མི་ཤེས་མི་ཤེས།
ལྷོ་སྤྲིན་བང་རིམ་དང་པོ་ཞིག་ནས།།
དཀར་གསལ་ཟླ་བའི་འོད་སྣང་སྒྲིབ་སོང་།།
གསེར་མདོག་ཉི་མ་ཡོལ་ལ་ཁེད་རེད།།
དེ་རིང་སྐྱིད་པོ་ཨེ་ཡོང་མི་ཤེས།།
སྲོད་ལ་སྲིན་བྱ་འུག་པས་སྐད་བཏོན།།
ཐོ་རངས་ཝ་མོ་འདྲེ་ཡིས་ངུར་ཅིག།
ནམ་ལངས་མཚམས་སྤྲིན་ལོང་ལུགས་བལྟས་ན།།
ཁ་རོག་འདུག་ཁོམ་ཨེ་ཡོང་མི་ཤེས།།
སྔོན་གྱི་བསུ་མ་རླུང་འཚུབ་དམར་པོ།།
རྒྱབ་ནས་བསྐྱིལ་མ་ཁ་བ་བུ་ཡུག།
ཆར་འཇམ་འོག་གི་སྐྱིད་མོའི་ཚལ་ཁྱོད།།
ཉིན་ཞག་འགའ་ལ་ཨེ་བདེན་མི་ཤེས།།
མཐོ་པོའི་རྫ་རི་སྤྲིན་པས་གཉའ་གནོན།།
དམའ་མོའི་ཐང་ཆེན་སྨུག་པས་མགོ་སྐོར།།
གསར་རུ་སྣང་ཆེན་གོམ་ཁ་མ་མགྱོགས།།
དེ་རིང་བསམ་དོན་ཨེ་འགྲུབ་མི་ཤེས།།
དམར་ཆུ་ཁམ་པས་ཤར་གྱི་ཟམ་བཅད།།
གཡུ་འབྲུག་སྔོ་མོས་ལྷོ་ཡི་ལམ་བཀག།
ལྷ་སྲུང་ཞིག་ལ་འཕྲིན་བཅོལ་མ་གཏོགས།།
དགྲ་དང་གྲོགས་ཕྱྭ་གར་ཡོད་མི་ཤེས།།
འཁྱགས་རོམ་ཞིག་གིས་ཆུ་བོ་མ་གཏོང་།།
གངས་རྒན་ཞིག་གིས་རི་དགྱེ་མ་ཅིག།
དབྱར་སྐྱེས་རྔ་གསང་རྩལ་སྟོབས་ཆེ་ཡང་།།
བདེན་པའི་ཚིག་གཅིག་གླེང་ས་མ་རྙེད།།
ལོ་ཡག་སྙེ་མ་སད་སེར་ལག་ཤོར།།
གངས་ལྗོངས་མེ་ཏོག་བ་མོའི་ཁར་རྒྱབ།།
རྒྱ་ལྕང་ལོ་མ་རླུང་བུས་ཐང་བརྡེབས།།
དགའ་བའི་དུས་ཤིག་ཨེ་བདེན་མི་ཤེས།།
ཤིག་འཁྱམས་རྐང་ནས་སྤྱི་གཙུག་ཡར་བསྙེགས།།
དངུལ་ཆུ་མགོ་ནས་རྐང་མཐིལ་མར་བབས།།
ཟུངས་ཁྲག་དྲོན་མོ་འཚོ་དབང་མ་སྟེར།།
ཁ་ལས་ཀླུང་རྟ་ཨེ་དར་མི་ཤེས།།
དོན་མེད་ངང་ནས་མི་ཁའི་ཡས་འདུ། །
བློ་བུར་ཞིག་ལ་སྒྲ་བླའི་དཔལ་ཆག།
ཚེ་སྲོག་བསྐྱེད་པའི་ལས་རེམ་མ་གཏོགས།།
མི་ལུས་རིན་ཆེན་ཨེ་ཡོང་མི་ཤེས།།
ཕུ་ལ་རྒོད་པའི་ཁྱི་སྤྱང་ཁ་བརྡེབས།།
མདའ་ལ་རྐུ་ཇག་ཁྲམ་པའི་གྲ་བསྒྲིགས།།
སྡུག་གི་སོ་མཚམས་བར་གྱི་སྡེ་བ།།
ཕུན་ཚོགས་འབྱོར་རྒྱས་ཨེ་ཡོང་མི་ཤེས།།
ཉིན་མོར་རྣམ་ཤེས་ཡུལ་ལ་མི་འགྱུ།།
མཚན་མོར་རིག་པའི་བྱིང་རྒོད་མི་ཆོད།།
མཆོག་གསུམ་སྐྱབས་གནས་ཁས་བླངས་ཙམ་གྱིས།།
དགེ་བྱེད་རྣམ་དག་ཨེ་ཡོང་མི་ཤེས།།
མགོ་ཡི་སྐྲ་ལོ་བླ་མའི་ཕྱག་ཕུལ།།
ལུས་ཀྱི་གོས་དཀར་ཨ་མའི་ལག་བཞག།
ངུར་སྨྲིག་ན་བཟས་སྤུད་པ་ཙམ་གྱིས།།
རབ་བྱུང་སྡེ་པར་ཨེ་ཐེ་མི་ཤེས།།
དུག་གསུམ་གང་རུང་ཞིག་གིས་ཀུན་སློང་།།
རི་དབང་རྭ་ཅོ་ཡོད་མེད་རྩོད་འཛིངས།།
རྟགས་གསལ་རྩོད་གཞི་ངོས་འཛིན་ཙམ་གྱིས།།
རིགས་སྨྲའི་གྲལ་དུ་ཨེ་ཚུད་མི་ཤེས།།
ཆོས་པ་ཡིན་ཟེར་རི་ཁྲོད་འགྲིམས་མདོག།
མཁས་པ་ཡིན་ཟེར་འཁོར་བ་སྤེལ་མདོག།
རྩེ་གཉིས་མཁས་པས་རྩེ་གཉིས་བསྒྲུབ་ན།།
སྣེ་གཅིག་མཐར་ཐུག་ཨེ་ཡོང་མི་ཤེས།།
བསླུ་བ་ཐམས་ཅད་རྫུན་པའི་ཆོས་ཉིད།།
བསླུ་བྲིད་ཐམས་ཅད་མགོ་སྐོར་རང་བཞིན།།
དེ་ཡི་བར་དུ་མི་ཚེ་བསྐྱལ་ན།།
དྲང་བདེན་གཤིས་ཀ་ཨེ་འབྱར་མི་ཤེས།།
མི་མཐུན་གནོད་པ་གཅིག་གིས་མང་སྐྱོན།།
མཐུན་པའི་ཕན་འདོགས་བརྒྱ་ཡིས་ཉུང་སྐྱོན།།
སྐྱོན་དང་ནོར་འཕྲུལ་གཞིས་བྱེས་ཚོགས་པའི།།
མང་འདུས་གྲལ་ནས་ཨེ་བཙུན་མི་ཤེས།།
སྡང་སེམས་ཁོ་ནས་དམྱལ་བར་མི་འགྲིམས།།
བརྩེ་བ་རྐྱང་པས་མཐོ་རིས་མི་འཕེན།།
ཐབས་ཤེས་ཟུང་དུ་འབྲེལ་བ་མེད་པའི།།
དགེ་བྱེད་པ་དེ་ཨེ་ཡག་མི་ཤེས།།
མཚང་འབྲུ་མཁས་པ་ངག་སྒོ་མི་གཙང་།།
གཡོ་སྒྱུ་མང་བ་ཡིད་སྒོ་མི་གཙང་།།
སྒོ་གསུམ་གཙང་མ་མ་རེད་སོང་ན།།
བཤད་གཡམ་རྒྱལ་བས་ཨེ་ཕན་མི་ཤེས།།
ཁ་ཡི་རྩེད་མོས་གཞན་གྱི་སེམས་དཀྲུགས།།
ལག་གི་རྩེད་མོས་མི་ཡི་གོས་དབྲལ།།
དོན་དུ་མི་ཚེ་རྩེད་མོར་ཤོར་ན།།
མི་ལུས་དོན་ཆེན་ཨེ་བདེན་མི་ཤེས།།
མཆོག་གསུམ་ཐམས་ཅད་སྐྱབས་གནས་ཁས་འཆེས།།
འདུས་བྱས་ཐམས་ཅད་མི་རྟག་པར་སྨྲ།།
རྒྱབ་ལྗོངས་ལུང་དང་རིགས་པ་བྱས་ན།།
སུ་དང་གང་གིས་ཨེ་གནོད་མི་ཤེས།། ༢༠༡༡༞༩༞༢༥