དྲིས་ལན་ཚུལ་དུ་ཕུལ་བའི་ལྷ་རྫས།
རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་ཡིད་བཞིན་ནོར་བུ་ལས། འགྲོ་དོན་དུས་བབས་སྨན་རིའི་དགོན་བཏབ་ཚེ། ལས་སློབ་གཉིས་ཀྱི་ཐོ་ཆེན་གར་བཙུག་སར། ཁང་ཚན་བཅུ་གཉིས་གྲྭ་གཤག་དྲུག་ཅུ་སོགས། སྐད་ཅིག་རང་བྱུང་གྲུབ་པའི་མཉམ་མེད་པ། ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། ཞེས་པའི་ཁང་ཚན་བཅུ་གཉིས་ཀྱི་རྣམ་བཞག་འདི་རྒྱལ་བ་མཉམ་མེད་ཆེན་པོའི་རྗེས་འཇུག་མི་ཉུང་བ་ཞིག་གིས་དེང་རྩད་གཅོད་བྱེད་ཀྱིན་ལགས། དེར་ཐེ་བའི་བཤེས་གཉེན་བློ་གྲོས་རབ་གསལ་མཆོག་གིས་འདི་གའི་ཁྱུང་ཆེན་རིག་པའི་གཤོག་རླབས་རྩོམ་སྒྲིག་ཁང་ལ་དེའི་ཁང་ཚན་བཅུ་གཉིས་ཀྱི་རྣམ་བཞག་གང་ཞེས་དྲི་བ་གནང་མོད། འོན་ཀྱང་ང་ཚོས་དུས་རབས་ཀྱི་འཕོ་འགྱུར་དང་དུས་ཚོད་ལ་བསྐལ་དོན་སོང་རྐྱེན་གྱིས་འདི་འོ་ཞེས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ལན་གསལ་བོར་འདེབས་མ་ཐུབ། ཡིན་ནའང་འགྲོ་བའི་སྤྱི་དཔལ་ཆེན་པོ་༧ཡོངས་འཛིན་སྨྲ་བའི་སེང་གེ་ལགས་ལ་བཀའ་འདྲི་ཞུས་ཀྱང་བཅུ་གཉིས་ཏག་ཏག་ག་རེ་ཡིན་མི་ཤེས་གསུང་སོང་། ཁོང་གིས་གསུང་པ་རྣམས་ཤེས་འདོད་ན་ཁྱུང་ཆེན་རིག་པའི་གཤོག་རླབས་ནག་པོ་ལོ་དེབ་གཉིས་པའི་ནང་དུ་གཟིགས་རོགས་ཞུ། རེ་ཞིག་ཕྲན་གྱིས་དྲིས་ལན་གྱི་ཚུལ་དུ་འདི་ན་རྗེ་ཡི་རྣམ་ཐར་དང་ཀུན་མཁྱེན་རང་རྣམ། རྒན་རབས་ངག་རྒྱུན། བཤེས་གཉེན་སློབ་སྟོན་སོགས་ལ་གཞི་བཅོལ་ནས་བྲིས་པ་གཤམ་གསལ། ༡ཨ་སྟག་ཁང་། ༢སྒོ་དབོན་ཁང་། ༣ལ་དབྱིལ་ཁང་། ༤ཕུ་དུ་ཁང་། ༥སྒོ་རྩེ་ཁང་། ༦ཨ་མདོ་ཁང་། ༧ཆུ་ཁ་ཁང་། ༨རྒྱ་རོང་ཁང་། ༩གྲུབ་ཐོབ་ཁང་། ༡༠བྲིས་པ་ཁང་། ༡༡འགྲོ་མགོན་ཁང་། ༡༢ཏི་ཚ་ཁང་ཚན་བཅས་ཡིན་ནམ་སྙམ། ཡང་རོང་མི་ཁང་ཟེར་བ་དང་། བྱ་ར་ཁང་ཟེར་བ་དང་། བོན་སྒོ་ཁང་། ལ་ཕྱི་ཁང་། ལ་བྱི་ཁང་། ད་དུང་མིང་མི་འདྲ་བ་མང་དུ་ཡོད་ཀྱང་འདི་རྣམས་བྲིས་པས་སྨྱུག་ཁ་བསྒྱུར་སྟངས་གཞན་པ་ཞིག་སོང་བ་མ་གཏོགས་དོན་དུ་གོང་བཀོད་ལས་གཞན་དུ་མེད་སྙམ་མོ། ཅེས་བྲིས་ཁུལ་བྱས་པ་འདི་ཡང་གནོད་མེད་ཀྱི་གཏམ་ཞིག་ག་ལ་ཡིན་མིན། འདིའི་སྐོར་ཁ་གསལ་དོད་པོ་རེ་འཇོག་རྒྱུ་གང་ལ་ཡོད་ན་དེས་འུ་ཚོར་ལམ་སྟོན་གནོང་རོགས་ཞུ་ཞུ།། །།