སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཆད་རྭའི་གྲུ་ཟུར་དུ་སྙན་པའི་ལྷ་ཡི་པི་ཝང་།
[ 2011/7/8 15:38:00 | By: ཁྱུང་བྱ་ར་བ། ]
 

འཆད་རྭའི་གྲུ་ཟུར་དུ་སྙན་པའི་ལྷ་ཡི་པི་ཝང་།  

ཁྱུང་ཤེས་རབ།

ང་པོ་རྒྱུ་འབྲས་ཀྱི་རྣམ་བཞག་ལ་གཉིས་ལས།  དང་པོ་རྒྱུ་ལ་མཐར་དཔྱད་པ་དང་།  དངོས་བཤད་པ་གཉིས།  དང་པོ་ནི།   རང་གི་རྒྱུ་རྐྱེན་ལས་སྐྱེས་པ་དེ།  མཚན་ཉིད་ཡིན་མིན་གྱི་རྩོད་པ་དང་རྩོད་སྤོང་མང་པོ་བྱེད་མོད།  འོན་ཀྱང་།  བོན་གྱི་སྤྱན་ལྡན་ཆེན་པོ་དང་།  རྗེ་བདག་ཉིད་ཆེན་པོའི་ཚད་མ་དང་གཞུང་ལུགས་རྣམས་ལས།   རྒྱ་ཆེར་མ་མཐོང་སྟེ།  དེ་མཚན་ཉིད་དུ་མ་གསུངས་མོད།  ཡིན་ཡང་འཚོལ་དགོས།   འོ་ན་དེ་མཚན་ཉིད་མ་ཡིན་པར་ཐལ།  གོང་དེར་མ་གསུང་པའི་ཕྱིར།  ཅེ་ན།  མ་ཁྱབ།  དེ་ལས་གཞན་མཚན་ཉིད་དུ་བཞག་པའི་གཞུང་ལུགས་ཡང་དག་ཅིག་འཇོག་རྒྱུ་ཡོད་པར་ཐལ།  ཞེ་ན།  འདོད་དེ།  ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་སུམ་ལྡན་སྡུད་གྲྭའི་མཐའ་དཔྱོད་ལས་གསུང་པའི་ཕྱིར།  མ་གྲུབ་ན་དེར་ཐལ།  དེ་ཉིད་ལས། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། འདུས་བྱས་ཀྱི་མཚན་ཉིད། ཞེས་གསུང་པའི་ཕྱིར།  ཡང་ཁ་ཅིག་གིས།  འདུས་བྱས་ལ་རང་གི་རྒྱུ་རྐྱེན་ལས་སྐྱེས་པས་ཁྱབ་པ་འཇོག་བྱེད་ཡང་དག་ཏུ་མ་སོང་པའི་ཕྱིར།  ཅེས་མི་མཐུན་པ་སྨྲ་བ་མང་ངོ་།  ཡང་ཁ་ཅིག་ན་རེས།  རང་གི་རྒྱུ་རྐྱེན་ལས་སྐྱེས་པ་མེད་པའི་ཕྱིར།  མ་གྲུབ་ན་དེར་ཐལ། རང་གི་རྒྱུ་རྐྱེན་མེད་པའི་ཕྱིར།  དེར་ཐལ། རང་གི་རྒྱུ་མེད་པའི་ཕྱིར། དེར་ཐལ། རང་རྟག་པ་ཡིན་པའི་ཕྱིར།  ཅེས་སྨྲའོ། ཡང་རྒྱུ་རྐྱེན་ལས་སྐྱེས་པ་དེ།  འདུས་བྱས་ཀྱི་མཚན་ཉིད་ཡིན་ཟེར་ན།  དེ་ལ་ཁོ་ན་རེ། འདུས་བྱས་ཡིན་ན། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པའི་ཁྱབ་པར་ཐལ།  འདོད་པའི་ཕྱིར།  འདོད་ན།  རྒྱུ་རྐྱེན་བོན་ཅན།  དེར་ཐལ། དེའི་ཕྱིར། འདོད་ན། དེ་བོན་ཅན།  རྒྱུ་རྐྱེན་ལས་སྐྱེས་པ་མ་ཡིན་པར་ཐལ། རྒྱུ་རྐྱེན་དང་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུ་རྐྱེན་གྱི་ལྡོག་པ་ཡིན་པའི་ཕྱིར། མ་གྲུབ་ན་སླའོ། མ་གྲུབ་མཚམས་སུ་མ་ཁྱབ་ན།  ཁྱབ་པ་ཡོད་པར་ཐལ།  དེ་ཡོད་པ་ལུང་གིས་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། སུམ་ལྡན་སྡུད་གྲྭའི་མཐའ་དཔྱོད་ལས། ཁྱོད་ཁྱོད་ལས་སྐྱེས་པ་མ་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར།  ཅེས་གསུངས་པའི་ཕྱིར།   ཡང་དཔོན་སློབ་ཡོན་ཏན་རྒྱ་མཚོ་ལ་སོགས་མཁས་པ་ཁ་ཅིག་གིས།  ཀ་བ་སྐྱེད་བྱེད་དེ། ཀ་བའི་རྒྱུ་ཡི་མཚན་ཉིད་ཅེས་གསུང་པ་ལྟ་བུ་ལ། ཁོ་ན་རེ།  ཀ་བའི་རྒྱུ་ཡིན་པར་ཐལ། ཀ་བ་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཁས་ཞེས་རིགས་པ་སྨྲ་བ་རྣམས་ཀྱིས་འཕྲུལ་འཁོར་ཡ་མཚན་རེ་བསྐོར་བར་བྱེད་དོ།  ཡང་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་དེ། འདུས་བྱས་ཀྱི་མཚན་ཉིད་འགྲིགས་པར་ཐལ།  རང་གི་ཉེར་འབྲས་ཀྱི་ངོ་བོའི་གཙོ་བོར་ཕན་འདོགས་བྱེད་དེ།  ཉེར་ལེན་གྱི་རྒྱུ་ཡི་མཚན་ཉིད་འཐད་པའི་ཕྱིར།  མ་གྲུབ་ན་སླ།  དེ་གཉིས་མཉམ་པོར་རང་སྒྲ་སྨོས་པ་འདྲ་བས། རང་རྒྱུ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་པའི་ཕྱིར།  གཉིས་པ་རྒྱུ་དངོས་བཤད་པ་དང་། ཞོར་བྱུང་བཤད་པ་གཉིས། དང་པོ་ལ་གཉིས་ལས། དང་པོ་མཚན་ཉིད་ནི། རང་འབྲས་ལ་ཕན་འདོགས་བྱེད། རྒྱུ་ཡི་མཚན་ཉིད།  གཉིས་པ་དབྱེ་བ་ནི།  དངོས་རྒྱུ་དང་རྒྱུད་རྒྱུ་གཉིས། བོན་དེ་ལ་དངོས་སུ་ཕན་འདོགས་བྱེད་དང་། བོན་དེ་ལ་རྒྱུད་ནས་ཕན་འདོགས་གཉིས་རིམ་བཞིན་དུ། དངོས་རྒྱུ་དང་རྒྱུད་རྒྱུའི་མཚན་ཉིད་འཐད་དོ།  གཉིས་པ་ནི།  རང་རྒྱུ་རང་རྒྱུ་དང་གཅིག་ཡིན་ཞེས་པའི་རང་རྒྱུ་དང་། རང་རྒྱུ་རང་རྒྱུ་ལས་སྐྱེས་ཞེས་པའི་རང་རྒྱུ་གཉིས་མི་འདྲ་བའི་ཕྱིར། མ་གྲུབ་ན། དེར་ཐལ། རང་རྒྱུ་རང་རྒྱུ་དང་གཅིག་ཞེས་སྨོས་པའི་ཚེ་ན། སྤྱིར་རང་རྒྱུ་ཡོད་པའམ་རང་རྒྱུའི་རང་ལྡོག་ཙམ་བློའི་ཡུལ་དུ་བྱེད་པ་མ་གཏོགས་འཕར་བ་ལ་སོགས་པའི་རྣམ་བཞག་མི་བྱེད་པའི་ཕྱིར།  རང་རྒྱུ་རང་རྒྱུ་ལས་སྐྱེས་ཞེས་པའི་སྐབས་ནས། རང་རྒྱུ་རང་རྒྱུའི་རྒྱུ་ལས་སྐྱེས་པ་ཡིན་པ་འདོད་ཅེས་དོན་སོ་སོར་ནས་སྟོན་རྒྱུ་ཡོད་པ་ཧ་གོ་ན།  རང་རྒྱུ་རང་རྒྱུ་ལས་སྐྱེས་པ་མ་ཡིན་པར་ཐལ།  རང་རྒྱུ་རང་རྒྱུ་དང་གཅིག་ཡིན་པའི་ཕྱིར་ཅེས་སོགས་ཀྱིས་མི་གནོད་པའི་ཕྱིར་ཏེ། དེའི་བར་ན་མགོ་བོ་སྒུར་མི་དགོས་པའི་ཕྱིར་རོ།   འདིའི་སྐབས་བོན་གྱི་སྤྱན་ལྡན་ཆེན་པོའི།   ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ལས།  བྱས་པ་དེ་རྣམ་པར་བཞག་བྱ་གཞི་ལ་གྲུབ་ཀྱི་ལྡོག་པ་མ་ཡིན་པས་ཐ་དད་ཡོད་ལ། ལྡོག་པ་རྟེན་པའི་གཞི་ཡིན་པས་བྱས་པ་རྒྱུ་བསྐྱེད་ཀྱི་མཚོན་བྱར་འཐད་དོ། ཞེས་རྒྱུ་བསྐྱེད་དེ་བྱས་པའི་མཚན་ཉིད་དུ་གསུང་མོད། འོན་ཀྱང་ཕྱིས་ནས་རྗེ་རིན་པོ་ཆེས་རྒྱུ་རྐྱེན་ལས་སྐྱེས་པ་དེ་བྱས་པའི་མཚན་ཉིད་དུ་གསུང་པ་དང་མཁན་ཉི་མས་རང་གི་རྒྱུ་རྐྱེན་ལས་སྐྱེས་པ་དེ་འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་པ་རྣམས་ཀྱི་རྣམ་དབྱེ་ཤེས་པར་མཛོད་ཅིག ཡང་སྒྲས་བརྗོད་ཚུལ་གྱི་དབང་དུ་བཏང་ན། བཀའ་དྲི་མ་མེད་པ་སྡུད་པ་ཚིགས་སུ་བཅད་པ་ལས།  མེའི་རྒྱུ་གང་ཞེ་ནམ་མཁའ་སྟེ། ཅི་ཕྱིར་ཞེ་ན་མཁའ་ལས་རླུང་བྱུང་ཞིང་། རླུང་གི་དྲོད་ལས་རིན་ཆེན་མེ་སྲིད་པས། མེ་དེ་ཀུན་བསྲིད་སྲིད་མེ་རིན་པོ་ཆེ། ཞེས་གསུངས་པ་དང་།  རྗེའི་སྡུད་འགྲེལ་ལས། མེའི་རྒྱུ་ཡང་ནམ་མཁའོ། མེ་རིན་པོ་ཆེ་ལས་མ་སྲིད་པ་མེད་པས། སྲིད་པའི་མེ་རིན་པོ་ཆེའོ།  ཞེས་ནམ་མཁའ་རྒྱུ་རུ་སྨོས་པ་དང་།  རྣམ་པར་འཇོག་བྱེད་ཀྱི་རྒྱུ་ཞེས་པ་དང་།  བྲལ་རྒྱུ་ཞེས་པ་དང་།  ཡང་མཁའ་ལ་རྒྱུ་དང་།  འགྲོ་རྒྱུ་མ་རེད་ལྟ་བུ། སྒྲ་འདྲ་བ་རྒྱུ་ཞེས་པ་འདི་རྣམས་ལ་ཚིག་སྐྱོན་དང་སྒྲོ་འདོགས་ལེགས་པར་གཅོད་དགོས། ད་དུང་གཅིག་བཤད་ན། བོན་ཐམས་ཅད་ཀྱི་བྱུང་གནས་ཐིམ་གསུམ་ཡིན་པ་གྲོལ་འཁྲུལ་གཉིས་ཀྱི་རྟེན་གཞི་དང་། དབུ་མ་བའི་ལམ་གྱི་དམིགས་རྐྱེན་དུ་གསུང་པའི་སྟོང་ཉིད། རྒྱལ་བའི་ཉེར་ལེན་གྱི་རྒྱུར་གྱུར་པའི་བདེར་གཤེགས་སྙིང་པོ། ཞེས་པ་རྣམས་ཀྱི་ཚིག་ཟུར་དུ་ཡོད་པའི་རྒྱུ་དང་ཉེར་ལེན་ཞེས་པ་རྣམས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་མིན་ནའང་རྟག་པ་གཞན་མ་རྣམས་དང་ཅུང་ཞིག་མི་འདྲ་བའི་རྣམ་བཞག་ཤེས་དགོས། ཡང་ཀུན་མཁྱེན་ཉི་མའི་བསྡུས་གྲྭའི་སྐབས་སུ། རྒྱུ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ་ཞེས། རྒྱུ་དྲུག་པོ་དེ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་འཇོག་དགོས་དོན། རྒྱུ་དྲུག་ཁ་ལ་རྒྱུ་ཞེས་པའི་སྒྲ་མཐུན་པས་སམ། ཡང་ན་རྒྱུ་དྲུག་པོ་གང་རུང་ཡིན་ན་རྒྱུ་ཡིན་མི་དགོས་པ་བསྟན་པ་གང་ཡིན། གསལ་བར་མ་མཐོང་། བསྡུས་གྲྭ་གཞན་མ་འགར་ལྟོས་ན་བྱེད་རྒྱུ་ཡིན་ན་རྒྱུ་ཡིན་པའི་མ་ཁྱབ་པ་སྨྲ་བ་མང་ངོ། གཞུང་འདིའི་ནང་རྒྱུ་དྲུག་རང་རང་གི་མཚན་ཉིད་ཀྱི་བབ་ལ་བརྟག་ན་ཚང་མ་བྱེད་རྒྱུ་ཡིན་དགོས་པ་དང་བྱེད་རྒྱུ་ཡིན་ན་རྒྱུ་ཡིན་པའི་ཁྱབ་པ་བསྟན་འདུག་སྙམ།  གཉིས་པ་འབྲས་བུའི་རྣམ་བཞག་ཤུགས་ལ་གོ་ཐོབ་པས་ཡིག་ཚོགས་ལ་དོགས་ནས་འདིར་མ་བྲིས།  །།                        2006-3=5

 
 
Re:འཆད་རྭའི་གྲུ་ཟུར་དུ་སྙན་པའི་ལྷ་ཡི་པི་ཝང་།
[ 2011/8/15 16:33:12 | By: སྐུ་མགྲོན་M62Tkx(སྐུ་མགྲོན) ]
 
སྐུ་མགྲོན་M62Tkx(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.