སྟེང་ཆེན་རང་བྱུང་སྨན་ཁྲུས།
མདོ་སྔགས་རྫོགས་གསུམ་དར་སའི་སུམ་པ་གླང་།།
དཀར་ནག་སེར་གསུམ་གདན་སའི་སུམ་པ་གླང་།།
བཤད་སྒྲུབ་སྒོམ་གསུམ་རྒྱས་སའི་སུམ་པ་གླང་།།
སུམ་ལྡན་དཔལ་གྱི་སྟེང་ཆེན་བསྟན་པའི་ཞིང་།།
ཞེས་སྐབས་སུ་གླེང་བར་བྱ་བ་རང་བྱུང་སྨན་ཁྲུས་ཞེས་པ་འདི་ནི། དུས་རབས་ཉེར་གཅིག་པའི་ཡར་སྔོན་གྱི་ཡར་སྔོན་ནས་ངོམ་རིན་ཡོད་པའི་རང་བྱུང་གི་གཏེར་ཁ་ཞིག་ཡིན་ཡང་གཅེས་སྐྱོང་དང་སྔོག་འདོན་བྱེད་མཁན་ཕར་ཞོག་ཤེས་མཁན་ཧ་ཅང་ཉུང་ངུར་ཆགས་ཡོད། དཔེར་ན་ནོར་བུ་རང་ལ་ཡོད་ཀྱང་ནོར་བུ་ནོར་ཉམས་མ་ཆོད་ཅེས་པའམ། ཡང་ན་ལྷ་སའི་རྒན་མོས་ལྷ་སའི་ཇོ་མི་མཇལ་ཞེས་པའི་དཔེ་དོན་མཚུངས་པར་སེམས། དེ་ཡང་སྟེང་ཆེན་རྫོང་གི་ནུབ་བྱང་མཚམས་སུ་ཡོད་ཅིང་འདིར་ཕེབས་ན་འཕྲུལ་རྟ་དུས་ཚོད་ཕྱེད་ཟིན་ཙམ་ལས་བགྲོད་མི་དགོས། དེས་ན་དེང་དུས་རབས་ཉེར་གཅིག་པའི་ནང་བྱང་གཞུང་གི་མང་ཚོགས་ཀྱིས་ཀུན་ནས་སློང་སྟེ། གཞན་ཕན་གྱི་དྲི་བསུང་ཕོན་པོའི་འོག་ཁོར་ཡུག་འཛུགས་བསྐྲུན་དང་། གཙིགས་ཆེན་བསྔོགས་འདོན་བྱས་པ་ལགས་ན། དེ་ཡང་གཙོ་བོ་སྤྱི་ཚོགས་དང་འཚམས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་སྨོས་མ་དགོས་པ་ཡིན་མོད། འོན་ཀྱང་སྐྱེ་བོ་ཡོངས་ཀྱི་ལུས་ཁམས་དྭངས་ཤིང་ཚེ་རིང་ནད་མེད་ཡོང་བའི་ཆེད། རང་རེ་ཚོས་རང་བྱུང་གི་སྨན་ཁྲུས་གསོལ་དགོས་པ་དེ་ཡང་རེད། དེ་ཡང་གོ་རིམ་བཞིན་དང་པོ་ཁྲུས་གསོལ་ཚུལ་དང་། གཉིས་པ་དེ་ཡི་ཕན་ནུས་དང་། གསུམ་པ་དེ་མཐུན་གྱི་ཤེས་བྱ་འགའ་གླེང་པར་བྱ། དང་པོ་ནི། ཁྲུས་ལ་རོལ་མཁན་སྐྱེ་བོ་ཕོ་མོ་གང་ཡིན་རུང་། རང་གིས་ཐོག་མར་གསོལ་ཟས་ཡག་ཐག་ཆོད་རེ་བཞེས་ནས་འདིར་ཕེབས་པ་དང་། སྨན་ཁྲུས་ལ་འཇུག་ཚེ་མས་ནས་རིམ་བཞིན་ནུབ་པར་བྱས་ཏེ་སྐར་མ་ལྔ་དང་བཅུའི་བར་འགུལ་སྤྱོད་དྲག་པོ་མིན་པར་རང་མལ་དུ་བདེ་བར་གཟིམས་དགོས། དེ་ནས་རང་གི་གཟུགས་ཕུང་ཡོངས་རྫོགས་འཕུར་ནས་འཚམས་ཚོད་ཀྱི་དགྱེ་བཀུག་དང་བསྐུ་མཉེ་ལེགས་པར་བྱ། ཡང་འདག་ཆལ་སོགས་ཁྲུས་རྫས་ཅི་རིགས་སྦྱར་ཏེ། རང་གི་ལུས་ཕུང་ལ་གོས་པའི་ཚི་དྲེག་ཡོད་ཚད་ཕྱིར་འདོན་ཐུབ་པར་བྱེད་ལ། མཐར་གཙང་ཆུས་རང་དང་ཁྲུས་གཞོང་གཉིས་ཁ་ལེགས་པར་བཤལ་ནས་རང་ཡུལ་དུ་གློ་བུར་ལོག་རྒྱུ་མིན་པ། དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་དེ་ཆུ་ཉལ་རུམ་དགོས་ཞེས་བཤད་སྲོལ་ལྟར། ཉལ་ཁང་སོགས་སུ་གོས་དྲོན་པོས་ལུས་ཡོངས་རྫོགས་ཁེབ་པར་བྱས་ཏེ་རིམ་བཞིན་ཆུ་ཉལ་གྱིས་ཕོག་པའི་ལུས་དྲོད་དྭངས་པར་བྱ་དགོས། དེའི་ཚེ་ལུས་རྔུལ་བར་བྱུང་ན་རང་གི་བདེ་ཐང་ལ་ཕན་ཐོག་ཆེ་བར་བཤད། གཉིས་པ་ཕན་ནུས་ལ་གཉིས། རང་དང་ཁོར་ཡུག་གཉིས། དང་པོ་ནི་དམངས་ཁྲོད་ལྟར་གཙོ་བོ་དྲེག་གྲུམ་དང་མཁལ་མ་སོགས་གྲང་བའི་ནད་རིགས་ལ་ནུས་པ་མཆོག་ཏུ་བསྔགས་ཤིང་ངལ་རྩོལ་དྲག་པོས་ཆག་གྲུམ་བཟོས་པ་རྣམས། རྨང་མེད་དུ་ཞི་ཐུབ་པར་མངོན་ཞེས་བཤད་པ་ལྟར་ཡིན་པ་མ་ཟད། ཁོག་ཏུ་མང་པོ་མིད་ཅིང་སྐྱུག་ན་ཕོ་ནད་ཡང་སང་དྲག་ཏུ་འགྲོ་གྱིན་ཡོད་ཅེས་སོ། །དེ་ཡང་ཀླུ་ཐེབས་ལ་ཁེལ་ན་ཕན་ནུས་ཧ་ཀྱང་ཆེའོ། །ཡང་གོང་ནས་སྐར་མ་ལྔ་དང་བཅུའི་བར་ཅུང་ཙམ་འདུག་དགོས་པའི་གནད་དོན། སྐབས་དེར་ཁོ་རང་ཕྲན་ཙམ་སྡོད་ཁོམ་མེད་པ་འཕུར་མཉེ་བྱེད་པ་ནི། ནང་གོས་བངས་ལོང་མེད་པ་བཀྲུ་བའི་འགོ་རྩོམ་པ་དང་ཀུན་ནས་མཚུངས་སོ། །ཡང་གཅིག་བཤད་ན་སྦ་ཉི་མས་མ་དྲོས་གོང་བཀུག་ཁུལ་བྱེད་པ་དང་ཡང་ཅིས་མི་མཚུངས། སྦ་ཉི་མས་མ་དྲོས་གོང་བཀུག་མདོག་བྱས་ན་གས་ཆག་འཐོར་ཞིག་དབང་དུ་འགྲོ་བ་མ་གཏོགས་ལམ་དུ་ཡག་པོ་མི་འགྲོ་བ་ནང་བཞིན། རང་གི་ལུས་ཕུང་སྐར་ལྔ་དང་བཅུའི་བར་བརླན་དུ་མ་བཅུག་ན་ཕན་རྐྱེན་མི་དགོས་གནོད་རྐྱེན་ཡོང་ངེས་ཞེས། དེ་ལས་ལྡོག་ན་རྩ་ཕྲན་རྣམས་མཉེན་ཞིང་བསྐམ་དགོས་པ་དང་གསོད་རྨས་བྱེད་རྒྱུ་སོགས་དོན་དག་ཚང་མ་ཡོངས་སུ་མཇུག་རྫོགས་ཐུབ། དཔེ་ཆག་བཞག་ན་སྦ་ཉི་མས་དྲོས་ན་གར་བཀུག་རེད་ཅེས་པ་ལོས་འདྲ། གསོལ་ཟས་ཡག་ཐག་ཆོད་རེ་མ་བཞེས་ན། བཀྲེས་པ་དང་། ཚ་ནད་ཅན། རླུང་སྐྱོན་ཅན་སོགས་ལ་གནོད་པ་ཚུབ་ཆེན་ཕོག་གིན་འདུག གཉིས་པ་མི་སུས་མཐོང་ན་ཡིད་དུ་འོང་ཞིང་སྲོག་ཆག་གཞན་ལ་གནོད་སྐྱོན་ཡང་མེད་པ་མ་ཟད་ཁོར་ཡུག་གཙང་སྦྲ་ནི་ང་ཚོ་སྤྱི་མཐུན་གྱི་འོས་འགན་ལགས། གསུམ་པ་ནི། གནས་འདིར་སྒུར་པོ་འགག་ཅེས་པའི་ཐ་སྙད་ཐོགས་ཚུལ། ཡུལ་ལུགས་ལྟར་ན་ནད་པ་དབྱུག་ཁྲི་བྱེད་དགོས་པ་ཞིག་འདིའི་ནང་ལ་བཀྲུས་ན་སྒུར་རུ་རུ་འགྲོ་རྒྱུ་ཡོང་བའི་རྒྱུ་མཚན་གྱིས། དཀྲི་ཆོག་ནང་ནས་དཀྲི་ལི་ལི། སྒུར་པོ་འགག་ནས་སྒུར་རུ་རུ། ཚ་རག་ཁ་ནས་ཚ་རྒྱུག་བླངས། ཞེས་པ་ལྟར་རེད། དེ་ཡང་ནད་པ་གཅིག་བུ་མ་ཡིན་པ་ཚང་མས་ཁྲུས་བྱེད་དགོས་དོན་རང་གི་ལུས་ཁམས་དྭངས་ཤིང་ཤིག་སོགས་འབུ་རིགས་གཞན་འགོག་ཐབས་ཡིན་ནོ། །འོན་ཀྱང་གཙང་སྦྲ་བྱེད་ན་འདྲ། ཁྲུས་རྒྱབ་ན་འདྲ། གནས་འདིར་འཛོམས་ཤོག་ཅེས་ཀུན་ལ་བཙན་དབང་གིས་ཐོག་རྫིས་དང་རྩིས་མེད་གཏང་བ་གཏན་ནས་མིན་ཏེ། མི་རིགས་གཞན་དང་བསྡུར་ན་འུ་ཚོ་ཚང་མ་གཙང་སྦྲའི་རྗེས་ལུས་པ་རེད་ཅེས་བཤད་སྟངས་ཤིག་ལ། ལུས་ལ་དྲི་ནག་ག་ཚད་ཆེ་ན་ཕྱུག་ཅིང་ལོངས་སྤྱོད་ཆེ་ཚུལ་བཤད་མཁན་གྱི་མི་ཚོས། གསང་སྤྱོད་མི་ཤེས་གྲོང་ཁྱེར་གསེང་ནས་གང་བྱུང་བྱུང་དུ་གཅིན་སྐྱག་གཏོང་ནས་ཧབ་ཆ་ཆེ་ཐག་ཆོད་རེ་འཐེན་གྱིན་ཡོད། ཡང་དེ་རྣམས་རང་ལ་ངོ་ཚ་སྣང་དང་གཞན་ལ་མི་འགྲིག་ས་ཡོད་མེད་ཀྱི་དྭོགས་པ་ཏིལ་འབྲུ་ཙམ་ཡང་སྐྱེ་རྒྱུ་མི་འདུག་ཅེས་པ་ལྟར། མི་གཞན་གྱིས་དབང་མེད་དུ་སྣ་བཅང་དགོས་པའི་དོན་རྐྱེན་དེ་དག་ཡོང་དང་མི་ཡོང་གཙང་སྦྲ་འབའ་ཤིག་ལ་རགས་ལས་ཡོད་ཚུལ་ཅི་ནས་ཀྱང་ཤེས་དགོས་པ་གལ་ཆེ་སྙམ། སྨྲས་པ།
མ་བརྩེགས་བྲག་རིའི་ལྷུན་པོ་དེ་སྟོད་ན་བརྗིད་ཆག་ཆག།
མ་བསྐྱེད་མེ་རྩི་ཡར་འཁྲུངས་དེ་བར་ན་མཛེས་ལྷང་ལྷང་།།
མ་བཏོན་རང་བྱུང་སྨན་ཁྲུས་དེ་མདུན་དུ་འཁྱུགས་མྱུར་མྱུར།།
ཨེ་མ་དགའ་བའི་སྐུ་མགྲོན་དེ་མི་ཕེབས་ཅུང་སྲིད་དམ།།
ཨེ་མ་ཕུལ་བྱུང་གི་གཏེར་ཁ་དྲོན་མོ།།
གསང་བའི་རུམ་ཁ་ན་བདེ་བར་སྙོལ་དང་།།
མི་ཐེག་ན་ཟུག་གི་ཁྲེས་པོ་ལྕི་ཡང་།།
མི་འགྱང་མྱུར་བ་ཉིད་གུ་ཡངས་གཏོང་ཐུབ།། །། ༢༠༡༠་༡༡་༡༥་ཉིན་ཁྱུང་ཡུལ་ནས་བྲིས།