ངག་རིག་མཆོད་པའི་རོལ་མཚོ།།
གསེར་མདོག་ཉི་མའི་བླ་རེ་མཁའ་རུ་བརྐྱངས།།
རྒྱ་གྲོལ་པད་མའི་འཛུམ་མདངས་གདན་དུ་བྱས།།
མི་ཟད་སྦྲང་རྩིའི་ཆུན་པོ་འཆང་བ་ཡི།།
ངག་རིག་དབྱངས་ཀྱི་བང་མཛོད་མཚོ་བྱུང་མ།།
རབ་མཛེས་སྐུ་ལ་རྟགས་བརྒྱད་བུམ་གཟུགས་བཀྲ།།
སྙན་པའི་ངག་སྒོར་ཚངས་དབྱངས་དྲུག་ཅུ་རྫོགས།།
ཐུགས་ཉིད་ཀུན་མཁྱེན་ཡེ་ཤེས་བརྒྱད་ཁྲིའི་དཔལ།།
ལྷུན་གྲུབ་ཟབ་གསང་གཏེར་མཛོད་ཚངས་པའི་སྲས།
མ་རིག་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག་གམ།།
རྨོངས་མུན་དཀྲོགས་པའི་ཐོ་རངས་ཅང་བརྡའི་དབྱངས།།
ཟུག་རྔུ་ཀུན་འཇོམས་དཀར་པོ་གཅིག་ཐུབ་སྨན།་
ཇི་བཞིན་སྐྱེ་རྒུའི་སྐྱབས་མཆོག་ཟླ་སྲས་མ།།
མཁྱེན་པ་ཙམ་གྱིས་འགྲོ་ཀུན་བདེ་བར་འགོད།།
གསུང་དབྱངས་གཅིག་གིས་མྱ་ངན་གཏིང་ནས་སྤྲུགས།།
ཐུགས་རྗེའི་གཏེར་ཁ་འགྱེད་པའི་ལྷ་མོ་ཁྱེད།།
ཅི་རེ་བསྙེན་ན་ངོ་མཚར་དེ་བས་ཆེ།།
མ་བྱས་རང་བྱུང་ཡིད་འོང་པད་སྡོང་ཆེ།།
དྭངས་གཙང་དད་པའི་ཆབ་གྱིས་ཁྲུས་གསོལ་ཏེ།།
བདག་མགྲིན་ལོངས་སྤྱོད་འཁོར་ལོའི་ལྟེ་བ་རུ།།
མགོན་ཁྱེད་བཞུགས་ཕྱིར་མོས་གུས་ཐེངས་གཅིག་མིན།།
ཆགས་བྲལ་ཞི་བའི་ལང་ཚོ་རྒྱས་པའི་སྐུར།།
ཟག་མེད་མཚན་དཔེའི་དཀྱིལ་འཁོར་བསྟར་ཆགས་ཤིང་།
དགྱེས་ཞལ་འཛུམ་བརྩེའི་མཚན་ལྡན་ལྷ་མོ་ཁྱེད།།
མི་འབྲལ་སྤྱི་བོའི་རྒྱན་དུ་ལྷམ་མེར་བྱོན།།
ཨེ་མ་ཟབ་བརྒྱའི་བཀའ་གཏེར་ཀློང་དུ་བརྡོལ།།
ལྔ་རིག་འདོད་རྒུའི་དཔལ་ལ་དབང་འབྱོར་ཞིང་།།
ལེགས་བྱས་སྟོང་གི་རྒྱུད་མངས་འབུམ་འཁྲོལ་བའི།།
གང་ཁྱོད་མགྲིན་པའི་འཁོར་ལོར་ཕེབས་ཤིག་ཀྱེ།།
ལྔ་ཟུང་གསེར་བཙོའི་ཕར་ཕྱིན་འཁོར་ལོ་རུ།།
རྣམ་བཞིའི་ཚད་མེད་རིགས་རྟགས་རྒྱན་སྤྲས་ཤིང་།།
རྣམ་གསུམ་བོན་གྱི་འཁོར་ལོའི་གཡང་ཁུག་ཁྱེད།།
ཐུགས་ཁ་བོན་ཉིད་འཁོར་ལོར་གཏན་བཞུགས་མཛོད།།
ཡ་ཐོད་བགྲེས་པོའི་གཉེར་མའི་རླབས་ཕྲེང་གཡོ།།
མ་ཐོད་བགྲེས་མོའི་མུ་ཏིག་ཚེམས་ཕྲེང་ཆད།།
མཆོག་ཉིད་འཚོལ་བས་མི་ཚེའང་རྫོགས་ལ་ཉེ།།
ད་ཡང་ཁྱེད་ཉིད་དྲན་ཐེངས་ཤིག་ལ་བྲིས།། །།
ཅེས་པ་འདི་ནི ༢༠༠༧ ཧོར་ཟླ ༦ ཡར་ཚེས ༡༥ ཉིན་ཨ་མདོ་
རྔ་གཡང་ཕྱུག་མོའི་ཉེ་འདབས་ནས་བྲིས།། །།