སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅།།གསོན་རིམ་དང་གཤིན་དགེ་སྒྲུབ་ཚུལ་མེས་པོའི་ཤུལ་བཞག་བཞུགས།  | 2012/6/17 18:41:00

༄༅།།གསོན་རིམ་དང་གཤིན་དགེ་སྒྲུབ་ཚུལ་མེས་པོའི་ཤུལ་བཞག་བཞུགས།

རྣམ་གྲོལ་ལམ་སྟོན་སྟོན་པ་རྫོགས་སངས་རྒྱས།

ཡང་དག་ཐར་ལམ་ལམ་མཆོག་གཡུང་དྲུང་བོན།

ཐར་པའི་ལམ་གྲོགས་གྲོགས་མཆོག་སེམས་པ་སྟེ།

བསླུ་མེད་སྐྱབས་ཡུལ་ཡུལ་དུས་ཀུན་ཏུ་མཆོད།

ཞེས་མཆོད་པར་བརྗོད་ནས་གང་གླེང་བར་བྱ་བ་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྗེས་འཇུག་གཡུང་དྲུང་བོན་ལ་སྤྱོད་མཁན་རྣམས་ཀྱི་གསོན་གཤིན་གྱི་དགེ་རྩ་སྒྲུབ་ཚུལ་སྔོན་བྱོན་རིག་འཛིན་གོང་མའི་རྗེས་བཞག་རང་གི་མཐོང་ཐོས་མྱོང་བ་རྣམས་མདོར་བསྡུས་ཙམ་འབྲི་བ་ལའང་མདོ་དབུས་ཁམས་གསུམ་གྱི་ཡུལ་འབྲོག་སོ་སོའི་ཡུལ་སྲོལ་གོམས་གཤིས་འདྲ་མིན་ཡོད་ཀྱང་ཁྱབ་ཆེ་བའི་དབང་དུ་བྱས་ཏེ་བཤད་པ་ལ་གཉིས་ཏེ་། དང་པོ་གསོན་གྱི་རིམ་གྲོ་ལ་བོད་ཟླ་དང་པོའི་ཚེས་གསུམ་ལ་༼ཡུལ་ལྷ་གསོལ་༽ཞེས་སོ་སོའི་ཡུལ་ལྷའི་གསས་མཁར་བསྟོད་ཅིང་ལྷ་བསང་འབུལ་སྲོལ་དང་། དཔྱིད་དབྱར་དུས་སུ་༼གཡང་སྒྲུབ་དང་ཀླུ་མཆོད་འབུལ་༽ཞེས་རྣམ་རྒྱལ་སྟོང་མཆོད་དང་རྣམ་རྒྱལ་གཡང་སྒྲུབ་གང་རུང་གི་ཞོར་དུ་ས་བདག་ཉེ་ལམ་སྡེ་བཞི་འམ་ཀླུ་མཆོད་འོ་མའི་རྒྱ་མཚོ་བཅའ་འདོན་དང་ས་བདག་ཀླུ་གཉན་འབུམ་བཞི་འམ་ཀླུ་འབུམ་ཀློག་སྲོལ་ཡོད། སྟོན་དགུན་དུས་༼སྟོན་འབུམ་འདོན་༽ཞེས་འབུམ་དང་ཁམས་ཆེན་རྒྱས་འབྲིང་བསྡུས་པ་གང་ལྕོགས་དང་གཟུངས་འདུས་བཅས་ཀློག་སྲོལ་དང་། ༼སྟོན་རིམ་བཅའ་༽ཞེས་རང་རང་ཡི་དམ་གང་བསྟེན་གྱི་ཚོགས་བརྒྱ་དང་སྲུང་བཟློག་བོན་སྐྱོང་སྲུང་མའི་གསོལ་ཁ་དང་ས་བདག་འཁྲུག་བཅོས། ལམ་ལྷ། སྒྲ་བླ་དཔའ་བསྟོད་བཅས་བཅའ་འདོན་དང་སྲིད་རྒྱལ་ལ་ཚོགས་བརྒྱ་སྟོང་གང་འབྱོར་འབུལ་སྲོལ་ཡོད། ལོ་གཉིས་བར་ལ་༼ཚེ་སྒྲུབ་བདུད་བཟློག་༽ཅེས་གཟུངས་འདུས་ཚར་གསུམ་མམ་གང་ལྕོགས་ཀློག་འདོན་བྱ་སྲོལ་དང་དགོན་སྡེ་ཁག་གི་བཤད་སྒྲུབ་འདུས་སྤྱི་ལ་སྐུ་འགྱེད་དང་མང་ཇ་འབུལ་བ་དང་འདུས་སྤྱི་ནས་བྱམས་མ་དང་།- སྟག་བཟློག་མདོ་བཟློག་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་གསུངས་སྲོལ་ཡོད་པ་དེ་དག་ལོ་ལྟར་ཆད་མེད་བྱ་སྲོལ་དང་ནད་པ་སོགས་ལ་མོ་རྩིས་ཞུ་ནས་བཅོས་ཀ་རིམ་གྲོ་སོགས་མོ་ལུང་དང་རྩིས་བབས་ལྟར་བཅའ་འདོན་དང་སོས་མེད་ཀྱི་ནད་པ་ལ་དུ་ཏྲི་སུ་དང་ཆོ་ག་བཅུ་གཉིས་ཀྱི་དབང་ཞུ་སྲོལ་ཡོད་།

ཤོག་ཁའི་སྤྱི་རིམ་ནི་རྣམ་རྒྱལ་སྟོང་མཆོད་དང་ཁྲི་མཆོད་གང་རུང་བླུགས་ཏེ་ཞོར་དུ་ས་བདག་ཉེ་ལམ་སྡེ་བཞི་བཅའ་འདོན་དང་ས་བདག་ཀླུ་གཉན་གྱི་འབུམ་བཞི་ཀློག     སྒྲ་བླ་དཔའ་བསྟོད་བོན་སྐྱོང་སྲུང་མའི་གསོལ་ཁ་སྲིད་རྒྱལ་སྟོང་ཚོགས་བཅས་འབུལ་སྲོལ་དང་། ༼བརྔན་སྣང་ཞི་༽ཞེས་ཡུལ་སའི་བརྔན་མདོས་བཅའ་འདོན་དང་སྣང་ཞི་བླུགས་ཏེ་བཀའ་འགྱུར་འདོན་པ་དང་ཡང་ན་མདོ་འབུམ་གཟུངས་གསུམ་གང་ལྕོགས་ཀློག་སྲོལ་ཡོད་གཞན་སྐབས་བབས་ཡི་དམ་གྱི་སྲུང་བཟློག་ལས་མཐའ་གང་དགོས་བཅས་སྒྲུབ་པ་ནི་གསོན་དགེ་བྱ་ཚུལ་ལོ། གཉིས་པ།        འདས་བསྔོའི་དགེ་རྩ་སྒྲུབ་ཚུལ་ལ།

འདས་བསྔོའི་དགེ་རྩ་སྒྲུབ་ཚུལ་ལའང་དམིགས་བསལ་ཕྲན་ཙམ་མ་གཏོགས་༼དགེ་བ་ཆེ་བཞི་༽འམ་༼ཆོས་ཆེན་སྡེ་བཞིའི༽་ཁོངས་སུ་འདུས་པའི་དེ་ཡང་ནད་པ་འཆི་ངེས་པའི་རྟག་མཚན་ཤར་ན་ཕོ་རྣམས་གཞོག་གཡས་འོག་ཏུ་བཅུག་མོ་རྣམས་གཞོག་གཡོན་འོག་ཏུ་བཅུག་མགོ་བོ་ལྷོ་རུ་བསྟན་སྤྱི་བོར་བཏགས་གྲོལ་བཞག་དེ་ནས་༼ཤི་གསོན་མཚམས་༽ཞེས་ཕྱི་དབུགས་མ་ཆད་ཙམ་ནས་ལུས་དྲོད་མ་ཡལ་བར་ངོ་སྤྲོད་ན་འཕྲོད་པའི་དུས་དང་འཕོ་བ་བརྒྱབ་ན་ཐེབས་པའི་དུས་ཡིན་པའི་སྐབས་འདིར་རྟེན་གསུམ་བྱིན་ཅན་དང་ངོ་སྤྲོད་མཁན་རོ་སྔས་སུ་གདན་དྲངས་ནས་ངོ་སྤྲོད་དང་འཕོ་བ་ཞུ་ན་ཤི་བོ་ལ་ཕན་ཐོགས་ཤིན་ཏུ་ཆེའོ།      ཕྱི་དབུགས་ཆད་ནས་ལུས་དྲོད་མ་ཡལ་བར་དུ་ནང་མི་རྣམས་ཀྱི་ཀུ་ཅོ་དང་ངུ་སྒྲ་སོགས་ཀྱི་ཤི་ཕོའི་རྒྱུད་དཀྲུག་ན་ཤིན་ཏུ་གནོད་པ་ཆེ་བའི་དེ་དག་སྤངས་དགོས་ཏེ་༼ལུང་ལས་ ༽སྐད་གཅིག་བསམ་བློའི་བསྐལ་པའི་སྐྱིད་སྡུག་ནུས། ། བཟང་བྱས་ངན་བྱས་མདོ་དོན་དབུགས་ཐག་གསུམ། ། ཆེ་བསགས་ཆུང་བསགས་བཞག་ནས་སྐད་གཅིག་གིས།།  ཡར་འགྲོ་མར་འཕེན་བཟང་ངན་ད་ལྟ་བྱེད། ། ཅེས་པའི་ཕྱི་མའི་སྐྱེ་ལུས་བཟང་ངན་ད་ལྟ་འཆི་ཁའི་བསམ་སྦྱོར་གཙོར་ཆེ་བའི་དུས་དེར་དགྲ་གཉེན་གྱི་ཆགས་སྡང་དང་རྒྱུ་ནོར་ལ་ཞེན་ཆགས་སྐྱེ་བཞིན་དབུགས་ཆད་ན་ཚེ་གཅིག་དགེ་སྤྱོད་པ་ཡིན་ཀྱང་ཤི་ནས་འདྲེ་རུ་སྐྱེ་བའམ་ངན་སོང་གསུམ་དུ་ལྷུང་བར་ངེས་ཏེ་༼ལུང་ལས་༽ ། ཆགས་སྡང་དམྱལ་བའི་ཡུལ་ལས་འགྲོ་ས་མེད།  བསམ་ངན་སངས་རྒྱས་ཀྱིས་ཀྱང་སྐྱོབ་ཐབས་མེད། ཆགས་ཞེན་འདི་ནི་འཁོར་བའི་རྒྱུ།  མ་ཆགས་པ་ནི་བོན་གྱི་མཆོག། ཅེས་པའི་ཕྱི་དབུགས་ཆད་ནས་ཞག་གསུམ་དྲོས་བཞི་བར་ཀུ་ཅོ་དང་ངུ་སྒྲ་སོགས་ཆགས་སྡང་སྐྱེ་བའི་གཏམ་གླེང་སོགས་སྤངས་ལ།  བླ་གྲྭ་དང་བོན་གཤེན་གང་རྙེད་ཀྱི་བར་དོ་ཐོས་གྲོལ་ཉིན་མཚན་བར་མ་ཆད་པར་དབྱངས་འདོན་བྱ་སྲོལ་དང་ཚེ་འཕོས་མཚམས་སུ་དགོན་སྡེ་ཁག་གི་བཤད་སྒྲུབ་འདུས་སྤྱི་ལ་བསྔོ་འབྲེལ་འབུལ་བ་ནི་དགེ་བ་མཆོག་ཏུ་བརྩི་ཞིང་བཤད་སྒྲུབ་འདུས་སྤྱི་ནས་ཀློང་རྒྱས་དང་ཀུན་རིག་ཞི་ཁྲོ་སོགས་གང་རུང་གིས་བྱང་བཞུ་དང་ཚེ་དབང་སྨོན་ལམ་དང་རིགས་དྲུག་རང་སྦྱོང་སོགས་བསྔོ་སྨོན་གསུངས་སྲོལ་ཡོད།        དེ་ནས་རྩིས་མཁན་ལ་གཤིན་རྩིས་ཞུས་ཏེ་བོན་གཤེན་ཁ་ཤས་ཀྱིས་རྩིས་འབྲས་ལྟར་སྤར་ཁ་དང་སྨེ་བའི་བཅོས་ཀ་རིམ་གྲོ་དང་ཁང་ཐོག་ཏུ་འབྱུང་བའི་དགྲ་གཤེད་སྤྲད་ནས་ས་བདག་སྒྲིབ་བཅོས་ཀྱི་སྒོམ་འཆིང་བཞག་ཏེ་རྒྱ་ནག་ཀག་བཟློག་དང་གནམ་ས་སྣང་བརྒྱད་གཟུངས་འདུས་སོགས་འུར་འདོན་བྱ་དགོས། ཚེ་འཕོས་ནས་ཞག་གསུམ་དྲོས་བཞི་ཉིན་༼ཞག་གསུམ་བླ་མ་༽ཞེས་བླ་མ་རྩ་ཆེན་ཞིག་གདན་དྲངས་ནས་ངོ་སྤྲོད་དང་འཕོ་བ་སྤར་མཚམས་ཕྱི་ནང་དཀྱིལ་འཁོར་གང་རུང་གི་སྒོ་ནས་བྱང་བུ་བཀུགས་དགོས།- དེ་མཚམས་ཕུང་པོ་དྲོངས་ཚེས་རྩིས་འབྲས་དང་བསྟུན་ནས་བྱིས་པ་ལྟ་བུ་ཁ་ཤས་ས་དཔྱད་བརྟག་ནས་ཕུང་པོ་ས་ལ་སྦས་པ་དང་།ཁ་ཤས་དུར་ཁྲོད་ལ་སྐྱེལ་ནས་བྱ་རྒོད་ལ་སྟེར་བ། ཁ་ཤས་ཆུ་ཆེན་གྱི་ཉ་ལ་སྟེར་བ། ཁ་ཤས་ལས་བཞི་རྒྱུད་ལྔའི་སྦྱིན་བསྲེགས་ཀྱི་དཀྱིལ་འཁོར་དུ་མེ་ལ་བསྲེགས་པ་སོགས་ཡུལ་སོ་སོའི་ལུགས་སྲོལ་ལྟར་བྱའོ། དེ་ནས་༼དགེ་བ་ཆེ་བཞི་༽འམ་༼ཆོས་ཆེན་སྡེ་བཞི་༽ལ་འཇུག་པ་སྟེ། དགེ་བ་དང་པོ་༼ཞེ་དགུ་བཞག་༽ཅེས་ཚེ་འཕོས་ནས་ཞག་གསུམ་ཕྱི་ཉིན་བླ་མའི་བྱང་བུ་བཀུག་པ་ནས་བཟུང་ཞག་གྲངས་བཞི་བཅུ་ཞེ་དགུའི་བར་དུ་ཁྱིམ་ཚང་གི་འབྱོར་བ་དང་བསྟུན་པའི་བླ་གྲྭ་དང་བོན་གཤེན་གཉིས་གསུམ་ནས་བཅུ་གཅིག་བར་གང་འབྱོར་གྱི་ཕ་མ་དང་རྒན་རྒོན་སོགས་ལོ་མཐོ་བ་དང་ཡུན་རིང་ནད་མནར་གྱི་ཤི་བ་རྣམས་ལ་ཀློང་རྒྱས་ཆོ་ག་སྟོང་མཚན་རྒྱས་པ་ཚར་རེ་དང་ལྔ་བསྡུས་ཚར་རེ་བཅས་ཞེ་དགུའི་རིང་མི་རེའི་མཆོད་པ་བརྒྱ་ཚར་རེ་འགྲོ་ངེས་བྱེད་ནས་རབ་ཀྱི་༼མཆོད་པ་སྟོང་ཐོག་བརྒྱ་བཞག་༽ཅེས་མི་བཅུ་གཅིག་གི་མཆོད་པ་ཚར་གྲངས་གཅིག་སྟོངགཅིག་བརྒྱ་ཐོན་ཐུབ་བྱ་སྲོལ་དང་གྲིར་ཤི་སོང་བ་དང་གཞོན་ནུ་དང་དར་མ་ནད་དྲག་པོའི་བསད་པ་རྣམས་ལ་ཞི་བ་ཨ་གསལ་དང་ཁྲོ་བོའི་ཚོགས་འཁོར་ཚར་རེ་དང་ཁྲོ་གཞུང་ཧྲང་འདོན་ཚར་རེ་བཅས་མི་རེའི་ཁྲོ་གཞུང་བརྒྱ་ཚར་རེ་འགྲོ་ངེས་བྱ་སྲོལ་དང་བྱིས་པ་སོགས་ལ་སྐྱེ་སྒོ་གཅོད་པ་དང་ཀུན་རིག་སོགས་མདོ་ཆོག་རིགས་ཀྱི་མཆོད་སྦྱིན་བྱ་ནས་༼བྱིས་པ་ཆོས་སྙོགས་ལ་ཆོས་སྦྱིན་བྱ་དགོས་༽ཞེས་ཟེར་སྲོལ་ཡོད་ཞེ་དགུའི་ཚེ་དེ་དག་གང་གསུངས་ཀྱང་ཞོགས་པ་ཚོགས་འདོན་དང་དུས་གཉིས་ལ་དྲི་གསུར་དང་བསྔོ་སྨོན་དགོང་མོ་བཀའ་སྐྱོང་དང་གཏོར་འབུལ་བྲོ་ཚེ་སྒྲུབ་གཡང་འགུགས་བཅས་ཉུང་འདུས་ཙམ་སྨོན་ལམ་རྣམ་གསུམ་དང་ནོར་བུའི་སྨོན་ལམ་རིགས་དྲུག་རང་སྦྱོང་བཅས་ཞེ་དགུའི་རིང་ལ་ཉིན་ལྟར་ཆད་མེད་འདོན་སྲོལ་ཡོད།       ཞེ་དགུའི་ཕྱི་ཉིན་༼ལམ་སྟོན་བླ་མ་༽ཞེས་སྔར་དྲོས་བཞི་ཉིན་བྱང་བུ་བཀུག་མཁན་བླ་མ་གདན་དྲངས་ནས་༼བྱང་དབང་གནང་༽ཞེས་བྱང་བུ་ལ་དབང་བསྐུར་སྐབས་ནང་མི་དང་གཉེན་ཚན་ཀུན་འདུས་ནས་བྱང་བུ་ལ་ཐོད་པ་གཏུགས་ཏེ་རང་རང་གིས་དགེ་སྒྲུབ་སྡིག་སྤངས་ཀྱི་ཁས་བླངས་ཟིན་མཚམས་བྱང་བུ་བཞུ་ནས་བསྔོ་སྨོན་མཛད་སྲོལ་ཡོད་པ་དེ་ལ་༼གཤིན་ཆོས་དང་པོ་༽ཟེར་དེ་སྐབས་ཁྱིམ་ཚང་འབྱོར་ལྡན་ཁ་ཤས་ནས་དམིགས་བསལ་༼བདུན་བྱང་བཞུ་༽ཞེས་བདུན་ཚིག་རེའི་མཚམས་སུ་བླ་མ་རེ་གདན་འདྲེན་ནས་བྱང་བཞུ་རེ་བྱེད་སྲོལ་དང་ཡང་ཁ་ཤས་ནས་༼ལོ་མཆོད་བཞག་༽ཅེས་ཞག་གསུམ་དྲོས་བཞི་ནས་ཕྱི་ལོ་དེའི་བར་ཁྲོ་མཆོད་གང་རུང་འདོན་མཁན་ཨ་མཆོད་འཇོག་སྲོལ་དང་ཡང་འབྱོར་ལྡན་ཁ་ཤས་ནས་༼ལོ་ཆོས་ཀློག་༽ཅེས་མདོ་འབུམ་གཟུངས་གསུམ་ལོ་གཅིག་གི་རིང་ལ་ཀློག་སྲོལ་ཡང་ཡོད་།     ཡང་ཟུར་དུ་སྒྲུབ་གཤེན་གཅིག་གཉིས་ཙམ་གྱིས་༼བྱང་ལུང་དང་རྩིས་བབས་འདོན་༽ཞེས་ཆོས་ཆེན་སྡེ་བཞིའི་བར་བར་དུ་བླ་མའི་དགོང་རྟགས་དང་བྱང་བུའི་པྲ་རྟགས་ཤིང་བྱང་གི་ཁུག་རྟགས་གཤིན་རྩིས་ཀྱི་བབས་འབྲས་སོགས་ལས་བྱུང་བའི་མདོ་འབུམ་གཟུངས་གསུམ་ཀློག་འདོན་དང་བཅོས་ཀ་རིམ་གྲོ་སོགས་བྱེད་པ་དང་༼སྐྱེ་རྟགས་ལྷ་སྐུ་བཞེངས་༽ཞེས་རྩིས་འབྲས་ལྟར་ཐང་ག་ཞིག་བཞེངས་སྲོལ་ཡོད།   དགེ་བ་གཉིས་པ་༼གཤེད་འདུར་དང་བཟློག་པ་བཅའ་༽ཞེས་རྩིས་འབྲས་ལྟར་ཞག་གྲངས་གང་འཚམ་ནས་དབང་ལུང་ཁྲིད་གསུམ་ལྡན་ཞིང་བསྙེན་སྒྲུབ་དྲོད་ཚད་ལྡན་པའི་སྔགས་པ་ཞིག་གིས་དབལ་གསས་དང་ཁྲོ་བོ་གང་རུང་གི་སྒོ་ནས་སྲུང་བཟློག་དང་གསེར་སྒྲོམ་ལྕགས་སྒྲོམ་བུང་བ་སྟག་ཆུང་གསེར་གྱི་ཡང་ཞུན་སོགས་ཕོ་འདུར་མོ་འདུར་གྲི་འདུར་བཅས་སྐབས་བབ་ཀྱི་གཤེད་དང་ཕྲལ། འདུར་འཕྱོང་ཉི་ཟེར་ཞགས་པའི་སྒོ་ནས་ཚེ་འདས་དང་ཤི་གཤེད་ཀྱི་རྣམ་ཤེས་བདེ་གནས་སུ་དྲངས་ནས་དབྱིངས་སུ་སྤར་བ་དེ་ལ་༼གཤིན་ཆོས་གཉིས་པ་༽ཟེར། དགེ་བ་གསུམ་པ་༼ཀུན་རིག་བླུག་༽ཅེས་བླ་གྲྭ་མཁན་སློབ་སྡོམ་ལྡན་བཅུ་ཕྲག་གཉིས་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་གཞུང་བསྲངས་ཏེ་མེ་ཐབ་དཀྱིལ་འཁོར་སྟེང་ཕུང་པོ་འམ་བྱང་བུ་གང་རུང་མེ་ལ་བསྟིམ་ཏེ་སྦྱིན་བསྲེགས་འབུལ་བ་དེ་ལ་༼གཤིན་ཆོས་གསུམ་པ་༽ཟེར། སྐབས་དེར་ཕུང་པོ་ཡོད་ན་བསྲེགས་པའི་ཐལ་བ་ཁག་གཅིག་འཇིམ་པ་བསྲེས་ནས་ཚྭ་ཚྭ་གདབ་པ་དང་ཁག་གཅིག་དུར་ཁྲོད་བྱིན་ཅན་ལ་གཏོར་བ།    ཁག་གཅིག་བསྲེགས་ཤུལ་གྱི་ས་རྡོ་དང་ལྷན་དུ་ས་དཔྱད་བརྟག་ནས་དུར་དུ་སྦས་སྲོལ་ཡོད།    དེའི་སྔོན་རྗེས་གང་རུང་ལ་དགེ་བ་བཞི་པ་ནི་༼ཞི་ཁྲོ་བླུག་༽ཅེས་བླ་གྲྭ་བོན་གཤེན་བཅུ་གཅིག་གམ་གང་འབྱོར་གྱི་ཞི་ཁྲོ་དང་ཐོས་གྲོལ་སྦྲག་པ་ཉིན་བཅུ་གསུམ་ཙམ་ལ་ཚོགས་སྟོང་དང་མར་མེ་ཁྲི་ཙམ་བླུགས་པ་དེ་ལ་༼གཤིན་ཆོས་བཞི་པ་ཞི་ཁྲོ་ཁྲི་མཆོད་༽ཟེར་དེ་བཞི་ལ་༼དགེ་བ་ཆེ་བཞི་༽འམ་༼ཆོས་ཆེན་སྡེ་བཞི་༽ ཞེས་ཤི་ཕོའི་དགེ་རྩ་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད་ད་དུང་༼དུས་དྲན་༽ཞེས་ལོ་ལྟར་ཚེ་འདས་གྲོངས་པའི་དུས་ཚོད་འཁེལ་དུས་ཞི་ཁྲོ་བླུགས་པའམ་སྐྱེ་སྒོ་མར་མེ་ཞེས་འདོན་མི་གང་རྙེད་ཀྱི་སྐྱེ་སྒོའི་མཆོད་སྦྱིན་བྱ་བ་དང་དགོན་སྡེ་ཁག་གིའི་དགེ་འདུན་ལ་འགྱེད་དང་མང་ཇ་འབུལ་བ་སྤྲང་སློང་ལ་སྦྱིན་པ་གཏོང་བ་བཅས་བྱེད་སྲོལ་ཡོད། དེ་ལྟར་གཤིན་པོ་རྒན་དར་གཞོན་གསུམ་དང་ཕ་མ་སྤུན་མཆེད་གཉེན་ཉེ་འབྲེལ་གང་ཡིན་ཀྱང་རང་ཁྱིམ་གྱི་ནང་མི་ཞིག་ཡིན་ཕྱིན་ཆད།     རྗེས་ལ་སྡོད་མཁན་གསོན་པོ་རྣམས་ཀྱི་ཤི་ཕོ་ལ་ཤ་ཚ་དང་སྙིང་རྗེ་བསྐྱེད་དེ་རང་ཉིན་རྗེས་ལ་གསོན་པའི་དོད་པོ་ཤི་ཕོ་ཚེ་འཕོས་ནས་རབ་ལོ་གསུམ།    འབྲིང་ལོ་གཅིག་ཐ་ན་འང་ཞེ་དགུ་ཚུན་ཆད་ལ་ཞེ་སྡང་གི་དབང་དང་ཁ་ཟས་ཀྱི་ཆེད་དུ་སྲོག་གཅོད་པ་སོགས་སྡིག་པའི་ལས་སྤངས་ཅི་ཐུབ་དང་རང་གི་ལུས་ཀྱི་ཕྱག་བསྐོར་ངག་གི་བཟླས་བརྗོད་ཡིད་ཀྱི་ཕན་སེམས་སོགས་དགེ་བ་སྤྱོད་ཅི་ནུས་དང་རྒྱུ་ཟས་ནོར་ལ་སེར་སྣ་མི་བྱེད་པར་གོང་གི་ཆོས་ཆེན་སྡེ་བཞི་སོགས་ཤི་དགེ་རྣམས་འགྲུབ་ངེས་དང་གཞན་ཡང་བཤད་སྒྲུབ་འདུས་སྡེ་ལ་འཚོ་བ་སྦྱོར་བ་སྐུ་གཟུགས་བཞེངས་པ།གསུང་རབ་འབྲི་བ་མཆོད་རྟེན་བཞེངས་པ།    མདོ་འབུམ་གཟུངས་གསུམ་ཀློག་པ།    དར་ལྕོག་འཛུག་པ་ཚྭ་ཚྭ་གདབ་པ།    རྡོ་འབུམ་རྐོ་བ།   གཞན་གྱི་སྲོག་བསླུ་བ།    སྒོ་ཕྱུག་ཚེ་ཐར་གཏོང་བ་སོགས་དཔལ་འབྱོར་དགེ་ཕྱོགས་སུ་གཏོང་ཕོད་ན་ཤི་གསོན་གཉིས་ཀར་ཐར་པའི་འབྲས་བུ་ཐོབ་པར་འགྱུར་ངེས་ཏེ་༼མདོ་ལས་༽དེ་ཡང་ཤིན་ཏུ་དགེ་ཅན་དང་སྡིག་ཅན་ཡར་མར་ཟངས་ཐལ་དུ་འགྲོ་བ་མ་གཏོགས་པའི་འཁོར་བའི་སེམས་ཅན་སྐྱེ་རྒ་ན་འཆི་ལ་བརྒྱུད་པ་རྣམས་ནི་ཤི་ནས་ཞག་གསུམ་བར་དུ་གསོན་ཚེ་གར་སོང་གར་བསྡད་ས་རུ་ཕྱིན་ནས་བསྐོར་བའི་ཐང་ཆད་དེ་གནས་མལ་དུ་འཁོར་ནས་ཞག་བཞི་བཅུ་ཞེ་དགུའི་བར་དུ་སྡོད་དོ།- དེའི་ཚེ་ནང་མི་རྣམས་ཀྱི་དགེ་རྩ་བྱས་པ་དང་རང་གི་ཚེ་སྔོན་བོན་ལ་སྤྱོད་པའི་སྟོབས་ཀྱིས་སངས་རྒྱས་པ་ཡང་སྲིད་ལ་ཁ་ཤས་སྒྲིབ་གཉིས་བྱང་ཚོགས་གཉིས་རྫོགས་ཏེ་བར་ལྷ་འོད་གསལ་དུ་སྐྱེ་བ་ཡང་ཡོད།    ཐ་མ་ཡང་ངན་སོང་སྐྱེ་སྒོ་ཆོད་ནས་དག་པ་ལྷ་དང་མི་ཡི་སྐྱེ་བ་རྒྱུད་དེ་རྣམ་དཀར་དགེ་ལ་འཕྲད་ནས་ཐར་པའི་གོ་འཕང་ཐོབ་པའང་ཡོད་དོ། དེ་མིན་ཚེ་སྔོན་སྡིག་སྒྲིབ་བསགས་པའི་རྣམ་སྨིན་དང་ནང་མི་རྣམས་ཀྱི་དགེ་རྩ་མ་བཏང་བའི་རྐྱེན་ལས་ངན་སོང་དམྱལ་བར་སྐྱེའོ་ཞེས་དང་ ༼ཡང་རྩེ་ལས་༽དགེ་བ་ཁད་ཀྱི་རྒྱུད་པའི་བར་དོ་ནི་སྔོན་དུ་རང་གི་སྤྱད་པའི་དགེ་བ་དང་ཕྱི་ནས་གཞན་གྱི་སྒྲུབ་པའི་དགེ་བ་གཉིས་འཛོམས་ཏེ་གནས་ངན་པ་ནས་གནས་བཟང་པོར་སྐྱེ་བའི་ཤི་བའི་རྗེས་དགེ་བའི་ཕན་པ་ཡང་དེ་ཡིན་ནོ།    སྡིག་པ་ཁད་ཀྱི་རྒྱུད་པའི་བར་དོ་ནི་སྔོན་དུ་རང་གི་སྤྱད་པའི་སྡིག་པ་དང་ཕྱི་ནས་གཞན་གྱི་སྣན་པའི་སྡིག་པའི་གནས་བཟང་པོ་ནས་གནས་ངན་པར་སྐྱེ་བའི་ཤི་བའི་རྗེས་སུ་སྡིག་པའི་གནོད་པ་ཡང་དེ་ཡིན་ཞེས་གསུངས་པས་སོ། ཤིན་ཏུ་འབྱོར་བ་ཆུང་ཞིང་དབུལ་པོ་ཡིན་ཀྱང་གཤིན་ཆོས་དང་པོ་དང་གཉིས་པ་ངེས་པར་དུ་ཨེ་ཐོན་བྱེད་ནས་གལ་ཆེན་དུ་བརྩི་སྲོལ་ཡོད་པ་ལས་༼དང་པོ་༽ནི་གོང་དུ་མདོ་ལས་གསུངས་པ་ལྟར་༼ཚེ་འདས་ཞེ་དགུའི་ཚེ་རང་ཁྱིམ་དུ་འཁོར་ཞིང་སྡོད་སྐབས་འཁྱགས་ལྟོགས་སྐོམ་པའི་སྡུག་བསྔལ་གྱིས་མནར་ཡང་མ་བསྔོས་བར་དུ་ཟས་སྐོམ་ཀྱང་མི་ཐོབ་ཅིང་།   བྱ་སྤུ་རླུང་གི་ཁྱེར་བ་ལྟར་འགྲོ་འདུག་བརྟེན་གནས་ལ་རང་དབང་མེད་པར་སྡུག་བསྔལ་དང་འཇིགས་སྐྲག་ཤིན་ཏུ་ཆེ་བའི་དུས་དེར་བླ་མའི་ཐུགས་རྗེས་ཚེ་འདས་ཀྱི་བླ་ཡིད་བཀུག་ཏེ་བྱང་བུ་ལ་བསྟིམས་ནས་འཇིགས་སྐྲག་དང་སྡུག་བསྔལ་ལས་སྐྱོབ་པ་དང་ཨ་མཆོད་ཀྱི་ཟས་སྐོམ་དང་དྲི་གསུར་རྣམས་བསྔོས་པའི་བཀྲེས་སྐོམ་ཚིམས་ནས་བདེ་བ་དང་ལྡན་པར་གྱུར་༽ཞེས་པའི་གསུང་རྒྱུན་ཡོད་པའི་དབང་གིས་ཤི་ཕོ་སོ་སོའི་ཁྱིམ་ཚང་ལ་ཞེ་དགུ་གསུངས་མཁན་ཨ་མཆོད་གཉིས་ཡན་བཞག་ནས་བྱང་བུ་མདུན་མཆོད་སྦྱིན་དང་གསུར་བསྔོ་སྨོན་བཅས་མ་ཆད་པར་བྱ་སྲོལ་ཡོད། ༼གཉིས་པ་ནི་ ༽ཚེ་འདས་གཤེད་དང་མ་ཕྲལ་ན།། 

ལུག་དང་སྤྱང་ཀི་མགོ་སྦྲེལ་འདྲ།། 

ཚེ་འདས་ཐར་པའི་བདེ་གནས་མེད།། ཞེས་གསུང་སྲོལ་དང་༼འདུར་གཞུང་ལས་༽

སྲོག་གཅོད་གཤེད་པོ་མི་ཟན་ཁོས།།

ཚེ་འདས་ཉོན་མོངས་ལུས་རྗེས་འདི།། འགྲམ་པ་གཡས་དང་གཡོན་ནས་རྒྱབ།། འདུག་དབང་མེད་ཅིང་འགྲོ་དབང་མེད།།

 དགེ་བ་ཡོད་ཀྱང་ཁོ་ཡི་འཕྲོག།

མཐོ་རིས་མི་གཏོང་སྔོན་ནས་བཀག།

སྡིག་པ་མེད་ཀྱང་དམྱལ་བར་འཕེན།།

དགེ་བ་འཕྲོག་ཅིང་སྡིག་པ་སྣོན།།

བདེ་བའི་གནས་མལ་སྐད་གཅིག་མེད།།  ནང་ཡང་ཁྲག་ལ་ཧུབ་བདུན་འཐུང་། །

 ནུབ་ཀྱངཤ་ལ་ཁམ་བདུན་ཟ།། 

ཟས་སྐལ་དགེ་བ་གཉིས་ཀ་འཕྲོག།

ངན་སོང་དམྱལ་བའི་གནས་སུ་ཁྲིད།།

 བསྐལ་པ་སྟོང་ལ་ཐར་དུས་མེད།།

གསོན་པོ་རྣམས་ལ་བདུད་དུ་འབེབས།།

ཆུང་བ་རྣམས་ལ་ཆུང་སྲི་བྱེད།།

དར་མ་རྣམས་ལ་དར་སྲི་བྱེད།།

རྒན་པ་རྣམས་ལ་རྒན་སྲི་བྱེད།།-

ཕོ་རིགས་རྣམས་ཀྱི་ཕོ་སྲི་བྱེད།།

མོ་རིགས་རྣམས་ཀྱི་མོ་སྲི་བྱེད།། 

རྟ་ནོར་ཕྱུགས་ཀྱི་གོད་སྲི་བྱེད།།

གསོན་བདུད་ཤི་གཤེད་མ་བཏུལ་ན།།

གསོན་པོ་རྣམས་ལ་འདུག་ཡུལ་མེད།།

ཤི་བ་རྣམས་ལ་ཐར་ལམ་མེད།།  དེ་ཕྱིར་ཟ་འདྲེ་ཤི་གཤེད་འདུལ།།ཞེས་དང་ཡང་༼གྲི་འདུར་ལས་༽ གནོད་བྱེད་དར་སྲི་གྲི་རྒོད་འདིས།། ཚེ་འདས་སྲོག་གཅོད་དབུགས་ལེན་བྱས།།

བེམ་རིག་སོ་སོར་ཕྱེས་ནས་ཀྱང་།།

བླ་ནི་བྱིའུ་ཕྲུག་བཞིན་དུ་ཡལ།།

སེམས་ནི་བྱ་སྒྲོ་བཞིན་དུ་འཁྱམས།།

རིག་པ་གྲི་བོ་གཤེད་ཀྱིས་བཟུང་།།

འགྲོ་དབང་མེད་ཅིང་འདུག་མི་སྟེར་།།

སྔུན་ནས་བཀག་ཅིང་ཕྱི་ནས་འཕུལ།། སྟེང་ནས་གནོན་ཞིང་འོག་ནས་བཏེགས།། གཡས་ནས་རྒྱུབ་ཅིང་གཡོན་ནས་བརྡུང།། དགེ་བ་འཕྲོགས་ཤིང་ཐར་ལམ་བཀག།   སྡིག་པ་སྣོན་ཞིང་དམྱལ་བར་འཕེན།། གཏད་པའི་ཟས་སྐོམ་གཤེད་ཀྱི་འཕྲོགས།། བརྡུང་བསད་སྡིག་པ་བསམ་མི་ཁྱབ།།

ཚེ་འདས་ཤ་ཁྲག་གཤེད་ཀྱི་ཟ།།

གསོན་པོ་རྣམས་ལ་བདེ་དུས་མེད།། 

གྲི་རྒོད་ལུས་དང་གྲིབ་མར་འགྲོགས།།

དེ་ཕྱིར་གྲི་རྒོད་ད་འདུར་འཚལ།། ཞེས་གསུངས་པ་ལྟར་གཤིན་ཆོས་གཉིས་པ་གཤེད་འདུར་དང་བཟློག་པ་མ་ཐོན་ན་དེ་མིན་དགེ་བ་གང་བྱས་ཀྱང་ཤི་གཤེད་ཀྱིས་འཕྲོག་ནས་ཚེ་འདས་ཐར་པ་གཏན་ནས་མི་ཐོབ་ཅེས་གསུངས་པ་ལྟར་རོ། ཤི་གསོན་རྣམས་ཀྱི་༼དགེ་རྩ་སྒྲུབ་མཁན་༽ནི་ རྟེན་སྔགས་པའམ་བོན་གཤེན་དང་ བཙུན་པའམ་སེར་མོ་བ་གང་ཡིན་རུང་ རབ་སྟོང་ཉིད་རྟོགས་ཤིང་རྫོགས་ཆེན་གྱི་དོན་དང་ལྡན་པ། འབྲིང་ལྷ་སྔགས་ཏིང་ངེ་འཛིན་ལ་རང་དབང་འབྱོར་ཞིང་གསང་སྔགས་ཀྱི་དོན་དང་ལྡན་པ། ཐ་མ་འང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཚད་ལྡན་ཞིག་རྒྱུད་ལ་གནས་པ་དང་རྒྱུ་ནོར་གཏམ་གསུམ་ལ་མི་རེ་བར་སྐབས་སུ་བབས་པའི་ཡོན་བདག་ལ་དམིགས་ཏེ་དེས་སྡུག་བསྔལ་བྲལ་འདོད་དང་།    བདེ་བ་ལྡན་འདོད་ཀྱི་ཀུན་སློང་གིས་ཟིན་པ་ཞིག་དགོས་པར་གསུངས་སོ། སྒོ་གསུམ་བསགས་པའི་དགེ་བའི་མཐུ་དཔལ་གྱིས།། ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་ཀུན།། དུག་གསུམ་རྒྱུ་འབྲས་རྣམ་སྨིན་ཀུན་བྱང་ནས།      སྐུ་གསུམ་བླ་མེད་བྱང་ཆུབ་ཐོབ་པར་ཤོག། 

 

ཅེས་པ་འདིའང་གཞན་ཕན་ལྷག་བསམ་གྱི་ཕྱུག་ཅིང་རང་རིགས་ཀྱི་ཡུལ་སྲོལ་གོམ་གཤིས་ལ་གཙིགས་སུ་འཛིན་མཁན་དགེ་རྒན་སྐར་མ་འབྲུག་རྒྱལ་ནས་འདི་ལྟར་དགོས་ཞེས་ཡང་ཡང་བསྐུལ་བའི་ངོར་མཐའ་ཞུ་འོད་ཟེར་མཐའ་རྒྱས་པས་ཁྱུང་ནག་དགོན་བསམ་གཏན་གླིང་དུ་སྤྱི་ལོ་༢༠༠༨ལོར་སྦྱར་བ་དགེ་གྱུར་ཅིག།།།།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.