར་ཆས་དང་མདོས་ཀྱིས་བརྔན། ། མནོལ་རྨུག་དང་འཁོན་འགྲས་བསང་། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། ཀླུ་རྗེ་ནི་ཀོ་ལོང་ཆེ། ། དམར་ཐབ་ཀྱིས་ནད་ཕོག་ན། ། ཀླུ་ནད་ནི་མྱི་ལ་ཕབ། ། གོད་ཁ་ནི་ཕྱུགས་ལ་དྲང་། ། བཙའ་སད་ནི་ཞིང་ལ་གཏོང་། ། ཁྲོས་པ་ནི་འགའ་ལ་ཁྲོས། ། ཆད་པ་ནི་ཀུན་ལ་བཅད། ། གཤེན་རབ་ནི་མཐུ་བཙན་པས། ། སྡུམ་ཆེན་གྱི་ཡས་རྟགས.
གནང་། ། དཀར་མངར་དང་འོ་ཞོས་མཆོད། ། དཀོར་ཆས་དང་མདོས་ཀྱིས་བརྔན། ། མནོལ་རྨུག་དང་འཁོན་འགྲས་བསང་། ། ངན་འདྲེས་ཀྱི་ནོངས་པ་མཐོལ། བསྭོ། དབོན་གསས་ལ་ཅི་ཆེ་ན། ། དབོན་གསས་ལ་ཐོད་དཀར་ཆེ། ། ཐོད་དཀར་ནི་སྤྲིན་ལྟར་འཁྲིགས། ། སྡོང་བ་ནི་གསས་དང་སྡོང་། ། འགྲོགས་པ་ཡང་གསས་དང་འགྲོགས། ། མགོན་པ་ཡང་གསས་ལ་མགོན། ། བཤམ་བཤམ་གྱི་མཆོད་པ་འབུལ། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། དབོན་གསས་ལ་ཅི་ཆེ་ན། ། དབོན་གསས་ལ་ཝེར་མ་ཆེ། ། ཝེར་མ་ནི་བུ་ཡུག་འཚུབ། ། སྡོང་བ་ནི་གསས་དང་སྡོང་། ། འགྲོགས་པ་ཡང་གསས་དང་འགྲོགས། ། མགོན་པ་ཡང་གསས་ལ་མགོན། ། བཤམ་བཤམ་གྱི་མཆོད་པ་འབུལ། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། རེས་འགའ་ནི་ཀློང་ན་རྒྱུ། ། གཟའ་སྐར་གྱི་བྱ་ར་བ། ། རེས་འགའ་ནི་ཟེར་མར་རྒྱུ། ། ཡག་ཉེས་ཀྱི་སྟང་མ་འཛིན། ། རེས་འགའ་ནི་དོགས་ལ་རྒྱུ། ། དབོན་གསས་ཀྱི་ལས་ལ་མྱུར། ། ཅོང་སེ་དང་སྤྲུལ་པ་ལ། ། གཞའ་ཚོན་ནི་ཅི་ལི་ལི། ། རྔ་ཤང་ནི་ཁྲོལ་ལོ་ལོ། ། སྤོས་དུད་ནི་ཐུ་ལུ་ལུ། ། ཕྱེ་མར་ནི་སིལ་ལི་ལི། ། ཡུ་ཏི་ནི་མེ་རེ་རེ། ། ཐུན་རྫས་ནི་ཐོ་རོ་རོ། ། སྣང་སྲིད་ཀྱི་ཝེར་མ་བརྔན། ། ངན་འདྲེས་ཀྱི་ནོངས་པ་མཐོལ། ། མུ་ཡེ་ཧ་ར་ཐིམ་ཐིམ་ཡེ་ཐུན་ཡ། ། སད་དོ་ཧྲོ་ཡོ་ཐིམ་ཡེ་ཐུན་ཡ། ། མདོས་ཁ་གསོ་ནས་གྲང་བསག་གོ།དགོངས་གསོལ་ནི། བསྭོ། དགོངས་གསོལ་ནི་སུ་ལ་གསོལ་ན། ། དགོངས་གསོལ་ནི་གཤེན་ལ་གསོལ་ལོ། ། ལྷ་རྗེ་ནི་གཤེན་ལྷ་འོད་དཀར། ། སྲིད་རྗེ་ནི་སྟག་ལ་མེ་འབར། ། མྱི་རྗེ་ནི་གཤེན་རབ་མྱི་བོ། ། སྐུ་བཞུགས་པ་ཀློང་ན་བཞུགས་ཀྱང་། ། ཐུགས་དགོངས་པ་གསས་ལ་སལ་ལེ་ཡ། ། ཨ་དཀར་སལེ་འོད་ཨ་ཡཾ་བྲུཾ་འདུ། ། ཐིབ་རྨུག་གི་ཞ་ནག་ཕུད། ། གསལ་ས་ལེའི་མཐུ་ནུས་ཕོབ། ། དབོན་གསས་ནི་སད་དོ་ལ། ། ཤ་གཟུགས་ཀྱི་འདྲེན་ཆེ་བ། ། བླ་སྲོག་གིས་ཅི་རྡོ་སྟེ། ། ཡེ་སྲིད་ཀྱི་འདྲེན་པ་ནི། ། གཡུང་དྲུང་གི་ཀློང་ལ་ཐོབ། ། བྲུཾ་བྲུཾ་ཨ་ཡཾ་སལ་ལེ་སལ་ལེ་གསལ་སལ་ལེ་ཨཱོྃ་འདུ། བསྭོ། སྟེང་གི་ལྷ་བསྙེན་ཏོ། །དགུང་ཕྱི་བསྙེན་འཚལ་ན། ། དགུང་ནས་སྐྱོབ་མ་གྱིས། ། རྨུ་རྗེ་བསྙེན་ཏོ། ། གནམ་གྱི་འཇུ་ཐག་གྱིས། ། གུ་ལང་བསྙེན་ཏོ། ། སྲིད་པའི་རྟེན་ཕུར་གྱིས། ། བཙན་རྗེ་བསྙེན་ཏོ། ། རྒྱབ་ཀྱི་རྟེན་ས་གྱིས། ། ཐིས་རང་བསྙེན་ཏོ། ། མདུན་གྱི་སོ་ཁ་གྱིས། ། མ་མོ་བསྙེན་ཏོ། ། ཡག་ཁའི་རྗེ་འུ་གྱིས། ། དོགས་བདག་བསྙེན་ཏོ། ། གཞིས་ཀྱི་ཁ་འཛིན་གྱིས། ། གཉན་རྗེ་བསྙེན་ཏོ། ། ཞིང་ཁའི་ལོ་རྫི་གྱིས། ། ཀླུ་རྗེ་བསྙེན་ཏོ། ། མྱི་ཕྱུགས་སྲོག་ཀར་གྱིས། ། ཐོད་དཀར་བསྙེན་ཏོ། ། དབོན་གསས་བདུང་འཚོབ་ཀྱིས། ། ཝེར་མ་བསྙེན་ཏོ། ། བསམ་བསམ་ལག་ཏུ་སྤྲོད། ། མི་འབྲལ་གྲིབ་ལྟར་འགྲོགས། །གསོན་པོ་བླ་ཚེ་བརྟན། ། གཤིན་པོ་གཤེད་དང་ཁྲོལ། ། རྒྱལ་ཁམས་བདེ་ལ་སྐྱིད། ། སྟོང་ཁམས་དར་ལ་རྒྱས། ། ཅི་བསམ་ལྷུན་གྱིས་འགྲུབ། བསྭོ་ཡཾ་ཨ་ཡཾ་འདུ། ། སྲིད་པ་སྤྱི་སྐོང་སྣང་སྲིད་ཀྱི་མདོས་ཟབ་མོ། དབོན་གསས་ཐམས་ཅད་ཀྱི་སྲུང་བའི་གོ་ཁྲབ་གཤེན་ཆེན་པོ་གཅེ་འོད་ནས་རིམ་པར་བརྒྱུད་པ། སངས་པོ་ཁྲི་ན་ཁོད་བདག་གིས་ཡི་གེར་བཏབ་པ། ཞང་བོད་དབོན་གསས་བར་མ་ཆད་པས་མཐུ་ཐོན་པ། ཟབ་མོ་ཆིག་ཆོག་ནི་རྫོགས་སོ། ། མུ་ཙུག་སྨྲར་རོ།
- ཟིན་ཐོ་གོང་མ།བོད་རྒྱུད་ཤཱཀ་ཐུབ་ཆོས་འབྱུང་།
- ཟིན་ཐོ་འོག་མ།ལོ་ངོ་སྟོང་ལ་ཉེ་བའི་ལོ་ཐོ་ཞིག་རྙེད།