ཤ་ཚ་བའི་གཏམ་ལ་སྙན་པོ་མེད།།
ཀ་ཁའི་དབྱངས་རྟ་སློབ་པ་ནས།།
ཁ་ཞེ་རྣམ་གཉིས་ཡ་མ་བྲལ།།
ག་ན་རིག་གཞུང་མར་ཁུའི་མཚོ།།
ང་ཚོའི་སྙིང་གིས་དམར་བ་བྱོས།།
ཅ་ཅོ་དོན་མེད་གཏམ་མ་གླེང་།།
ཆ་ལུགས་གང་དྲན་ག་ལ་ཆོག།
ཇ་ཆང་དྲི་རོར་རེ་བ་ནོར།།
ཉ་ཕག་ཤ་གཟན་རྗེས་འབྲང་འཆུགས།།
ཏ་ཐཱ་ག་ཏའི་བསྟན་དོན་གཟིགས།།
ཐ་སྙད་ཚིག་ལ་སྒྲོ་འདོགས་ཆོད།།
ད་རུང་ཆུང་ངུ་ཡིན་མ་བསམ།།
ན་འཆི་འཇིགས་པར་ཆེ་ཆུང་མེད།།
པ་ཝ་སངས་ལྟར་ལྷག་སེམས་ཟུངས།།
ཕ་མེས་བཟང་པོའི་སྲོལ་རྒྱུན་ཆོངས།།
བ་བོང་གནག་ལྟར་མགོ་མ་སྒུར།།
མ་རབས་གཡོ་སྒྱུའི་གྲོགས་མ་འགྲུས།།
ཙ་རི་ཡིན་ཟེར་གཙིགས་མ་ཆེ།།
ཚ་ངར་དད་པའི་ཨ་ལོང་ཁུག།།
ཛཱ་ཡའི་བསྟན་ལ་བློ་མ་ལོག།
ཝ་ལེར་གསལ་བའི་རིགས་སྨྲ་མཛོད།།
ཞ་ལུགས་གོས་ལྟ་བསྒྱུར་མ་ཡོང་།།
ཟ་ལུགས་འཐུང་སྟངས་བརྗེད་མ་འདུག།
འ་ཅག་བསྟན་འགྲོའི་དོན་དག་གམ།།
ཡ་རབས་ཚུལ་ལ་འཚང་ཁ་གྱིས།།
རྭ་སྐྱེས་དུད་འགྲོའི་ལུས་མིན་པས།།
ལ་ལུང་དོན་མེད་འགྲིམས་མི་འཚལ།།
ཤ་གཟན་གཅན་སྤྱང་རིགས་མིན་པས།།
ས་སྟེང་འདི་ནས་དོན་ཡོད་མཛོད།།
ཧ་ཅང་འདྲིས་པའི་གྲོགས་པོ་ཚོར།།
ཨ་རོགས་ང་ཡིས་ཨ་མཚར་བྲིས།།
ཧ་ལམ་བདེན་དོན་ཡིན་ནའང་ཆོག།
ཨ་སྟེ་རྩེད་མོ་ཨེ་རེད་ལྟོས།།