སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
སྟོན་པ་གཤེན་རབ་དང་འོལ་མོ་གླིང་། | 2016/7/15 8:51:00
བསྐལ་ཆེན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ། ཞེས་པ་ཞིག་བྱུང་མྱོང་ཡོད་པ་ཡིན། དེའང་སྟོན་པ་གཤེན་རབ་འཁྲུངས་པའི་ཡུལ་ནི། འོལ་མོ་ལུང་གླིང་ཆེན། ཡབ་རྒྱལ་བོན་ཐོད་དཀར། ཡུམ་ཡོ་ཕྱི་རྒྱལ་བཞེད་མ། གཉིས་ལ་སྲས་དགུ་དང་སྲས་མོ་གཅིག་འཁྲུངས་པ་ལས། དང་པོ་གསུམ། ཕྱ་གཤེན། སྣང་གཤེན། སྲིད་གཤེན་གསུམ། བར་པ་འབྲིང་གསུམ། འཕྲུལ་གཤེན། མི་གཤེན། གཙུག་གཤེན་གསུམ། ཆུང་བ་གསུམ། གྲུབ་གཤེན། གྲོལ་གཤེན། གཤེན་རབ་གསུམ། སྲིང་མོ་གཤེན་བཟའ་ངང་རིང་མ། བཅས་ལས། ཆེ་བ་གསུམ་ལྷ་གནས་གསུམ་གྱི་སྟོན་པ་མཛད། འབྲིང་བ་གསུམ་གཡེན་ཁམས་གསུམ་འདུལ་དཔོན་མཛད། ཆུང་བ་གསུམ་ལས། ཐ་ཆུང་སྟོན་པ་གཤེན་རབ། རྨ་ལོ་དང་གཡུ་ལོ་གཉིས་ནི། སྤྲུལ་པའི་གཅུང་པོ་གཉིས་སོ། སྲིང་མོ་ཕྱྭ་ཡི་མནའ་མར་ཕྱིན་པས། གཤེན་རབ་ཚ་བོ་ཡིད་ཀྱི་ཁྱེའུ་ཆུང་འཁྲུངས། དེར་སྟོན་པ་གཤེན་རབ་དམུ་ཡི་རྒྱལ་ས་བཟུང་ནས། ལྕམ་བཞེས་པས། ཧོས་བཟའ་རྒྱལ་མེད་མ་ལས། སྲས་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་གཉིས། བུ་མོ་གཤེན་བཟའ་ནེའུ་ཆུང་གསུམ་འཁྲུངས། ལྕམ་ཕྱྭ་བཟའ་གུང་དྲུང་མ་ལས། སྲས་མུ་ཆོ་ལྡེམ་དྲུག་འཁྲུངས། ལྕམ་གསས་བཟའ་ངང་དྲུག་མ་ལས། སྲས་འོལ་དྲུག་ཐང་པོ་འཁྲུངས། ལྕམ་རྐོང་བཟའ་ཁྲི་ལྕམ་ལས། སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས། དེའི་གདུངས་རབས་གདུང་རྒྱུད་ད་ལྟའང་བཞུགས་ཡོད། ལྕམ་རྒྱ་བཟའ་འཕྲུལ་བསྒྱུར་མ་ལས། སྲས་རྒྱ་ཚ་འཕྲུལ་བུ་ཆུང་འཁྲུངས། སྲས་ལྕམ་དྲལ་དེ་རྣམས་བོན་སྒོ་ཀུན་ལ་མཁས་ཤིང་། ཁྱད་པར་དུ་སོ་སོའི་བོན་སྒོ་སྣ་རེའི་བསྟན་པ་གཙོ་བོ་འཛིན་ཞིང་སྤེལ་བ་ལགས་སོ། དེ་རྣམས་ནི། སྟོན་པའི་ཁྱིམ་ཚང་གི་ལོ་རྒྱུས་ལགས་སོ། མདོར་ན་སྟོན་པ་གཤེན་རབ་མི་བོའི། མཛད་པ་བཅུ་གཉིས་དང་མཛད་པ་དྲུག་ཅུ། སོགས་ཀྱི་ལོ་རྒྱུས་མདོ་སྔགས་རྒྱུད་སྡེ་རྣམས་སུ། ཞིབ་པར་གསལ་བའི། དེར་གཟིགས་ཤིག་ སྟོན་པ་གཤེན་རབ་མི་བོ་དེ་འཁྲུངས་ནས་ད་བར། མི་ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་ཙམ་སོང་ཡོད། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཤིང་། དང་པོ་ཕྱ་སྣང་འཕྲུལ་སྲིད་སོགས། རྒྱུ་ཐེག་བཞི་སོགས་ཀུན་རྫོབ་བདེན་པ་གཙོ་བོར་གྱུར་པའི་བོན་བསྟན་ནས། འགྲོ་བ་བོན་སྒོར་བསྡུས། གཡེན་འདུལ་སོ་སུམ་དབང་དུ་བསྡུས་ནས་འཁོར་དུ་བསྐོར། དེ་ནས་འདུལ་བ་སོགས་བདེན་གཉིས་ཟུང་འབྲེལ་གཙོ་བོར་གྱུར་པའི་བོན་སྟོན་ནས། འགྲོ་བ་ཐར་པའི་ལམ་ལ་བཀོད། དེ་ནས་སྔགས་རྫོགས་སོགས། དོན་དམ་བདེན་པ་གཙོ་བོར་གྱུར་པའི་བོན་སྟོན་ནས། འགྲོ་རྣམས་རྣམ་གྲོལ་ལམ་ལ་བཀོད་པ་དང་། འཛམ་གླིང་ས་ཕྱོགས་གང་སར་སྟོན་པ་ཞབས་བཅག་ནས་བོན་འཁོར་བསྐོར་བར་མཛད། སྟོན་པ་དགུང་ལོ་སོ་གཅིག་སྟེང་རབ་ཏུ་བྱུང་། དགུང་ལོ་གྱ་གཉིས་སྟེང་སྐུ་མྱ་ངན་ལས་འདས་པའོ། སྟོན་པའི་བསྟན་པ་གནས་ཚད་ནི། མདོ་ལས་སུམ་ཅུ་སྐུ་ཡིས་འདུལ། སུམ་ཅུ་གསུང་གིས་འདུལ། སུམ་ཅུ་ཐུགས་ཀྱི་འདུལ། ཞེས་གསུང་ལ། སྐུ་གསུང་ཐུགས་ཀྱི་བསྟན་པ་མི་ལོ་ཁྲི་གསུམ་ལ་གནས་ཞེས་པས། དེར་མི་ལོ་བརྒྱ་ནས་བདུན་ཅུ་ཡན་གྱི་སུམ་ཅུ་དེ། སྟོན་པའི་སྐུ་ཡིས་སྤྲུལ་པའི་སྤྲུལ་སྐུ་རྣམ་དང་། གདུང་རྒྱུད་རིམ་བྱོན་རྣམས་ཀྱིས་གཙོ་བོར་བོན་སྟོན་ནས། འགྲོ་བ་འདུལ་བའི་ཕྱིར་ན་དང་། དེ་ནས་བདུན་ཅུ་ནས་བཞི་ཅུ་ཡན་གྱི་སུམ་ཅུ་དེར། གཙོ་བོ་རྒྱལ་བའི་བཀའ་རིན་པོ་ཆེར་ཐོས་བསམ་ཉན་བཤད་ལ་མཁས་པ། དཔེར་ན་འཛམ་གླིང་མཁས་པའི་རྒྱན་དྲུག་མཁས་པ་མི་བཞི་སོགས་ཀྱིས། བོན་སྟོན་ནས་འགྲོ་བ་འདུལ་བའི་ཕྱིར་ན་དང་། བཞི་ཅུ་ནས་བཅུ་ཡན་གྱི་སུམ་ཅུ་དེར་གཙོ་བོ། སྔགས་རྫོགས་ཀྱི་ནང་སེམས་དོན་ཉམས་ལེན་གཙོ་བོར་མཛད་མཁན་རྣམས་ཀྱིས། འགྲོ་བ་རྣམས་ནང་སེམས་དོན་སྔགས་རྫོགས་ཉམས་ལེན་གཙོ་བོར་སྟོན་ནས། འགྲོ་བ་འདུལ་བས་ཕྱིར་ན་དེ་ལྟར་གསུང་པར་སྙམ་ཞིང་དེ་ནི་ཕྲན་གྱི་རྟོག་ཆར་ཙམ་ལས། ལུང་རིག་གི་རྒྱབ་ལྗོངས་གང་ཡང་མེད་དོ། ཡང་ཁ་གཅིག་གིས་སྟོན་པ་གཤེན་རབ་ཅེས་པ་ཡོད་པའི་དཔང་རྟགས་དང་། གཡུང་དྲུང་བོན་ཞེས་པ་ཡོད་པའི་བདེན་དཔང་ལ། ཁྲི་སྲོང་གོང་གི་ཡི་གེ་ཞིག་ཁུར་ཤོག་ལབ་འདུག་པས་ལན་དུ། སྟོན་པ་གཤེན་རབ་དང་། གཡུང་དྲུང་བོན་ཞེས་པ་ཙམ་མ་ཚད། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་ཡོད་པའི་བོན་བཀའ་མ། མདོ་ལ། འདུལ་བ་རྒྱུད་དྲུག་དང་། སྔགས་ལ། མེ་རི་བཀའ་མའི་གེ་ཁོད་སྒྲུབ་སྐོར། དང་རྒྱུད། རམ་པ་རོལ་པ་འབུམ་པའི་སྒྲུབ་སྐོར། རྫོགས་ཆེན་ལ། བཀའ་རྒྱུད་སྐོར་བཞི། བཅས་ནི། ཁྲི་སྲོང་གོང་ནས་ཡོད་པ་ཙམ་གྱི་མ་ཚད། སྟོན་པ་གཤེན་རབ་མི་བོ་ནས། གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན། སྨན་རིའི་མཁན་སློབ་རིན་པོ་རྣམ་གཉིས་བར། ཆུ་ལམ་ཞུགས་དང་། རྡོ་ལག་རྒྱུད་ཀྱིས། བླ་རྒྱུད་རིམ་བྱོན་རྣམས་ལ། གོང་མས་འོག་མ་ལ། དབང་ལུང་མན་ངག་དང་བཅས་པ་གནང་ནས། ཉམས་སུ་བླངས་གྲུབ་པ་ཐོབ་པ་ཤ་སྟག་ཡིན་ཞིང་། དུས་སྙེགས་ད་ལྟའང་དེ་དག་ཉམས་སུ་བླངས་ནས། གྲུབ་པའི་རྟགས་དངོས་སུམ་དུ་གྲུབ་པས་བླ་མ་མང་དུ་འབྱུང་བ། དེ་ཚོས་རྣམ་ཐར་ལ་གཟིགས་རྟོགས་ཅུང་ཟད་རེ་མཛད་པ་འཚལ་ལོ། དེ་མིན་ད་དུང་བོད་རྒྱལ་སྲོང་བཙན་གོང་ནས་བྲིས་པས། སྲིད་པ་སྤྱི་མདོས་ལས་ཀྱང་། སྟོན་པ་གཤེན་རབ་དང་དེས་མཛད་སྤྱོད་གཡུང་དྲུང་བོན་སོགས་གསལ་ལ། དེ་བཞིན་ཏུན་ཧོང་དཔེ་རྙིང་དང་།མདའ་ཚང་དཔེ་རྙིང་སོགས། དེང་དུས་གསར་དུ་ཐོན་དང་ཐོན་བཞིན་པའི་དཔེ་རྙིང་། དེ་བཞིན་རྡོ་རྐོས་སོགས་ལས་གསལ་བས་ན། སྟོན་པ་གཤེན་རབ་ཅེས་པ་བྱོན་པ་དང་། དེས་གཡུང་དྲུང་བོན་གྱིས་འཁོར་ལོ་བསྐོར་བས། དཔེ་མཚོན་དཔང་རྟགས་བསམ་གྱིས་མི་ཁྱབ་པ་ཡོད་དོ། ད་རུང་དགོས་ན། ཤཀ་ཐུབ་ཅེས་པ་ཞིག་ཀྱང་མེད་པ་ཞིག་བཤད་མཁན་ཡོད་པ་བཞིན། བདག་གིས་ཀྱང་ཤག་ཐུབ་སོགས། འདས་པའི་ལོ་རྒྱུས་མི་སྣ་དག་ཀྱང་མེད་དམ་སྨྲའོ། ཡང་གོང་གི་དཔེ་ཆ་དེ་ཚོ་ནི། མི་ལོ་ཁྲིའི་གོང་ནས་བྲིས་ཤིང་ད་ལྟའི་བར་དུ་རིམ་གྱིས་རྒྱུད་འོང་པ་ཡིན་ན། བརྡ་དག་སོགས་དེང་གི་འགྲོས་དང་མཐུན་པ་ཅི་ཟེར་ན། དེ་ནི་བཀས་བཅད་ཐེངས་གསུམ་བྱས་པས་སྐབས་དང་། རྗེས་སུ་བྲིས་པ་ཚོས་བསྒྱུར་དགོས་ཐུག་པ་ཟུར་བལྟས་ལབ་མཐོང་ཡིན་ནོ། ད་རུང་བོད་ལ་སྲོང་བཙན་གོང་དུ་ཡི་གེ་མེད་ཟེར་ན། ང་ཚོ་གཡུང་དྲུང་བོན་གྱི་ལོ་རྒྱུས་ནང་དུ། སྟོན་པ་གཤེན་རབ་དུས་ནས། ཡི་གེ་ཡོད་པ་གསལ་བས་ཡིད་རྟོན་རུང་ངོ། རྒྱུ་མཚན་ནི། ཁྱེད་ཚོས་བཤད་ཚད་བདེན་པ་དང་། ང་ཚོའི་ལོ་རྒྱུས་ཚང་མ་རྫུན་མ་ཡིན་མི་སྲིད་པའོ། ད་རུང་སྲོང་བཙན་སྒོམ་པོས་བརྩམས་པའི། བཀའ་ཆེམས་བཀའ་ཁོལ་མ་ལས། ཤཀ་ཐུབ་མ་བྱོན་གོང་། སྟོན་པ་གཤེན་རབ་བྱོན་པ་དང་། དེས་གཡུང་དྲུང་བོན་བསྟན་ནས། འགྲོ་བ་དྲོངས་ཚུལ་དང་བཅས་པ་གསལ་པོར་བཤད་འདུག་ལ། དེ་བཞིན་བན་དེའི་ལོ་རྒྱུས་མང་པོ་ནས་གསལ་བའི་ན། ཁྱེད་ཚོ་བན་དེའིགལོ་རྒྱུས་བརྩམས་མཁན་བླ་མ་དང་མཁས་པ་དག་རྫུན་མ་དག་དག་ལ་བསྒྱུར་ན། དེ་ཚོས་བརྩམས་ཚད་བཤད་ཚད་རྫུན་མ་ལ་འགྱུར་བ་ཤེས་པར་གྱིས་ཤིག གཡུང་དྲུང་བོན་ལ་གནོད་བསྐྱལ་བས་ཞོར་དུ། བོད་ཀྱི་ལོ་རྒྱུས་ཡོངས་རྫོགས་རྫུན་མ་ལ་བསྒྱུར་ན། ཁྱེད་ཀྱིས་བསམ་དོན་འགྲུབ་པ་ཡིན་ནམ། དེ་ནས་སྟོན་པ་འཁྲུངས་ཡུལ་སྐོར་ཕྲན་གྱིས་བསམ་ཚུལ། མདོ་སོགས་ལོ་རྒྱུས་ཁག་ལས། གཤེན་ཡུལ་འོལ་མོ་གླིང་ཆེན་དང་། འོལ་མོ་ལུང་རིང་ཞེས་པ་གཉིས་ཡོད་པ་གསལ་ལ། ལོ་རྒྱུས་ཁག་གཅིག་ནས་སྟོན་པ་ཡུལ་ས་ག་དོག་དྲུག་ཏུ་གཤེགས་ཞེས་པའང་འཁོད། འོལ་མོ་གླིང་ཆེན་ཞེས་པ་ནི། དར་རྒྱས་གསལ་སྒྲོན་ལས། སྤྱི་མིང་སྟག་གཟིག སྒོས་གནས་མཆོག་འོལ་མོ་ལུང་རིང་ནི། ལྷོ་འཛམ་བུ་གླིང་གི་བྱང་ནུབ་ན། ཞེས་པས། འཛམ་བུ་གླིང་གི་ས་ཚིགས་ཀྱི་དབུས་གངས་ཅན་གྱི་བྱང་ནུབ་བོ། ཞེས་པས། གངས་ཏི་སེའི་བྱང་ནུབ་ད་ལྟའི་ཕ་ཁུ་སི་ཐན་དང་། ཕ་ལེ་སི་ཐན་ཤིས་འཇམ། སོགས་ཀྱི་ས་ཆའི་ཆ་ཤས་ཡིན་པ་མངོན་ལ། དེ་སྐབས་རྒྱལ་གར་གྱི་ཁོངས་གཏོགས་མ་ཡིན་པར། དམུ་ཡི་རྒྱལ་ཁབ་ཡིན་ཞིང་། སྟོན་པ་གཤེན་རབ་འཁྲུངས་གནས་ཀྱང་ཡིན་ནོ། དེར་གངས་ཏི་སེ་དང་ཁ་བབས་ཆུ་བཞི་མེད་པས་སོ་ཟེར་ན། དེ་དག་ནི་འོལ་མོ་ལུང་རིང་གི་ཁོངས་སུ་ཡོད་པའི་ན། དེ་ལྟར་འབོད་ཆོག་པ་ལས་ས་ཆ་དེ་རང་དུ་ཡོད་མི་དགོས་སྙམ་ཞིང་། དེའི་སྐབས་ཀྱི་འོལ་མོ་ལུང་རིང་དང་། རྗེས་སུ་འབོད་པའི་འབོད་པས་ཞང་ཞུང་ཅེས་པ་དོན་གཅིག་དེ། འོལ་མོ་ལུང་རིང་ཅེས་འབོད་པས་ཁོངས་སུ་འོལ་མོ་གླིང་ཆེན་ཡང་འདུས་ལ། འོལ་མོ་ཅེས་པ་གོ་དོན་མང་པོ་ལྡན་པའི་ཞང་སྐད་ཅིག་ཡིན་ཡང་སྲིད་དེ། ཞང་སྐད་འ་མོ་ཞེས་པ་གཙོ་མོ་ལ་འཇུག་པ་བཞིན། འོལ་མོ་ཞེས་པའང་། གཡུང་དྲུང་བོན་དར་སའི་ས་ཆ་གཙོ་བོ་ཁག་ལ་འབོད་པའང་སྲིད་དོ། འོལ་མོ་ལུང་རིང་གི་ས་ཆའི་ཁྱབ་ཚད་ནི། བོད་དབུས་གཙང་གཉིས་དང་ཀོང་པོ་ཕུད་པས། ཞང་ཞུང་གི་རྒྱལ་ཁམས་ཡོངས་རྫོགས་ཏེ། གངས་ཏི་ཙེ་གཙོ་བོ་བྱས་ཏེ། སྨད་ནས་པོམ་ར་དང་། མཚོ་སྔོན། ཟི་ཁྲོན་རྒྱལ་རོང་སོགས་དང་། བར་དུ་སུམ་པ་གླང་གི་གྱིམ་ཤོད། སྟོད་དུ་སྟ་སྒོ་དང་དྭངས་ར་བཅས་ཀྱི་ས་ཆ་རིང་པོ་དེ་རྣམས་ཡིན་པར་ངེས་ཤིང་། མདོ་ལས་འོལ་མོ་ལུང་རིང་གི་མདའ་རུ་རྒྱལ་མོ་ཁྱི་ཁྱོན་གྱི་གླིང་ཡོད་ཚུལ་སོགས། གང་ནས་དཔྱད་ཅིང་བསམ་ཡང་དེ་ལྟར་ཨེ་ཡིན་སྙམ། དེ་ལྟར་ན་སྟོན་པ་ཡུལ་ས་ག་དོག་དྲུག་ཏུ་གཤེགས་ཞེས་པའང་། མདོ་གམ་སྒང་དྲུག་ཏུ་ངེས་སོ། ཡང་ཁ་གཅིག་གིས་འོལ་མོ་ལུང་རིང་ཤིང་ནགས་དང་ཤིང་ཏོག་འདྲ་མིན་ཡོད་ས། ས་ཆ་ཁ་དམའ་ས་ཡིན་པ་གསལ་ལ། བོད་འདིར་དེ་ལྟར་མིན་ཟེར་ཡང་། སྤྱིར་ས་ཆ་ལ་ལོ་རེ་བཞིན་འགྱུར་ལྡོག་འགྲོ་དང་འགྲོ་བཞིན་པ་ལ། ཡང་སྒོས་ཚན་རིག་པས་བརྟགས་དཔྱད་བྱས་པ་རྒྱུད། རི་བོ་ཇོ་མོ་གླང་མ་ནི། སྔོན་མ་མེད་ཅིང་གསར་དུ་ས་འོག་ནས་ཡར་འབུར་འོང་བ་ཡིན་པ་ཤེས་ཤིང་། དེའི་སྔོན་དུ་རི་བོ་ཇོ་མོ་གླང་མའི་རི་རྒྱུད་ཆགས་ཤུལ་ཚང་མ། ཚ་བ་ཆེ་བའི་ས་ཆ་ཤིང་ནགས་དང་། ཤིང་ཏོག་སྣ་ཚོགས་སྐྱེ་བའི་ས་ཆ་ཡིན་པར་བཤད་ལ། དེ་བཞིན་སྟོན་པའི་རྣམ་ཐར་ཁག་ལས། སྟོན་པ་ཕྱོགས་སུ་ཕེབས་ས་ཤིང་རྟ་ཡིན་པར་གསལ་བ་བཞིན། བོད་བྱང་ཐང་གི་ས་ཆ་ཁག་གི་བྲག་རྐོས་རི་མོ་དག་ལས། རྟ་དང་གཡག་གླང་མཛོ་བཅས་ཀྱིས། དྲུད་པས་ཤིང་རྟ་འཁོར་ལོའི་རི་མོ་དང་། རི་དྭགས་ཤྭ་བ། གཡུང་དྲུང་བོན་སྐོར་སོགས་ཀྱི་བྲག་རྐོས་རི་མོ་དག་། མི་ལོ་ཁྲི་གོང་ནས་རྐོས་པ་ཡིན་པ་བཞེད་པ་འདུག་སྟེ། དེ་ཡང་བོད་ལྗོངས་ཞིབ་འཇུག་ལ་འདི་ལྟར་བྲིས་འདུག་སྟེ།༼་་རི་མོ་དེ་དག་གི་རླུང་འགྱུར་བྱས་ཚད་དང་། ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ལ་གཞིགས་ན། འདྲུ་རྐོས་བྱས་པའི་དུས་ཚིགས་སོ་སོར་ངེས་པ་ཤེས་ཐུབ། ཐེམ་ཆེན་རྫོང་ཁོངས་ནང་གི་ཀླུ་སྲིན་བྲག་རྐོས་རི་མོ་དང་། ཀླུ་མང་བྲག་རྐོས་རི་མོ། གོར་མོ་གྲོང་ཁྱེར་ནང་ཁོངས་ཀྱི། འབྲོང་ལུང་བྲག་རྐོས་རི་མོ་བཅས་ནི། ལོ་རྒྱུས་ཧ་ཅང་རིང་བས། མཁས་པ་ལ་ལས་ཀྱང་། ལོ་ངོ་ཁྲི་ཕྲག་གཅིག་གི་ཡར་སྔོན་དུ་བཞེད་བཞིན་ཡོད། ་་༽ཞེས་དང་ཡང་དེ་ལས། ༼་་གནས་དེའི་ལོ་རྒྱུས་རིམ་བྱོན་གྱི་རི་མོ་གང་ཡིན་ཡང་། རྒྱུན་ཆད་མེད་ཅིང་རྣམ་པ་གཅིག་མཚུངས་ཀྱིས་མངོན་པ་ནི། བོད་མནའ་རབས་ཆོས་ལུགས་ཏེ། གཡུང་དྲུང་བོན་གྱི་རི་མོ།༼་་་འདིར་གཡུང་དྲུང་བོན་བསྐོར་ཞིག་བྲིས་འདུག་༽ འདི་ཡིན་རི་མོ་དེ་དག་རྐོ་མཁན་རང་རེ་བོད་ཀྱི་མེས་པ་རྣམས་ཡིན་པར་བཞེད་ན་གནས་ལུགས་མེད་པ་ཞིག་མ་ཡིན་་༽ཞེས་དང་། ཡང་དེ་ལས། ༼་་ཆེས་བསམ་ཡུལ་ལས་འདས་པ་ཞིག་ནི། ས་གནས་དེ་དག་གི་རི་མོ་ལས་མཚོན་པའི་སྣང་ཚུལ་དང་། དེང་སང་གི་ཁོར་ཡུག་གཉིས་ཀྱི་བར་ལ་གནས་སའི་ཁྱད་པར་ལྡན་དེ། དཔེར་ན། བྲག་རྐོས་རི་མོ་ལས་ནགས་གསིབ་ཏུ་རི་དྭགས་རྔོན་པའི་གནས་དེར། དེང་སང་ནགས་སྐྱེས་པ་ཕར་ཞོག་ལྕང་ཚེར་ཡང་མི་སྐྱེ་བའི་ས་ཆ་ཡིན་པ་དང་། བྲག་རྐོས་རི་མོ་ལས་རི་དྭགས་སྣ་ཚོགས་ཁུ་སིམ་མེར་འཚོ་བའི་གནས་དེར། དེང་སང་མུ་མཐའ་བྲལ་བའི་བྱེ་ཐང་ཡིན་པ་རེད། བྲག་རྐོས་རི་མོ་ལས་རྔོན་པ་ཞིག་གིས། ཤིང་གི་སྡོང་པོ་ཞིག་གི་ཟུར་དུ་ཡིབ་སྟེ། འབྲོང་ཆེ་དྲག་གཅིག་ལ་མདུན་ནས། མདའ་འཕེན་པའི་ཚུལ་ལ་སོགས་ལྡན། རི་མོ་དེ་དག་ནམ་རྐོས་སུས་རྐོས་ཀྱི་ལོ་རབས། མི་རབས་བརྡར་ཤ་མ་ཆོད་མོད། སྣང་ཚུལ་དེ་དག་ལ་གཞིགས་ན། གནའ་བོའི་གནས་དེ་ནས་ད་ལྟ་བར་གྱི་ཁོར་ཡུག་དང་ཤིན་ཏུ་མི་འདྲ་བར། རྩི་ཤིང་ཚང་ཚིང་དང་། གནས་གཤིས་ཧ་ཅང་དྲོ་ཞིང་རླན་པའི་དུས་སྐབས་ཤིག་ ཡིན་པ་གདོན་མི་བཟའའོ།་་༽ ཞེས་དང་ཡང་དེ་ལས། ༼་་ས་དེའི་བྲག་རྐོས་རི་མོ་ལས་མནའ་བོའི་སྤྱི་ཚོགས་སུ། རྒྱུན་དུ་བཀོལ་སྤྱོད་བྱས་མྱོང་བའི་ཤིང་རྟའང་ཡོད་པ་ནི། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གོ ་རི་མོ་དེ་དག་གཙོ་བོ་གོར་མོའི་འབྲོང་ལུང་བྲག་རྐོས་རི་མོ་དང་། ཐེམ་ཆེན་རྫོང་གི་ཀླུ་སྲིན་བྲག་རྐོས་རི་མོ་རུ་མངོན། བྲག་རྐོས་རི་མོ་ལས་ཤིང་རྟ་དྲུད་པའི་སྲོག་ཆགས་ནི། མཛོ་དང་གླང་ཡིན་ལ། ཤིང་རྟའི་འཁོར་ལོའང་། གཉིས་ཅན་གསུམ་ཅན་དང་། འཁོར་ལོའི་རྩིབས་གྲངས་ལའང་། གསུམ་ཅན་བཞི་ཅན་དྲུག་ཅན་མི་འདྲ་བར་ཡོད་དེ། དཔེར་ན། ཀླུ་སྲིན་བྲག་རྐོས་རི་མོ་ལས། རྔོན་པ་ཞིག་སྲོག་ཆགས་གཉིས་ཀྱིས་དྲུད་པའི་ཤིང་རྟར་བསྒྲིངས་ཏེ། འབྲོང་རྒོད་ཆེ་དྲག་ཞིག་ལ་མདའ་འཕངས་ཏེ། ཕོག་པའི་རྣམ་པ་དེའོ། རི་མོ་འདི་འདྲ་ལུང་པ་གཞན་དུ་ཧ་ཅང་དཀོན་པ་རེད། ཤིང་རྟ་ཞེས་པའི་འཚོ་བའི་ཡོ་བྱད་འདིར། ས་དེའི་འབྲོག་པ་རྣམས་ཀྱི་ངག་རྒྱུད་ལས་ཀྱང་འདི་ཡིན་གང་ཡིན་ཞེས། བཤད་རྒྱུ་ཞིག་གཏན་ནས་མེད་མོད། རི་མོ་དེ་དག་གིས་བརྐོས་པའི་དུས་རབས་དེའི་སྤྱི་ཚོགས་འགྲོ་སྟངས་དང་། འཚོ་བའི་ཆ་རྐྱེན་རགས་ཙམས་ཞིག་མངོན་ཡོད། ས་གནས་དེའི་ཐོག་མཐའ་བར་གསུམ་གྱི་དུས་སྐབས་སུ། ཇི་རྙེད་པར་རྐོས་པའི་རི་མོ་དག་ལས། ག་ས་གང་དུ་གནས་པའི་ཆེས་སྤྱིར་བཏང་རི་མོ་ནི། རི་དྭགས་ཤྭ་ཡིན་ཞིང་། དེ་ལ་རིགས་སྣ་མང་ཞིང་ཚུལ་ཉམས་མི་འདྲ་སྟེ། སྒྱུ་རྩལ་གྱིས་ཤེད་ཤུགས་དྲག་པོ་ལྡན། དཔེར་ན། ཨོ་སུ་ཁྲུ་ལུ་ཡ་རྒྱལ་ཁབ་ཏུ་ཁོ་ནར་ཡོད་པའི། རྔ་ལུག་དང་མཚུངས་པ་ཅན་དང་། རྭ་ཟུང་ལྟག་རྒྱབ་ཏུ་འཕྱངས་ཏེ། འཕང་འགོ་ལས་རིང་བ་ཅན། དེ་མིན་རྭ་ཟུང་ཤིན་ཏུ་རྒྱ་ཆེ་ཞིང་། རྭའི་ཡན་ལག་སྡོང་པོའི་ལོ་མ་དང་མཚུངས་པ་ཅན་ལས་སོགས། རི་མོ་དེ་དག་ལས། ང་ཚོས་ས་དེའི་རང་བྱུང་ཁམས་ནི། རི་དྭགས་གཅན་གཟན་འདྲ་མིན་སྣ་ཚོགས། གང་འཛོམས་ཆ་འཛོམས་ཡིན་ཞིང་། བག་ཡངས་མཐུན་པོའི་ངང་འཚོ་བར་སྣང་ཚུལ་རྟོགས་ཐུབ་སྟེ། ད་སྐབས་འབྲོང་ལུང་ཟེར་བའི་ལུང་པར། འབྲོང་རྗེས་ཙམ་མེད་པ་དང་། ད་སྐབས་ཤྭ་ཕྲུག་ཟེར་བའི་ལུང་པར། ཤྭ་བའི་སྤུ་ཙམ་མེད་པར། གར་སོང་ཆ་མེད་དུ་གྱུར་པའི་རྣམ་པ་དང་བསྡུར་ན། ཧ་ཅང་ཡ་ང་བ་མ་ཡིན་ནམ།་་༽ཞེས་དང་འདི་ནས་༼་་བཞེངས་སྐུ་རྣམ་པར་གཞིགས་ན། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བཞུགས་སྐུ་དང་ཁྱད་ཆེ་བའི་་༽ཞེས་སོགས་རྡོ་རྐོས་ལྷ་སྐུ་རི་མོའི་ངོ་སྤྲོད་ཁག་གཅིག་འདུག་སྟེ། ད་ཐེངས་མི་བཤུ་། ཡང་དེ་ལས། ༼་་མདོར་ན་མཚོ་ནུབ་ས་ཁུལ་གྱི་བྲག་རྐོས་རི་མོ་འདི་དག་གིས། གསོན་ཤུགས་རང་ཏུ་རྒྱས་པའི་ངང་ནས། ས་དེའི་གནའ་བོའི་འགྲོ་བ་མིའི་ཐོན་སྐྱེད་དང་། འཚོ་བ། ཆོས་དད། དམག་འཁྲུགས་བཅས་མཚོན་ཡོད་དེ། རྗེས་རབས་པ་རྣམས་ལ། ཧ་ཅང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་བཞག་ཡོད། རི་མོ་དེ་དག་དུས་ཡུན་རིང་ཞིང་ཁེབས་རྒྱ་ཆེ་བ། མཚོན་བྱ་ཕུན་སུམ་ཚོགས་ཤིང་། སྒྱུ་རྩལ་གྱི་རིན་ཐང་དོད་པོ་ལྡན་པས། ས་གནས་དེའི་གནའ་བོའི་ལོ་རྒྱུས་དང་། རིག་གནས་ཞིབ་འཇུག་བྱེད་པའིདཔྱད་གཞི་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་གདོད་མའི་མེས་པོ་རྣམས་ཀྱི་འཚོ་བ་རོལ་སྟངས་དང་། བསམ་བློའི་འདུ་ཤེས་མཚོན་ཡོད་པའི་རིག་གནས་ཤུལ་བཞག་བླ་ན་མེད་པ་ཞིག་ཡིན་ནོ།་་༽ཞེས་སོགས་ལས་བོད་བྱང་ཐང་ནི། སྔོན་མ་ཚ་བའི་ཁུལ་ཞིག་ཡིན་པ་ཤེས་ཐུབ་པ་འདུག་ལ། བྲག་རྐོས་པར་རིས་དང་མཉམ་དུ་འདུག་གོ་ འོ་ལགས་སོ་མདོར་ན་འོལ་མོ་ལུང་རིང་དང་། འོལ་མོ་གླིང་ཆེན་གཉིས་ཡོད་པ་ཤེས་དགོས་ལ། འོལ་མོ་གླིང་ཆེན་ལའང་འདུས་རྫས་ཀྱི་འོལ་མོ་གླིང་ཆེན་དང་། འདུས་མ་བྱས་ཀྱི་འོལ་མོ་གླིང་ཆེན་གཉིས་ཡོད་པའང་ཤེས་དགོས། ད་འདི་ནས་གཡུང་དྲུང་བོན་གྱི་བསྟན་པ་འདི། འཛམ་བུ་གླིང་དུ་གང་འདྲར་དར་བ་དང་། དར་བའི་དུས་ཚོད་རགས་ཙམ་ཞུ་རྒྱུ། དེའང་སྟོན་པ་སྐུ་མྱ་ངན་ལས་འདས་ཁར། འཁོར་དུ་གྱུར་པའི་གཙུག་ལག་སྲིད་པའི་བུ་བཞི་ལ་བཀའ་གནང་ནས། རྒྱལ་ཁབ་སོ་སོར་རྒྱལ་པོའི་སྲས་སུ་སྤྲུལ་ནས། འགྲོ་བ་འདུལ་དགོས་པའི་ལུང་བསྟན་པ་བཞིན། སྤྲུལ་སྐུ་འཁྲུངས་ནས་བསྟན་པ་སྤེལ་བ་དང་། དེ་ནས་མི་ཆོའི་སྟོན་པའི་རྒྱལ་ཚབ་མཛད་དེ། བསྡུས་འཁོར་བཅུ་གཉིས་ཀྱི་ལོ་གསུམ་རེ་བོན་འཁོར་བསྐོར་རྗེས་སུ། མུ་ཆོའི་ལོ་གསུམ་ཀློག་བཤད་མཛད་དེ་གཤེགས། མུ་ཆོའི་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱ་བ་བྱུང་ནས། བོན་བསྟན་རྒྱ་གར་དང་རྒྱ་ནག་ཁྲོམ་ཞང་ཞུང་བཅས་སུ་སྤེལ། དེའི་སྐབས་ནི། རྒྱ་གར་དུ་ཤག་ཀྱ་ཐུབ་པ་དང་དུས་མཉམ་ལ། རྒྱ་ནག་ཏུ་རྒྱ་ནག་རྒྱལ་པོ། ཡོ་དང་ཧྲུན་བཅས་ཀྱི་སྔོན་ལ་ཡིན་དགོས། ལོ་གྲངས་མང་པོའི་གོང་དུ། རྒྱ་ནག་ཏུ། མཁས་པ་ལེགས་སྟངས་རྨང་པོ་ཞེས་པ་སོགས་བྱོན་ནས། རྒྱ་ནག་ཏུ་གཡུང་དྲུང་བོན་བསྟན་དར་བ་དང་། དེ་ནས་རིམ་བཞིན་ནུབ་སོང་ན་ཡང་། གཡུང་དྲུང་བོན་བསྟན་དར་མྱོང་བའི། རྗེས་ཤུལ་མཚོན་རྟགས་ཙམ་ནི། རྒྱ་ནག་གི་མནའ་བོའི་ལྷ་སྐུའི་ཐུགས་ཀར། གཡུང་དྲུང་བོན་བསྐོར་ཡོད་པ་དང་། རྒྱ་ནག་གི་མཛེས་རིས་ཁག་ནང་། གཡུང་དྲུང་རི་མོ་མང་པོ་ཡོད་པ་བཅས་སོ། སྟོན་པའི་ལུང་བསྟན་པས། ཁྲུས་དག་སྤངས་ལ་གནམ་གཤེན་ཞེས་པ་དང་། འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཡིན་ཡང་སྲིད། དེ་ཚོ་དང་དུས་མཉམ་པའི་ནམ་མཁའ་སྣང་བའི་མདོག་ཅན་ཡིན་དགོས། དྲིས་ལན་གསུམ་པ་མན་རྗེས་སུ་ཞུ་རྒྱུ་ཡིན། ཕྲན་ནི་ཆུང་དུས་ཆུང་འབྲིང་ཆེ་གསུམ་གྱི། སློབ་རྭ་དང་མ་འགྲིམས་ལ། དེ་ནས་བཤད་སྒྲུབ་སྒོམ་གསུམ་གང་ལའང་ཞུགས་མ་མྱོང་བའི། བླུན་པོ་ཐོས་ཆུང་ཞིག་ཡིན་པའི། འདི་ལ་ལུང་དང་རིག་པ་གང་ཡང་མེད། ཚུར་རྨོང་གཏམ་བཤད་པ་དེ་ལ། ཕར་རྨོང་ལན་བཤད་པ་ཞིག་རང་ཡིན། འདི་ལྟར་བོན་ལ་གཤེ་བའི་གང་ཟག་རིགས་རྣམས་ནི། བོད་མི་རིགས་ལ་ཤ་ཞེན་དང་མཐུན་སྦྲེལ་རྩ་བ་མེད་པར། བོད་རིགས་ནང་ཁུལ་དུ། གྲུབ་མཐའི་ཆགས་སྡང་དང་། ཆོལ་ཁའི་ཕྱོགས་རིས་ཀྱི་ཚོས་ཟོས་ཤིང་། དུས་ནམ་ཡང་སོས་དུ་མེད་པའི་བོད་རིགས་ནང་ཁུལ་དུ་རྨ་ཁ་བཟོ་ནས། བོད་མི་རིགས་ཁ་མཐོར་གཏོར་བཤིགས་གཏོང་མཁན། ཤེས་རྨོངས་བླུན་པོ་དག་ཡིན་ལ། འདི་ལྟར་གཡུང་དྲུང་བོན་ལ་དམའ་འབེབས་བཤད་མཁན་གཙོ་བོ་འགའ་ཤས་ནི། གཡུང་དྲུང་བོན་གྱི་གཞུང་ལུགས་དང་། གྲུབ་མཐའི་ལོ་རྒྱུས་རྩ་བ་ནས་མི་ཤེས་ནའང་། གཞན་གྱི་ཟེར་སྒྲོས་ཉན་ནས་དེ་ཚོ་བསྐྱར་བཤད་བྱེད་མཁན། རི་བོང་ཀྱལ་འདྲོག་བླུན་པོ་ཆུ་སྣ་གར་ཁྲིད་དེ་ཚོ་ཡིན་ཞིང་། དེ་ཚོ་ནི་གང་ཡང་མི་ཤེས་པའི་བླུན་པོའི་གྲས་ལ་བཞག་ནས་བཞག་དགོས་པ་ལས། ཡང་དག་པའི་ལུང་དང་རིག་པའི་ཡ་ལན་སྤྲད་ཀྱང་། ངའི་ཨ་ཕའི་ཟེར་བས་ལུགས་སྲོལ་ཡིན་ཟེར་བའམ། ཡང་ན་ངས་ཨ་མའི་བཤད་སྲོལ་ཟེར་ནས། ཚུར་བླུན་རྟགས་བསྟན་པ་ཙམ་ལས་གང་ཡང་ཉན་དུ་མེད། དེའི་ན་ཁོ་ཚོ་ཐོས་ཆུང་བླུན་པོས་བླུན་གཏམ་དག་ལ། ཕྲན་ཐོས་ཆུང་བླུན་པོས་བླུན་གཏམ་ཙམ་ཞིག་ དྲ་གྲོགས་དཀར་པོ་འཚོལ་གྱིས་བསྐུལ་བ་བཞིན། དྲྭ་མིང་གནམ་སྲས་གཟི་དམར་ནས་ཕྱི་ལྟས་མེད་པར་ཤར་མར་བྲིས་ཏེ་ཕུལ་བས། ཆད་ལྷག་སོགས་དོན་ནོར་ཚིག་ནོར་གང་མང་ཡོད་སྲིད་པས། གཡུང་དྲུང་བོན་གྱི་མཁས་དབང་རྣམས་ཀྱི་དྲུང་དུ་བཤགས་སོ། དྲིས་ལན་དང་པོ་དང་གཉིས་པའི་ལན་ཟུར་ཙམ་མོ།
- ཟིན་ཐོ་གོང་མ།ཕ་རྒན་དྲན་པ།
- ཟིན་ཐོ་འོག་མ།བོད་རྒྱུད་ཤཱཀ་ཐུབ་ཆོས་འབྱུང་།