གནས་ཚུལ་གྲུང་མ།
༧མདོ་དྲི་མེད་ལས། ཆག་ཚད་མི་ལྡན་ལྷ་རྣམས་ནི། རྩི་ཤིང་ནགས་ཚལ་རི་མོ་འདྲ། སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང་། དེ་ལ་རབ་གནས་ཐོབ་མི་འགྱུར། ཞེས་གསུང་པ་འདི་ལ་ཅུང་ཞིག་འཆད་འདོད་ལྡོག་ཏུ་མེད་པ་ཞིག་བྱུང་སོང་། དེ་ལ་ཆག་ཚད་མི་ལྡན་པ་དང་ལྡན་པ་གཉིས། དང་པོ་ནི། དེ་ཡང་ཆག་ཚད་མི་ལྡན་པའི་ལྷ་རྣམས་ནི་དཔེར་ན་དབྱར་ཁའི་རྩ་ཤིང་བཞིན་ལོ་ཡག་ན་རྩི་རྒྱས་པ་དང་ཉེས་ན་མི་རྒྱས་པ་ད་དུང་ཆེ་ཆུང་རྣམ་པ་ཅི་རིགས་ཚད་གཞི་མེད་པ་ད་ལོ་ཆེ་པོ་སྐྱེ་ས་ནས་སོང་གནང་ཆུང་ངུ་སྐྱེ་བ་རེད། དེ་བཞིན་དུ་རྩི་ཤིང་ནགས་ཚལ་གྱི་རི་མོ་ལ་ཡང་ངེས་པ་གང་ཡང་མེད། དེ་སྔོན་མེད་ལ་ད་དུང་མེད་འདྲི་སའི་གྱང་ངོས་ལ་ཅི་ཤོང་ཅི་མཛེས་མ་གཏོགས་ཆག་ཚད་དང་། གཙོ་འཁོར་མང་ཉུང་སོགས་ཅི་ཡང་མེད་པས་རྒྱུ་མཚན་གྱིས་དཔེ་རུ་བསྟན་པ་མངོན། དེ་ལྟ་བུའི་ལྷ་རྣམས་ནི་བྲིས་པས་མ་བྲིས་པ་བཟང་དགོས་ཏེ། སྟོན་པ་སངས་རྒྱས་ཀྱིས་ཀྱང་། སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང་། དེ་ལ་རབ་གནས་ཐོབ་མི་འགྱུར་ཞེས་གསུང་པ་འདིས་གསལ་པོ་གསུངས་མི་འདུག་གམ། དེ་བཞིན་དུ་གསུང་རབ་བརྡ་དག་མེད་པ་དང་མཆོད་རྟེན་ཐིག་རྩ་མེད་པ་འདི་རྣམས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་སོགས་ཡག་པོ་ཇི་ཙམ་བྱས་ཀྱང་རང་འདོད་ཙམ་ལས་དོན་དུ་ཡོན་ཏན་ཅི་ཡང་མེད་དེ། དེ་ཉིད་ལས། སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང་། དེ་ལ་རབ་གནས་ཐོབ་མི་འགྱུར། ཞེས་གསུང་པའི་ཕྱིར། ཡང་དེ་ཉིད་ལས། སྐུ་གཟུགས་ཆག་ཚད་མེད་པ་དང་། གསུང་རབ་བརྡ་དག་མེད་པ་དང་། མཆོད་རྟེན་ཐིག་རྩ་མེད་པ་རྣམས། རྒྱུ་སོང་འབྲས་བུ་ཙམ་མ་གཏོགས། དོན་ནི་ཡོན་ཏན་མི་མཐོང་སྟེ། བསྟན་པ་དྲི་མས་སྦག་པ་ཡིན། ཞེས་གསུངས་སོ། །དེ་བཞིན་དུ་དེང་སོང་ཡང་བོན་པོ་འགའ་རེས་མཆོད་རྟེན་ཆག་ཚད་མི་ལྡན་པ་བཞེངས་ཚུལ་ཁྲི་འཕང་དང་ཚད་མེད་བཞིའི་བང་རིམ་རྣམས་མ་གཏོགས་འགོ་བྱ་རི་གཡས་གཡོན་མེད་པ་དངོས་སུ་བཞེངས་བཞག་པ་མདོ་དབུས་ཁམས་གསུམ་ཅི་རིགས་ལ་མཐོང་རྒྱུ་ཡོད་ཚོད་རེད། ཆག་ཚད་མི་ལྡན་ན་ཡང་མཆོད་རྟེན་ཐོག་ལ་མཁས་པ་ཡིན་ཟེར་བ་མང་པོ་ཐོས། དེ་གཏན་ནས་མི་འགྲིགས་ཏེ་ཀུན་མཁྱེན་ཉི་མའི་གཟུངས་གཞུག་ལག་ལེན་ལས། །དབུ་ཡི་གཙུག་ཏོར་དང་ཏོག་ལ་ཞི་བའི་ལྷ་འཛབ་ཞེས་དང་། དཔྲལ་བའི་དབྱིངས་རུམ་དང་ཆར་ཁེབས་ལ་དབང་ཆེན་སྤྱི་འཛབ། ཞེས་དང་། སྙན་ཀྱུས་གཡས་གཡོན་དང་དང་བྱ་རུ་གཡས་གཡོན་ལ་ཡབ་ཡུམ་སྦྲེལ་འཛབ། ཤངས་དང་སྟོབས་འཁོར་ལ་ཁྲོ་བོའི་བསྭོ་འཛབ་ཅེས་ལྷ་དང་མཆོད་རྟེན་གཉིས་ལ་འཛབ་ཆེན་བཅུ་གཉིས་འབུལ་དགོས་ཚུལ་དངོས་སུ་བསྟན་པ་ཡིན་པས། དེའི་ནང་དུ་བྱ་རུ་གཡས་གཡོན་སོགས་དགོས་པ་མ་ཟད་དེ་ལ་གཟུངས་གཞུག་འབུལ་ཚུལ་བཅས་པ་གསལ་པོ་བསྟན་པ་འདིས་བདེན་དཔང་བྱས་འདུག་པར་སྙམ། འོན་ཀྱང་བཞེངས་མཁན་བོན་པོ་ཡིན་ཀྱང་བཞེངས་རྒྱུའི་མཆོད་རྟེན་བོན་པོའི་མཆོད་རྟེན་མིན་ཟེར་ནའང་ཆོག སྤྱི་བཏང་བོན་པོའི་མཆོད་རྟེན་ཞིག་བཞེངས་དགོས་ན་ཐིག་རྩ་དང་ཆག་ཚད་ལ་རགས་ལས་ཡོད་པ་གོང་ལྟར་རོ། །གཉིས་པ་ཆག་ཚད་ལྡན་པའི་ཡོན་ཏན་སྐོར། མདོ་དྲི་མེད་ལས། ཆག་ཚད་ལྡན་པའི་ལྷ་རྣམས་ནི། བརྩམས་ནས་སངས་རྒྱས་རབ་གནས་ཞུགས། ཞེས་གསུངས་པས་བདེ་བར་གཤེགས་པའི་སྐུ་གཟུགས་རིས་སུ་བྲིས་པ་དང་འབུར་དུ་བཏོད་པ་ལུགས་སུ་བླུགས་པ། དེ་བཞིན་དུ་ལྷ་དང་གསུང་རབས་མཆོད་རྟེན་གང་བཞེངས་ན་བཀོད་པ་དང་ཆག་ཚད་རྒྱལ་བའི་གསུང་རབས་ཀྱི་དགོངས་དོན་དང་མཐུན་ན་ཚེ་འདིར་བདེ་སྐྱིད་ཀྱི་རྩ་བ་དང་ཕྱི་མར་ཡང་ཐར་པའི་རྒྱུ་རྩ་སྟེ་མདོར་ན་ཕན་བདེ་གཉིས་འགྲུས་ཀྱི་བྱ་བ་རླབས་པོ་ཆེ་ཅི་ལ་མིན། དེ་ལྟར་ཡིན་དགོས་པ་ཡང་། དེ་ཉིད་ལས། བརྩམས་ནས་སངས་རྒྱས་རབ་གནས་ཞུགས། ཞེས་པས་བཞེངས་ཚར་བ་དང་སངས་རྒྱས་ཀྱི་བྱིན་རླབས་ཞུགས་པ་འགྲོ་བའི་དད་རྟེན་དུ་འགྲོ་བ་དངོས་སུ་བསྟན་པ་མཐོང་། ཡང་ཡ་མཚན་པའི་ངག་རྒྱུན་ཞིག་འདིར་དྲངས་ན་འདོད། དེ་ཡང་སྔོན་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་ཞལ་སྔ་ནས། ལྡོང་མདོས་ལྷ་བྲིས་པ་ལ་རབ་གནས་མི་དགོས་ཞེས་གསུངས་པ་དེ་བྱིས་པའི་རྩེད་མོ་དང་ཁྲོམ་པའི་ཀུ་རེ་ཙམ་མ་ཡིན་པ་རྒན་རབས་ཚོའི་ངག་ནས་ངས་མདོ་དབུས་ཁམས་གསུམ་ནས་ཐོས་པ་གྲངས་མང་། དེས་ན་གོང་ནས་སངས་རྒྱས་ཀྱི་དགོངས་པ་དང་སྐྱབས་མགོན་གྱིས་གསུངས་པ་གཉིས་གཞི་གཅིག་ཏུ་བབས་ཡོད་པ་ད་གཟོད་ཤེས་སོང་། སངས་རྒྱས་ཀྱིས་གསུངས་པ་དང་སྐྱབས་མགོན་གྱིས་བཞེད་པ་ལྟར་ན་ངོ་མ་ལྷ་ཆག་ཚད་དང་ལྡན་པ་སུས་བརྩམས་པ་ཡིན་ན་རབ་གནས་ཐོབ་མ་ཐོབ་ཀྱི་རྣམ་རྟོག་སྐྱེ་དགོས་དོན་མེད་དོ་སྙམ། སྐྱབས་མགོན་གྱིས་རབ་གནས་མི་དགོས་ཞེས་པའི་ལྷ་ཚུགས་དང་ཆག་ཚད་ལྡན་པ་ཞིག་དེང་སོང་ཡོད་དམ་ཞེ་ན་ཡོད། དེ་ཆག་ཚད་དང་ལྷ་ཚུགས་ཚོན་མདངས་སོགས་གང་ས་ཅི་ཐད་ནས་གྲ་མ་ཉམས་དྲི་མ་ཡལ་བ་ཟིལ་པ་ཁྲེབས་སེ་གཙོ་བོ་གནས་མཆོག་ཁྱད་པར་ཅན་སུམ་པ་གླང་གི་གྱིམ་ཤོད་ན་བཞུགས་ཡོད། དེའི་དབུ་ཁྲིད་གཙོ་བོ་ནི་ད་ལྟ་ལྡོང་ཚ་ནོར་བུ་གཡུལ་རྒྱལ་མཆོག་ཡིན། ཁོང་མི་ལོ་བཅུ་ཕྲག་མང་པོར་རྒྱ་ཁབ་ལ་ཞབས་ཕྱི་དང་བོད་མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་གྱི་སྒོ་ནས་སྲུང་སྐྱོབས། ལྷག་པར་དུ་ལྷ་རིག་གི་སྒྱུ་རྩལ་ལ་བྱང་ཆུབ་པས་དེའི་སྐོར་འཛིན་སྐྱོངས་སྤེལ་གསུམ་ཐོག་གཞན་དྲིངས་མི་འཇོག་པའི་དོ་སྣང་གལ་ཆེན་བྱེད་པ་ལགས། ཉེ་བའི་ལོ་ནང་དུའང་ཀྲུང་གོའི་བོད་ལྗོངས་ནས་ལྷ་བཟོ་དབུ་མཛད་བརྒྱ་ཕྲག་ལྷག་གི་འགྲན་བསྡུར་ནང་ནས་ཨང་དང་པོའི་བྱ་དགའ་ཐོབ་ཡོད། འདི་ལྟ་བུའི་རླབས་ཆེན་གྱི་བྱ་བ་ལ་ཡིད་སྨོན་མི་འཆོར་རང་དབང་ཞིག་ཡོད་དམ། དེ་ལྟ་བུའི་ཁོང་གི་མཛད་འཕྲིན་ཡ་མཚན་པ་རེ་འགའ་ཡོད་ཀྱང་ད་ལན་ཟུར་ཙམ་ཞིག་ཞུས་པ་ཡིན་རྗེས་ནས་ལོ་རྒྱུས་དང་འབྲེལ་ནས་བཤད་འདོད་ཡོད། ཡང་ཁོ་ན་རེས། ཀུན་མཁྱེན་ཉི་མའི་གཟུངས་གཞུག་ལག་ལེན་ལས། དེ་ཡང་སྐུ་བརྙན་གསུང་རབ་མཆོད་རྟེན་གང་བཞེངས་ཀྱང་ཕྱི་ཡི་ཆག་ཚད། ནང་གི་གཟུངས་འཇུག་དང་བརྡ་དག མཐར་ཕྱིན་རབ་གནས་ལ་སོགས་པ་ངེས་པར་གྲུབ་དགོས་ཏེ། ཞེས་གསུངས་པས་རབ་གནས་དགོས་པ་གསུངས་འདུག་ཅེ་ན། བདེན་མོད་འོན་ཀྱང་དེའི་དོན་ནི་རབ་གནས་ཞུགས་པ་ཞིག་ངེས་པར་དགོས་ཞེས་པའི་དོན་མ་གཏོགས་རང་རེ་ཚོས་རབ་གནས་གྱི་ཆོ་ག་ལ་ལྟོས་དགོས་པ་གསུང་པ་ནི་མ་ཡིན་པ་འདྲ། ཆག་ཚད་མི་ལྡན་པའི་ལྷ་དེར་རང་རེ་ཚོས་རབ་གནས་ཞུགས་རྒྱུའི་ཆོ་ག་ཕར་ཞོག་སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང་རབ་གནས་མི་ཐོབ་ཅེས་གསུངས་པས་དགོངས་དོན་སོགས་ལ་བརྟག་ན་ཤེས་སླ་སྙམ། ཞེས་དཔྱད་ཁུལ་ཡིན་ཡང་བཤད་ཆེ་བ་དང་རྣམ་དཔྱོད་ཀྱིས་མ་འདང་ས་རྣམས་དགོངས་ཁྲེལ་མེད་པ་ཞུ།། །། ༢༠༡༡་༡༣་ནས་བྲིས།