ལོ་ཁྲིའི་གོང་གི་བྲག་རྐོས་གཡུང་དྲུང་རི་མོ།
གནའ་སྔ་མོ་ནས་བོད་མི་རིགས་ཀྱི་བོན་ཆོས་སྤྱོད་པས་མཚོན་རྟགས་ཏེ། གཡུང་དྲུང་རི་མོ་གང་ས་གང་གི་བྲག་ལ་རྐོས་ཡོད་པ་སྟེ། མངའ་རིས་དང་ལྷོ་ཁ་མཚོ་སྔོན་སོགས་ས་ཁུལ་མང་པོ་ནས། བྲག་རྐོས་གཡུང་དྲུང་རྙེད་འདུག
བྲག་རྐོས་གནས་སའི་ས་ཁུལ་ནི། བོད་ལྗོངས་ཞིབ་འཇུག་དུས་དེབ་ལས་ ་་༼་་བོད་ལྗོངས་སུ་བྲག་བརྐོས་རི་མོ་ཁྱབ་རྒྱ་ཆེ་ཞིང་། གྲངས་འབོར་མང་བས་རང་རྒྱལ་གྱི་བྲག་བརྐོས་རི་མོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ། ཀྲུང་གོའི་བྲག་བརྐོས་རི་མོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཉེ་བས་ལོ་བཅུ་ལྷག་གི་རིང་ལ་གནའ་རྫས་རྟོག་ཞིབ། བྱེད་མཁན་ཚོར་བོད་ལྗོངས་ཀྱི་ས་ཁུལ་ཁག་ནས། གནས་༦༠་ལ་ཉེ་བ་ཙམ་དང་། རི་མོ་༣༠༠་ཚུད་པའི་བྲག་བརྐོས་རི་མོའི་རྗེས་ཤུལ་༤༠་ལྷག་བརྙེད་པ་རེད། བྲག་བརྐོས་རི་མོ་དེ་དག་མང་ཆེ་ཤོས་བྱང་ཐང་དང་། མངའ་རིས་ས་ཁུལ་དུ་ཡོད་ཅིང་། ཅུང་གསལ་པོར་མངོན་པའི་རི་མོ་མང་ཆེ་བའི་འགོད་བྱ་ནི། མིའི་རིགས་ཀྱིས་རི་དྭགས་རྔོན་པ་དང་རིགས་རྒྱུད་སྤེལ་བ། ཕྱུག་རིགས་འཚོ་སྐྱོང་བྱེད་ཚུལ་དང་དེ་བཞིན་གཡུལ་འཁྲུག་དང་དམག་སྦྱོང་། རང་བྱུང་དད་མོས་སོགས་ཀྱི་སྐོར་ཡིན།་་༽་་ ཞེས་དང་གཡུང་དྲུང་བྲག་བརྐོས་རི་མོ་ཡོད་ས་ནི། གནམ་མཚོ་ཕྱུག་མོའི་ཤར་ངོགས་ཀྱི་བཀྲ་ཤིས་གླིང་བྲག་ཕུག་གི་བྲག་བརྐོས་རི་མོ་དང་། མངའ་རིས་རུ་ཐོག་བྲག་བརྐོས་རི་མོ། རི་བོ་རྒྱ་གླིང་གི་བྲག་བསྐོས་རི་མོ་སོགས་ལ་མང་བར་བཤད། བོད་ལྗོངས་ཞིབ་འཇུག་དུས་དེབ་ལས་་་༼་་བོད་བྱང་ཐང་གི་རི་བོ་རྒྱ་གླིང་དང་ཤར་ཚང་། ཁུལ་དུ་བྲག་བརྐོས་རི་མོ་མང་པོ་ཡོད། རིགས་གཅིག་མཁས་ཅན་གྱིས་རི་མོ་འདི་དག་ལོ་༤༠༠༠་ནས་༡༠༠༠༠་ཡར་སྔོན་དུ་བརྐོས་པ་ཚོད་དཔག་བྱས།་་༽་་ཞེས་བཤད་འདུག་ལ། དེ་མིན་བོད་ལྗོངས་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ཁོངས་ཀྱི། འཕྲེང་འགོའི་གྲོག་རོང་གནའ་ཤུལ་ལས་ཀྱང་རྡོ་ཆས་དང་། སྤྱི་ལོའི་གོང་གི་ལོ་༡༣༧༠་སྐོར་གྱི་དངོས་རྫས་ཁྲེ་དང་ནས་དང་། གྲོ་ཡི་ས་བོན་གྱི་སོལ་འགྱུར་འབྲུ་རྡོག་ཁྱོན་༣༠༠༠་ལྷག་དང་། བྲག་བརྐོས་རི་མོ་བཅས་རྙེད་པ་གསལ་ཏེ། བོད་ལྗོངས་ཞིབ་འཇུག་དུས་དེབ་ལས་་ ༼་་བྲག་རྡོའི་ལྡེབས་སུ་བརྐོས་པས་སྐུ་འདྲ་ཆེན་པོ་ཞིག་ཡོད་པ་དང་། སྐུ་འདྲའི་གཤམ་དུ་རྐོ་འབྲི་བྱས་པའི་རི་མོ་གསལ་ལ་མི་གསལ་ཡོད་པ་དང་། རི་མོ་དེ་དག་རྐོས་ནས་ལོ་རབས་དུ་མ་འདས་པས་རྗེས་སུ། སྐུ་འདྲ་ཡིས་ཁེབས་པ་རེད་འདུག སྨི་བཅུ་ལྷག་ཙམ་རིང་བའི་བྲག་ལྡེབས་སུ་རྟ་དང་ལུག་ཁྱི། ལ་སོགས་པའི་སྲོག་ཆགས་རྐོ་འབྲི་བྱས་ཡོད་པ་དང་། གཡུང་དྲུང་་་༼་་བོན་བསྐོར་་༽་་ལྟ་བུའི་མཚོན་རྟགས་ཀྱང་རྐོ་འབྲི་བྱས་འདུག དེ་དག་རྐོ་འབྲི་བྱས་པའི་ལོ་རབས་ནི། རྗེས་སུ་སྐུ་འདྲ་བརྐོས་པའི་ལོ་རབས་ལས་ཧ་ཅང་སྔ་པོ་ཡིན་པ་ཐག་གི་ཆོད།་་༽་་ཅེས་བཤད་ལ། དེ་མིན་མཚོ་སྔོན་པོའི་ནུབ་རྒྱུད་ས་ཁུལ་ཁག་ན་ཡང་། བྲག་བརྐོས་གཡུང་དྲུང་ཡོད་པ་བཤད་དེ། གཡུང་དྲུང་བྲག་རྐོས་རི་མོ་ཡོད་སའི་ས་ཁུལ་ནི། བོད་ལྗོངས་ཞིབ་འཇུག་དུས་དེབ་ལས་་༼་་་་མཚོ་སྔོན་པོའི་ནུབ་རྒྱུད་ས་ཁུལ་གྱི་བྲག་རྐོས་རི་མོ་གཙོ་བོ། ཐེམ་ཆེན་རྫོང་ཁོངས་ནང་གི་ཀླུ་སྲིན་བྲག་རྐོས་རི་མོ་དང་ཀླུ་མང་བྲག་རྐོས་རི་མོ། ཤར་ཁ་བྲག་རྐོས་རི་མོ། ལྷོ་ཕྱོགས་བུའུ་ལམ་རྫོང་ཁོངས་ནང་གི་གཡག་རི་བྲག་རྐོས་རི་མོ། པྰ་ལུ་ཆུ་བྲག་རྐོས་རི་མོ། ཁུ་ཁུ་རི་བོའི་བྲག་རྐོས་རི་མོ། གཏེར་ལམ་རྫོང་ཁོངས་ནང་གི་པྰ་ཧྰ་མོ་ལུ་བྲག་རྐོས་རི་མོ་དང་། ཧྲང་གྲོང་བྲག་རྐོས་རི་མོ། ཆུ་འཁོལ་ཤང་གི་ལུ་སྲིན་བྲག་རྐོས་རི་མོ། ནུབ་ཕྱོགས་གོར་མོ་གྲོང་ཁྱེར་ནང་ཁོངས་ཀྱི། འབྲོང་ལུང་བྲག་རྐོས་རི་མོ།གདང་ལ་བྲག་རྐོས་རི་མོ། བཅས་ཡོད། རི་མོ་དེ་དག་རླུང་འགྱུར་བྱས་ཚད་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞིགས་ན། འཇུ་རྐོས་བྱས་པའི་དུས་ཚིགས་སོ་སོར་ངེས་པ་ཤེས་ཐུབ། ཐེམ་ཆེན་རྫོང་ཁོངས་ནང་གི་ཀླུ་སྲིན་བྲག་རྐོས་རི་མོ་དང་ཀླུ་མང་བྲག་རྐོས་རི་མོ། ནུབ་ཕྱོགས་གོར་མོ་གྲོང་ཁྱེར་ནང་ཁོངས་ཀྱི། འབྲོང་ལུང་བྲག་རྐོས་རི་མོ་བཅས་ནི། ལོ་རྒྱུས་ཧ་ཅང་རིང་བས་མཁས་པ་ལ་ལས་ལོ་ངོ་ཁྲི་ཕྲག་གཅིག་གི་ཡར་སྔོན་དུ་བཞེད་བཞིན་ཡོད། ལྷོ་ཕྱོགས་བུའུ་ལམ་རྫོང་ཁོངས་ནང་གི་གཡག་རི་བྲག་རྐོས་རི་མོ། པྰ་ལུ་ཆུ་བྲག་རྐོས་རི་མོ། ཁུ་ཁུ་རི་བོའི་བྲག་རྐོས་རི་མོ། གཏེར་ལམ་རྫོང་ཁོངས་ནང་གི་པྰ་ཧྰ་མོ་ལུ་བྲག་རྐོས་རི་མོ་དང་། ཧྲང་གྲོང་བྲག་རྐོས་རི་མོ། བཅས་ཅུང་འཕྱི་བར་བཞེད། འོན་ཀྱང་ང་ཚོའི་ཤེས་ཐུབ་པ་ནི། ས་གནས་གཅིག་ཐོག་གི་བྲག་རྐོས་རི་མོ་ཐམས་ཅད། དུས་སྐབས་གཅིག་ནས་རྐོས་པ་མ་ཡིན་ཏེ། མི་རབས་དུ་མའི་མུ་རྒྱུན་ཕྲེང་བའི་རྣམ་པ་དག་འདུས་ཡོད། གནས་དེ་དག་གི་ལོ་རྒྱུས་རིམ་བྱོན་གྱི་རི་མོ་གང་ཡིན་ཡང་། རྒྱུན་ཆད་མེད་ཅིང་རྣམ་པ་གཅིག་མཚུངས་ཀྱིས་མངོན་པ་ནི། བོད་གནའ་རབས་ཀྱི་ཆོས་ལུགས་རི་མོ་སྟེ། གཡུང་དྲུང་༼་་བོན་བསྐོར་་༽་རི་མོ་ཡིན། རི་མོ་དེ་དག་རྐོ་མཁན་རང་རེ་བོད་ཀྱི་མེས་པོ་རྣམས་ཡིན་པར། བཞེད་ན་གནས་ལུགས་མེད་པ་མ་ཡིན་ནོ།་་༽་་་ཞེས་དང་། ཡང་བོད་ལྗོངས་ཞིབ་འཇུག་དུས་དེབ་ལས་་ ༼་་་་མཚོ་སྔོན་ནུབ་རྒྱུད་ས་ཁུལ་གྱི་གནའ་བོའི་བྲག་རྐོས་རི་མོ་དེ་དག་ལས། ལོ་རྒྱུས་ཅུང་ཐུང་བ་གཏེར་ལམ་རྫོང་ཁོངས། ཆུ་འཁོལ་ཤང་གི་ལུ་སྲིན་བྲག་རྐོས་རི་མོའི་ལྷ་སྐུའི་རི་མོ་དག་ཡིན། དེ་དག་ནི་རྒྱ་ཁྱོན་ཧ་ལམ་སྨུ་གྲུ་བཞི་མ་བརྒྱ་ཕྲག་ཡོད་པའི་བྲག་ངོས་སུ་རྐོས་ཡོད་དེ། གཡོན་ཕྱོགས་སུ་ལྷ་སྐུ་གཉིས་རྐོས་ཡོད་པ་བཞེངས་པའི་ཚུལ་ཡིན་པས། མཐོ་ཚད་སྨི་དྲུག་དང་ཞིང་ཚད་སྨི་བཞི་ཙམ་ཡོད། ལྷ་སྐུའི་སྤྱན་ཟུམ་ཞིང་སྤྱི་བོར་ཅོད་པན་ལྡན་པ། ཕྲག་ཟུང་དུ་གཟན་བྱང་ཁེབས་ཡོད་ལ། སྐེད་དུ་སྐ་རག་བཅེངས་ཤིང་། ལུས་སྨད་དུ་ཤམ་ཐབས་གྱོན་པ། ཕྱག་གཡས་བྲང་ཁར་ཕྱག་འཚལ་བའི་ཚུལ་བྱེད་པ་དང་། ཕྱག་གཡོན་པས་བུམ་པ་འཛིན་པའམ་ཕྱག་རྒྱའི་ཚུལ་བསྟན། བཞེངས་སྐུའི་རྣམ་པར་གཞིགས་ན། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་སྲོལ་ཏེ། བཞུགས་སྐུའི་དང་ཁྱད་ཆེ་བས། རི་མོ་དེ་དག་ནམ་རྐོས་སུས་རྐོས་རྩད་ཞིབ་མ་བྱེད་པའི་སྔོན་དུ། དེའི་ལོ་རྒྱུས་ཁ་ཚོན་གཅོད་དཀའོ། ་་༽ཞེས་བཤད་དེ་ཙམ་མ་ཚད་པའི་རྒྱལ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི། ས་ཆ་ཁག་གི་བྲག་རྐོས་རི་མོ་དང་། གནའ་ཤུལ། དུར་ས་བཅས་ལས་བོད་གནའ་བོའི་ཡི་གེ་དང་། གཡུང་དྲུང་སོགས་མང་པོ་ཞིག རྙེད་དང་རྙེད་བཞིན་ཡོད་པ་གོར་མ་ཆག་ཀྱང་། ང་ཚོ་བོན་པོ་རྣམས་ཁྱབ་ཆུང་། དཔལ་འབྱོར་ཞན། འདི་དག་བཙལ་འཚོལ་བྱེད་མཁན་ཆེད་ལས་པ་མེད། གལ་སྲིད་མི་སྒེར་གྱིས་བཙལ་འཚོལ་བྱེད་བསམ་ཀྱང་། དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་མི་མེད་པའི་ཆ་རྐྱེན་མི་འཛོམས། རྒྱལ་ཁབ་ཀྱི་བྲག་རྐོས་དང་གནའ་རྫས་རྟོགས་ཞིབ་པའི་གྲས་སུ། བོན་ཆོས་ལ་དད་མཁན་མི་ཚུད། གཞན་སྡེའི་བོད་རིགས་ཀྱིས་ནི། སྲོང་བཙན་ཡར་སྔོན་དུ་བོད་མུན་པའི་གླིང་ཞེས་པའི་མིང་དེ་ཤོར་དོག་གི བྲག་རྐོས་ཡི་གེ་དང་གནའ་རྫས་འགོང་ཆེན་རྣམས་གབ་སྦས་ཅི་ཐུབ་བྱེད་པས། ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་འགོ་ཁུང་སྐོར་གྱི་གནའ་རྫས་དང་བྲག་རྐོས་ཡི་གེ། སོགས་བཙལ་འཚོལ་བྱེད་རྒྱུ་དང་དེའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་སོགས། མི་རིགས་གཞན་གྱིས་བྱས་ན། དེ་དག་གིས་བྲིས་པའི་དཔྱད་གཞི་ལ་ལྟ་བ་ཙམ་དང་། ཡང་ན་བག་ལ་ཞ་བ་འདི་ཡ་ངའོ།་ དཔེར་ན་ལྷོ་བྲག་གི་བྲག་རྐོས་ཡི་གེའི་གཡས་སྟོད་དུ་ གཡུང་དྲུང་བོན་འཁོར་ཡོད་པའི་རྐྱེན་ལས། བྲག་ལྡེབ་ལ་བྱིས་པའི་རྡོ་འཕང་ནས་བྲག་རྐོས་ ཡི་གེ་མང་ཆེ་བ་རྐོག་སོང་བ་དང་། པ་ཚབ་པ་སངས་དབང་འདུས་ཀྱི་བརྩམས་པས་་ ༼་་སྤུ་རྒྱལ་བོད་ཀྱི་རྡོ་རྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི། མ་ཡིག་དག་བཤེར་དང་། དེའི་ཚིག་འགྲེལ་དྭངས་སང་གངས་ཆུ་་༽ ་་ཞེས་པའི་ནང་དུ་རྒྱལ་ཕྱི་ནང་གི་བོད་དང་འབྲེལ་བའི། བྲག་རྐོས་དང་རྡོ་རིང་ཡི་གེ་ཕལ་ཆེ་བའི་སྐོར་འཁོད་ལ། ལྷོ་བྲག་བྲག་རྐོས་ཡི་གེ། ལྷོ་བྲག་རྫོང་གི་ནུབ་བྱང་དུ་ཡོད་པའི། རྡེའུ་ཆུང་གྲོང་ཚོའི་གཡས་ངོས་ཀྱི། བྲག་རིའི་ལྡེབས་སུ་བརྐོས་ཡོད་པ་དེ་ལ། ཞིབ་འགྲེལ་དང་། པར་བཅས་གསལ་བར་བཀོད་འདུག་ལ། ལྷོ་བྲག་རྫོང་གི་ཤར་ངོས་ནུབ་ཆུ་དང་། སྨན་ཐང་ཆུ་འདྲེས་མཚམས་ཀྱི་བྲག་རྐོས་འདིའི། ཡི་གེའི་ནང་དོན་གོང་དང་གཅིག་མཚུངས་ཡིན་པར། བཤད་པ་ཙམ་ལས་གསལ་བཤད་མ་བཀོད། པར་ལས་ཀྱང་གཡུང་དྲུང་བོན་འཁོར་འདི་མི་མངོན་པར་བྱས་འདུག བྲག་རྐོས་ཡི་གེ་དེ་གཉིས་ནང་དོན་གཅིག་མིན་གང་ལྟར་ཡང་། མི་འདྲ་ས་ནི་རྡེའུ་ཆུར་བྲག་རྐོས་གྱི་སྟོད་སྨད་གཉིས་ལ། གཡུང་དྲུང་བན་བསྐོར་རྐོས་ཡོད་པ་དང་། སྨན་ཐང་ཆུའི་བྲག་རྐོས་ཡི་གེའི་སྟོད་ལ་གཡུང་དྲུང་བོན་བསྐོར་རྐོས་འདུག དེ་ལས་གཞན་བོད་ལྗོངས་ཞིབ་འཇུག་དུས་དེབ་ནང་། ཧོ་ཝེ་ཞེས་པའི་བྲིས་པ་་༼་་་་་བཙན་པོའི་དུས་ཀྱི་ལྷོ་བྲག་གི་བྲག་རྐོས་ལོ་རྒྱུས་་༽་་ལས་་༼་་་མུ་འབྲེལ་རི་བོ་མཐོན་པོའི་བར་ནས་ཆུ་ཕྲན་ཞིག་འབབ་པ། མིག་ལམ་དུ་གྱུར་པ་དེ་ནི། སྨན་ཐང་ཆུ་བོ་རེད། ཆུ་ཕྲན་དེ་དང་ལྷོ་བྲག་ནུབ་ཆུ་འདྲེས་མཚམས་སུ། ཟུར་གསུམ་དབྱིབས་ཀྱི་འབུར་ཐང་ཞིག་གི་སྒང་ན། སྙན་གྲགས་ཆེ་བའི་སྨན་ཐང་བྲག་རྐོས་གནས་ཡོད། རྒྱང་ནས་བལྟས་ནས། རྡོ་རྐོས་ཀྱི་ཕྱི་ཚུལ་ནི་སྐྱ་བོ་ཡིན་པ་དང་། དེའི་གཡོན་ངོས་ཀྱི་སྒང་དུ་བྲག་སྲུབས་རིང་པོ་ཞིག ཡོད་པའི་བར་དུ་རྡོ་ཧྲུག་གིས་བཀང་ནས་གདའ། ཟུར་གྱི་བྲག་རྐོས་ལའང་གཏོར་སྐྱོན་ཆེན་པོ་ཕོག་ནས་འདུག གཏོར་སྐྱོན་དེ་འདྲ་ཡོང་རྐྱེན་ནི་ཁུལ་དེའི་ཕྲུ་གུ་ཚོ། སློབ་གྲྭར་འགྲོ་སྐབས་རྡོ་རྐོས་ཡོད་ས་བརྒྱུད་དགོས། ཕྲུ་གུ་ཚོ་ལ་མི་ཞིག་གིས་ཆུ་ཕ་རིའི་བྲག་སྲུབས་ལ་རྡོ་མང་པོ་བཞུ་ཐུབ་ན། དེ་ཕ་མར་བཀུར་བསྟི་ཆེ་ཤོས་ཡིན་ལུགས་གླེང་ནས། འགྲན་བསྡུར་བྱས་པའི་རྐྱེན་གྱིས་བྲག་སྲུབས་ལ་རྡོ་མང་པོ་བསགས་པ་དང་། རྡོ་བརྐོས་ལའང་གཏོར་སྐྱོན་ཕོག་ཅིང་། རྡོ་རྐོས་ཀྱི་སྟོད་ཆ་ཧ་ལམ་མི་སྣང་བར་གྱུར།་ ་༽་་་ཞེས་གསལ་ཀྱང་རྡོ་རྐོས་ཀྱི་སྟོད་ཆ་ལ་གཡུང་དྲུང་བོན་འཁོར་ཞིག འདུག་པ་དེ་ལ་ཞེ་རྣགས་བྱས་སམ་སྙམ། དེ་མིན་མངའ་རིས་ས་ཁུལ་ནས་གནའ་སྔ་མོའི། བྲག་རྐོས་ཡི་གེ་འགའ་རྙེད་པ་དང་དེ་དག ཞང་ཞུང་སྨར་ཡིག་དང་འདྲ་བར་བཤད་ཀྱང་། བྲག་རྐོས་ཡི་གེའི་སྤར་རིས་སོགས་ཡོངས་གྲགས་སུ། ཁྱབ་སྤེལ་མ་བྱས་པའི་དབང་གིས་རྒྱ་ཆེའི་ཞིབ་འཇུགས་པའི། དཔྱད་གཞིར་མ་གྱུར། དེ་དང་དེ་འདྲའི་བོད་ཀྱི་གནའ་བོའི་རིག་གནས། གནའ་ཤུལ་རྣམས་བག་ལ་ཞ་བ་གྲངས་ལས་འདས། ད་ནས་རིག་གནས་ཡོད་པ། སྙིང་རུས་ཡོད་པ། འཇོན་ནུས་ཡོད་པ། གནའ་རྗས་ལ་དགའ་ཞེན་ཡོད་པ། དང་བླང་པ་སུ་ཞིག་གི་དཀའ་སྤྱད་འབད་བརྩོན་བྱས་ནས། གནའ་ཤུལ་དང་། བྲག་རྐོས་རི་མོ་དག་ལ་དཔྱད་ཞིབ་དང་། སྤར་ལེན། བྱེད་པར་ཐོན་ཕོད་དམ། ཁྱུང་ཞུ་སྨྱོན་པས་སོ།། །།
- ཟིན་ཐོ་གོང་མ།2012།12།31།ཉིན།ས་ཡི་གོ་ལ་འགད་འགྲོ་འམ།
- ཟིན་ཐོ་འོག་མ།སློབ་ཐོན་དཔེ་ཆ་བ་རྣམས་པར་ཞུ་བ། འོས་སྦྱོར།