བཀྲ་ཤིས་སྣང་བ་གསར་པའི་དུས་སྐབས་ཤིག་སྟེ།།
སྐལ་བཟང་ངོ་མཚར་དུ་མའི་དགེ་མཚན་རང་འབར།།
རྟེན་འབྲེལ་ཟབ་མོའི་ཤིས་བརྗོད་དབྱངས་སུ་གྱེར་བའི།།
སྐྱིད་པའི་གངས་ལྗོངས་ང་དང་སུ་ཡིས་བརྗེད་ཐུབ།།
སྦྲང་ཆར་ཟེགས་མའི་འབབ་རྒྱུན་ཞར་དང་ཞོར་ལ།།
རྩི་དང་མེ་ཏོག་སྣ་ཚོགས་བཞད་འཛུམ་ཉི་ལེ།།
བེའུ་ལུག་རྩེད་འཇོའི་འཕར་ལྡིང་སྟོང་གི་ཉམས་བཅས།།
ལྷད་མེད་དྭངས་གཙང་ང་དང་སུ་ཡིས་བཏང་ཕོད།།
ཕྱོགས་བཞིའི་གདམས་ངག་གཏེར་ཁ་མ་བོས་ངང་འདུ།།
དད་དམ་གཙང་མའི་འདུས་སྡེ་ཕྱྭ་དང་གཡང་འཁྱིལ།།
རྣམ་དག་ལྷ་དང་སྲུང་མའི་སྡོང་གྲོགས་ཆད་མེད།།
ངོ་མཚར་འཇིག་རྟེན་རྒྱབ་ཏུ་གཡུག་པ་སྲིད་དམ།།
རྒྱལ་གཅེས་ཞི་བདེའི་འོད་སྣང་འཛུམ་དང་རྒོད་ཞོར།།
བུ་དང་སྐར་ལྔས་རྒྱལ་བའི་རྒྱལ་གཅེས་བུད་མེད།།
ཆོས་གཅེས་དལ་འབྱོར་མི་ལུས་རིན་ཆེན་ཐོབ་ཚོ།།
ལྷན་འཛོམས་གོ་ལ་འདི་ལས་སྟོང་སེམས་མ་འཆང་།།
གངས་རི་མཚོ་གསུམ་འཛིན་མའི་ཡང་རྩེ་རུ་འགྱིང་།།
རི་བཞི་བརྟན་མ་འགུལ་ལྷ་དབུས་སུ་བརྗིད་ཆགས།།
ཆུ་བཞི་སྒང་དྲུག་རྒོད་པའི་ངོ་སོ་འདི་ནས།།
ཁ་ལས་ཀླུང་རྟ་མི་ཉམས་དར་བའི་རྟེན་འབྲེལ།།